སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་དངུལ་ཁབ་རིག་པའི་ཤེས་རབ་འཕྲུལ་གྱི་གསང་བཞི་བཤད་པ་མྱོངས་པ་རྒན་པོའི་ཅོལ་གཏམ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-19 10:49:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།
གླིང་བ་བྱང་རིག་ཁོ།
     བོད་ཀྱི་གསོ་བ་རིག་པ་ནི་ལུས་ཅན་སྐྱེ་དགུའི་ཚེ་སྲོག་ཡུན་རིང་དུ་གནས་པ་དང་། ན་བ་མྱུར་དུ་གསོ་བའི་ཐབས་མཆོག་ཏུ་གྱུར་བ་ཞིག་ཡིན་པ་དང་། འདས་པའི་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་སྔོན་བྱོན་ལྷ་རྗེ་མཁས་དབང་རིམ་བྱོན་རྣམས་ཀྱིས་འགྲོ་བའི་ལུས་ཕུང་ལ་ཞིབ་འཇུག་བྱས་ཏེ་གསོ་བྱ་ལུས་ཀྱི་གནས་ལུགས་དང་འཕེལ་འགྲིབ་ནད་ཀྱི་མཚན་ཉིད། ལྷག་པར་ཕྱི་ནས་དཔྱད་ཅིང་ནང་ནད་འབྱིན་པར་བྱེད་པའི་མཁྱེན་དཔྱོད་བསམ་གྱིས་མི་ཁྱབ་པས་གནས་ཐམས་ཅད་དུ་རླུང་མཁྲིས་བད་ཀན་གསུམ་གྱི་ཁོག་ཕུབས་ཏེ་རགས་པའི་དབང་དུ་ནད་རིགས་བཞི་བརྒྱ་རྩ་བཞི་དང་ཕྲ་བའི་དབང་དུ་དབྱེ་བ་དཔག་ཏུ་མེད་པ་ལ་གཉེན་པོ་སྟོང་དང་རྩ་གཉིས་ཕྱེ་བ་ལས་འདིར་བོད་ཀྱི་དངུལ་ཁབ་རིག་པས་ཤེས་ཡོན་ཅན་ནམ་ཡོན་ཏན་པ་ལ་འབྱུང་བའི་ནད་རིགས་འགའ་བཅོས་ཐབས་སོགས་བསྙེལ་བྱང་གི་ཚུལ་དུ་བཀོད་པར་བྱའོ།།
     ང་ཚོའི་བཤད་སྲོལ་དུ་མི་ཡོན་ཏན་པ་ལ་གྲིབ་དང་གདོན་གྱི་སྟབས་ཆེ་ཞིང་གཙང་བཙོག་ལ་འཛེམ་དགོས་པའི་བཤད་སྲོལ་ཡོད་པ་རེད། བཤད་ཚུལ་དེ་དང་མཚུངས་པའི་གནས་ཚུལ་ཀྱང་འབྱུང་གིན་ཡོད་པ་རེད། སྤྱིར་ན་མི་ཡོན་ཏན་པ་ནི་སྤྱིར་བཏང་བ་ཞིག་མ་ཡིན་པར་ཤེས་རབ་གྱི་ལྷའི་གྲོགས་དང་ལྡན་ལ་སྦྱངས་སྟོབས་ཀྱི་བརྩོན་འགྲུས་ཆེ་བ། མངོན་ཤེས་དང་བག་ཆགས་ཀྱི་ལས་འཕྲོ་ཡོད་པ་བཅས་རེད། ང་ཚོའི་རང་ངོ་མ་ཤེས་པ་འཁྲུལ་བའི་རྣམ་རྟོག་གིས་ཕན་གནོད་སྒྲོ་བཏགས་བྱས་པ་ལས་བྱུང་བའི་གནོད་བྱེད་མི་མིན་གྱི་གནོད་པ་གཏོང་བའི་སྟེང་གདོན་ལྷ་ཡི་གནོད་པ། བར་གདོན་བཙན་གྱི་གནོད་པ། འོག་གདོན་ཀླུ་ཡི་གནོད་པ་ལས་བྱུང་བར་སྙམ་པའི་ཡིད་མྱོས་ཏེ་དབང་བོ་འཁྲུལ་ནས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བསྒྱུར་བར་བྱེད་མཁན་གཟུགས་མེད་གདོན་བགེགས་ཀྱིས་ད་ལྟའི་སྤྱི་ཚོགས་སུ་མི་རྣམས་དང་ལྷག་པར་ཤེས་རིགས་སྡེ་ཁག་གི་ལས་བྱེད་པ་དང་དགོན་སྡེའི་གྲྭ་བཙུན་པ། སློབ་མ། རིག་གནས་ལ་སློབ་གཉེར་མཁན་མང་ཆེ་བར་ལས་ཚེགས་དང་འཇིག་རྟེན་གྱི་འགྲན་རྩོད་སོགས་ཕྱི་རོལ་ཡུལ་གྱི་ཕོག་ཐུག་གིས་སྙིང་ཁམས་མི་བདེ་བ་སོགས་འབྱུང་གིན་ཡོད་ལ།  