སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཚེ་ཐག་རིང་བར་བྱེད་པའི་རྒྱུ་རྐྱེན་ཆེན་པོ་ལྔ།
རྩོམ་པ་པོ། འཆི་མེད་དཔལ་སྒྲོན་གྱིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-7 10:37:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ཚེ་ཐག་རིང་བར་བྱེད་པའི་རྒྱུ་རྐྱེན་ཆེན་པོ་ལྔ།
དངོས་སྦྱོང་སློབ་མ་འཆི་མེད་དཔལ་སྒྲོན་གྱིས་བསྒྱུར།
     ལུས་ཕུང་བདེ་ཐང་ཡོང་བ་དང་ཚེ་ཐག་རིང་བ་ནི་མིའི་རིགས་ཀྱི་ཐུན་མོང་གི་འཚོལ་སྙེག་ཅིག་རེད། ཉེ་སྔོན་ཨ་རིའི་ཁ་ལི་ཧྥོར་ཉི་ཡ་མངའ་སྡེའི་སློབ་ཆེན་གྱིས་དུས་ཡུན་ལོ15རིང་ཚེ་ཐག་རིང་བའི་རྒན་པ1700ལ་རྗེས་འདེད་ཞིབ་འཇུག་བྱས་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་ཤིང་། ཞིབ་འཇུག་དེ་ལས་མངོན་པ་ལྟར་ན། འཚོ་བའི་གོམས་གཤིས་ཀྱིས་བདེ་ཐང་ལ་ཐེབས་པའི་ཤུགས་རྐྱེན་ནི་རྒྱུད་འདེད་རྒྱུ་རྐྱེན་ལས་ཆེ་བས། འཚོ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་སུ་འཇུག་རྒྱུ་ནི་ཚེ་ཐག་རིང་བར་བྱེད་པའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། ཞིབ་འཇུག་མི་སྣས་ཚེ་ཐག་རིང་བར་བྱེད་པའི་རྒྱུ་རྐྱེན་ལྔ་ཕྱོགས་སྡོམ་བྱས་ཡོད་པ་སྟེ། དེ་དག་ནི་ལུས་པོའི་ཚོ་སྐམ་འོས་འཚམ་ཡིན་པ་དང་། ཉིན་རེར་དུས་ཚོད་གཉིས་རིང་རང་ཉིད་ཀྱི་དགའ་ཕྱོགས་ལ་འཐམས་པ། ཉིན་རེར་ཁོ་ཧྥེ་ཕོར་བ་གཉིས་རེ་འཐུང་བ། ཆང་འོས་འཚམ་འཐུང་བ། ལུས་རྩལ་སྦྱོང་བ་རྒྱུན་འཁྱོངས་བྱེད་པ་བཅས་རེད།
གཅིག ལུས་པོའི་ཚོ་སྐམ་འོས་འཚམ་ཡིན་པ།
     ཁ་དཔེར“ རྒས་དུས་སྐུ་ཤ་སྐམ་པོ་དེ། །རིན་ཆེན་གསེར་གྱིས་ཉོ་ས་མེད། །”ཟེར་མོད། འོན་ཀྱང་ཚན་རིག་ལྟར་ན་རྒན་པ་རྣམས་ཀྱི་ལུས་སྟེང་དུ་ཚིལ་ངེས་ཅན་ཞིག་ལྡན་ན། ད་གཟོད་བདེ་ཐང་ཡོང་བར་ཕན་པ་བདེན་དཔང་བྱས་ཡོད། ཁ་ལི་ཧྥོར་ཉི་ཡ་མངའ་སྡེའི་སློབ་ཆེན་གྱི་ཞིབ་འཇུག་ལས་མངོན་པ་ལྟར་ན། ལོ་གཞོན་གྱི་སྐབས་སུ་ལུས་པོར་ཚོ་ཅུང་ཙམ་རྒྱས་ཏེ་ཚོ་དྲགས་པའི་ཚད་དུ་མ་སླེབས་པ་ཡིན་ན། ཤི་སྔ་བའི་ཚད3%གྱིས་ཇེ་དམའ་རུ་འགྲོ་བ་དང་། ཁ་ལི་ཧྥོར་ཉི་ཡ་མངའ་སྡེའི་སློབ་ཆེན་དབང་རྩ་རིག་པ་ཝ་ཁེ་ལོ་ཏི་ཡ•ཁ་ཝ་སི་ཡིས་ཀྱང་ལོ་ན་གཞོན་དུས་ལུས་པོ་སྐམ་ན་བདེ་ཐང་ཡིན་མོད། འོན་ཀྱང་ལོ་ན་རྒས་དུས་ལུས་པོ་སྐམ་དྲགས་པ་ནི་བཟང་རྟགས་ཤིག་མ་རེད་ཟེར།