དཔེར་ན་མགོ་སྒུར་ནས་དཔེ་ལྟས་བྱས་པས་སྐེ་ཚིགས་ན་བ། ཟས་ཟ་བར་ཆོས་ཉིད་འཆོལ་བས་གློ་ཡུའི་གཉན་ཚད་ལྡང་བ་དང་དབུགས་ཧལ་བའམ་ངར་འཚངས་ལངས་བ། དཔེ་ཐོག་གི་བློས་བསླངས་སྣ་ཚོགས་དང་སེམས་ལ་ཕོག་ཐུག་གིས་ལུས་འདར་ལ་སྐབས་སུ་བརྒྱལ་གཟེར་བྱེད་པ། སེམས་འཚུབ་པ། ཀླད་པའི་ཁྲག་རྒྱུན་འཁོར་རྒྱུགས་ལ་རྐྱེན་ཐེབས་ནས་རྔུལ་ནག་འདོན་པ། སྐྲག་དངངས་བྱེད་པ། དཔེ་ཀློག་ལ་དགའ་བས་སྔ་ལངས་འཕྱི་ཉལ་དང་ལུས་སེམས་ཀྱི་རྩོལ་བཅག་དྲག་པོ་དང་དཔེ་ཐོག་གི་སྣང་བརྙན་སྣ་ཚོགས་ཀྱི་ཟུག་པས་ཀླད་ཆེན་ལ་ཕོག་སྟེ་གཉིད་ཡེར་བ་དང་རྨི་ལམ་འཁྲུགས་པ། གཞན་ཡང་སེམས་ཀྱི་དུང་ཞེན་དང་དགའ་སྐྱོ་ཆགས་སྡང་གི་གནོན་ཤུགས་དྲག་པོས་རྐང་བ་དང་ལག་པ་སྙིང་དང་བྲང་ག་བཅས་ལ་མཉམ་དུ་ཚ་ལངས་པ། རྩིབས་ལོགས་ལ་ན་གཟེར་བྱེད་པ། བརྗེད་ངེས་ཆེ་བ། རྐང་ལག་གི་མཐིལ་བཞི་ལ་ཚ་རྒྱག་པ། ལུས་ངག་གི་སྤྱོད་པ་འགྱུར་བ་བཅས་ནི་ཤེས་ཡོན་ཅན་ལ་འབྱུང་བའི་ནད་གཞི་གཙོ་བོ་རེད། རྒྱུས་ལོན་བྱས་པ་ལྟར་ན་རིག་གནས་སྡེ་ཁག་གི་བརྒྱ་ཆའི་བརྒྱད་ཅུ་ཡན་ལ་སྙིང་ཁམས་ཁྲག་རྩའི་ནད་ཀྱིས་ཉེན་པ་ཤེས་རྟོགས་བྱུང་ཡོད་པ་རེད། གནས་ཚུལ་དེར་བོད་ཀྱི་དངུལ་ཁབ་རིག་གཞུང་ལས། དེ་ལ་ཇི་སྐད་དུ།   <སྟོད་ཀྱི་ཨན་སྟོང་དང་བོ་སྙིང་གསང་དང་། མཁྲིག་མའི་ལྷ་སྒོ་འབྱུང་གདོན་སྐྲོད་པའི་གསང་། ཁྲག་མཚོ་གསང་བཅས་ཤེས་རབ་ཅན་ལ་ཕན།>ཞེས་པ་ལྟར། ཨན་སྟོང་དང་བོ་དང་སྙིང་གསང་། མཁྲིག་མའི་ལྷ་སྒོ་གསང་། ཁྲག་མཚོ་བཅས་ལ་གཙག་ན་ཕན་པ་མངོན་སུམ་དུ་ཐོན་པ་ལག་བླངས་མ་ཡིན་ནོ། །

གསང་གི་ཕན་ནུས་བཤད་པ།
     དེང་འདིར་ཤེས་ཡོན་ཅན་ལ་སྙིང་ཁམས་མི་བདེ་བ་ཅུང་མང་བོ་ཡོད་པ་དང་བདག་གི་སྨན་བཅོས་བྱེད་པའི་བརྒྱུད་རིམས་ཁྲོད་ནད་པ་མང་བོ་ཞིག་གི་ལུས་སྟེང་དུ་གཙག་བཅོས་བྱས་ཤིང་ཕན་ཆེན་པོ་ཐོགས་པས་བསྙེལ་བྱང་གི་ཚུལ་དུ་འདིར་བཀོད་པ་ཡིན། གོང་གསང་དེ་དག་གཙག་ན་ཤེས་ཡོན་ཅན་ལ་ཆེད་དུ་ཕན་ཚུལ་སོགས་ཀྲུང་ནུབ་ལུགས་ཀྱི་དངུལ་ཁབ་རིག་གཞུང་དུ་མ་གསུངས་ཀྱང་དོན་གྱིས་ལག་ལེན་སྐབས་སུ་ཧ་ཅང་ཕན་པ་རེད། སྙིང་ཁམས་ཁྲག་རྩའི་ནད་རིགས་སྤྱི་དང་སྙིང་གི་རྒྱུ་བ་ཞན་པ། ཐུར་སེལ་རླུང་གི་བྱེད་ལས་ཉམས་པ། རྩ་ཚད། ཤ་འགུལ་བ། རྩ་འཁྱིག་པ། བྱ་བ་ལ་འཇུག་མི་འདོད་པར་ཟ་ཟིས་གཡེང་བ། བརྗེད་ངེས་ཆེ་བ། ཁྲོ་ཐུང་བ། ལུས་ཀྱི་ཚུགས་མི་ཐུབ་པ་ཉྭ་འདར་བ། དྲན་ཤེས་ལྕི་འཐིབས་སོགས་རིག་པ་མི་གསལ་བ། སྨྱོ་ལྐུག་གྲིབ་གདོན་དང་ཕ་རོལ་གྱི་བྱད་སྟེམས་སོགས་རྣམ་རྟོག་གི་ནད་རིགས། ལྕེ་དིག་པ་དང་དྲིས་ལེན་མེད་པར་ཧོན་ལོག་པ་ལྟ་བུ། སྤྱོད་པ་ཚབ་ཚུབ་སོགས་རྣམ་འགྱུར་གྱི་ནད་རིགས། མདོར་ན་སྲི་གེགས་བྱད་ཕུར་སོགས་མི་མིན་གྱི་གནོད་པ་མཐའ་དག་ལ་ཕན་ཞིང་གཞན་ཡང་ཤེས་ཡོན་ཅན་དང་བླ་སྤྲུལ་དགེ་བཤེས་ནད་མེད་འགའ་ལ་གདོན་སྐྲོད་དང་གྲིབ་སྲུང་གི་ཚུལ་དུ་གཙག་པས་ཕན་ཆེན་པོ་ཐོག་སོང་བ་དང་ལྷག་པར་མཐོ་སྒང་གི་ཁྱད་ནད། ཁྲག་ཤེད་མཐོ་པོ་ཅན་དང་སེམས་རླུང་ཚབས་ཆེན། ཁྲག་གི་མངར་ཆའི་གར་ཚད་མཐོ་བ་དང་གཤོངས་སའི་ས་བབས་མ་འཕྲོད་པར་ཚ་དུག་སོགས་ས་ཆུའི་ནད་དང་། གཞན་ཡང་པགས་ནད་སྣ་ཚོགས་སོགས་མ་འཕྲོད་རིགས་ལ་རམ་འདེགས་ཕན་སྐྱེད་ཆེན་པོ་ཐོབ་པ་བཅས་ནི་སྨན་བཅོས་ལག་ལེན་ཁྲོད་ཐོབ་པའི་ཕན་འབྲས་ཅུང་མཐོ་ཤོས་སོ། །

གཙག་ཚུལ་བཤད་པ།
     སྤྱིར་ན་གཙག་ཚུལ་ནི་དངུལ་ཁབ་རིག་གཞུང་གི་བླང་བྱ་བཏོན་པ་ལྟར་འཐེན་འཛུགས་གཅུས་སྐོར་གྱི་ལག་རྩལ་འཇོན་པོས་གཙག་དགོས་པ་དང་ཁབ་ཚད་དང་གསང་མིག་སོགས་གཞུང་ལུགས་སུ་གསུངས་པ་ལྟར་དང་གསང་གཙག་པའི་རྟེན་འབྲེལ་དང་གོ་རིམ་ལ་ངེས་པར་དུ་ཆོས་ཉིད་ཡོད་པའི་སྒོ་ནས་ནད་བབས་དང་བསྟུན་ནས་གཙོ་གསང་དང་བསྡེབ་གསང་། གདགས་སྲིབས་ཀྱི་རྩའི་དབྱེ་བ་དང་། ནད་ཚ་གྲང་གི་ཁྱད་པར། གཞུང་རྩ་དྲ་རྣམས་ལུས་ཕྱི་ནང་ལ་རྒྱུ་ཚུལ། རམ་འདེགས་ནུས་སྐྱེད་ཀྱི་གསང་གང་མཁོ་བ་རིག་པའི་འཕྲུལ་དགོས་པ་བཅས་དང་སྐྱབས་འགྲོ་སེམས་སྐྱེད་དང་སྨན་གཟུངས་དང་ཤེས་རབ་སྐྱེད་པའི་སྔགས་སོགས་བཟླས་བརྗོད་བྱེད་པ་བཅས་ནི་ཤེས་རབ་འཕྲུལ་གསང་གི་བླངས་བྱ་གཙོ་བོ་ཡིན་ནོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...