     མིའི་ལུས་སྟེང་དུ་ནུས་ཚད་ངེས་ཅན་ཞིག་གསོག་འཇོག་བྱས་ན་ད་གཟོད་གྲང་ངར་བཟོད་ཐུབ་ལ། ནད་འགོག་ནུས་པའང་ཇེ་མཐོར་འགྲོ་བར་མ་ཟད། ནད་ལྕི་མོ་ཕོག་སྐབས་གསོ་བཅོས་བྱེད་སླ་བ་རེད།གལ་ཏེ་མི་དར་མ་དང་རྒན་པའི་ལུས་པོ་སྐམ་དྲགས་ཏེ་ལུས་སྟེང་དུ་ཚིལ་ཅུང་ཙམ་ཡང་མེད་ན། རྙིང་ཚབ་གསར་བརྗེ་བྱེད་ཚད་ཇེ་དལ་དུ་འགྲོ་བ་དང་ནད་འགོག་ནུས་ཤུགས་ཀྱང་ཇེ་དམའ་རུ་འགྲོ་ངེས་ཡིན་ལ།བཀྲེས་སྐོམ་དང་ངལ་དུབ་སོགས་ལ་བཟོད་ཤུགས་མེད་པ་དང་། ཐ་ན་རུས་སོབ་སོགས་ཀྱི་ནད་རིགས་རྣམ་པ་སྣ་ཚོགས་བསླང་སྲིད། བུད་མེད་ཀྱི་ལུས་སྟེང་གི་ཚིལ་གྱིས་མོ་གཤིས་སྐུལ་རྒྱུའི་ཆུ་ཚད་རྒྱུན་འཁྱོངས་དང་གསང་རྒྱུད་ཟགས་ཐོན་སྙོམ་སྒྲིག་བྱེད་པར་ཕན་པ་ཡོད། ལུས་པོ་སྐམ་དྲགས་པའི་བུད་མེད་ཀྱི་མོ་གཤིས་སྐུལ་རྒྱུའི་ཆུ་ཚད་སྤྱིར་བཏང་གིས་ཅུང་དམའ་བས་ཟླ་མཚན་འཁྲུག་པ་དང་ཟླ་མཚན་འགག་པ། མངལ་མི་སྦྲུམ་པ་སོགས་ཀྱི་གནད་དོན་མང་པོ་འབྱུང་སྲིད།
     ལུས་པོ་སྐམ་དྲགས་པའི་མི་རྣམས་ཀྱིས་ཟས་རིགས་ཀྱི་སྣ་ཁ་ཇེ་མང་དུ་བཏང་ནས། སྤྲི་དཀར་རིགས་ཏེ་དཔེར་ན་ཉ་ཤ་དང་ལུག་ཤ་སོགས་བཟའ་དགོས་པར་མ་ཟད་སིལ་ཏོག་མང་དུ་བཟའ་དགོས།
གཉིས། ཉིན་རེར་དུས་ཚོད་གཉིས་རིང་རང་ཉིད་ཀྱི་དགའ་ཕྱོགས་ལ་འཐམས་པ།
     ཞིབ་འཇུག་དེ་ལས་མངོན་པ་ལྟར་ན། ཉིན་རེར་དུས་ཚོད་གཉིས་རིང་རང་ཉིད་ཀྱི་དགའ་ཕྱོགས་ལ་འཐམས་ན། ཤི་སྔ་བའི་ཉེན་ཁ21%གིས་ཇེ་དམའ་རུ་འགྲོ་བ་རེད། ཨ་རིའི་ཁོ་ལོམ་པི་ཡ་སློབ་ཆེན་གྱིས་དུས་ཡུན་ལོ14རིང་མི6000ལྷག་ལ་ཞིབ་འཇུག་བྱས་པ་ལས་ཤེས་པ་ལྟར་ན། འཚོ་བའི་ཁྲོད་དམིགས་འབེན་ཡོད་པ་དང་རང་ཉིད་ཀྱི་དགའ་ཕྱོགས་ཡོད་པའི་མིའི་ཤི་ཚད་ཉི་མ་འཁྱོལ་ཐབས་བྱེད་མཁན་རྣམས་ལས་15%ཡིས་དམའ་བ་རེད།
     མི་རྣམས་ཀྱིས་རང་ཉིད་སྤྲོ་བ་ཡོད་པའི་བྱ་བ་སྒྲུབ་པའི་སྐབས་སུ་ཀླད་ཆེན་གྱི་ཁམ་སྙིང་ལ་ཕོག་ཐུག་བཏང་སྟེ། དོ་ཕ་ཨེན(多巴胺)མང་པོ་ཟགས་ཐོན་བྱེད་ཐུབ་པས།མི་ལ་ངར་ཤུགས་དང་སྤྲོ་སྣང་སྦྱིན་ཐུབ་པ་དང་། སེམས་ཁམས་སྟེང་དྲང་ཕྱོགས་ཀྱི་སྐུལ་སློང་ཐེབས་ཐུབ།དེ་ནི་དགའ་རོགས་བསྒྲིག་པའམ་ཡང་ན་ལུས་སྦྱོང་བྱེད་པ་དང་འདྲ་བར་མི་རྣམས་ལ་སྐྱིད་སྣང་སྨྲ་མི་ཤེས་པ་ཞིག་སྟེར་ཐུབ་པ་རེད། ལྷིང་འཇགས་ལ་དགའ་བའི་རྒན་པ་རྣམས་ཀྱིས་ཀྱང་ཁོམ་དུས་མིག་མངས་རྩེད་པ་དང་ཡང་ན་ཡིག་གཟུགས་སྦྱོང་བ་སོགས་བྱེད་དགོས། རྒྱུན་དུ་རང་ཉིད་ཀྱི་དགའ་ཕྱོགས་རྒྱུན་འཁྱོངས་བྱེད་མཁན་གྱི་མིའི་ཀླད་པར་གསོན་ཤུགས་རྒྱས་ཡོད་པས། རྒན་པའི་གླེན་ནད་མི་འབྱུང་བར་མ་ཟད་སེམས་ཁམས་ནམ་ཡང་སྐྱིད་པོ་ཡོང་ཐུབ་པས་ཚེ་ཐག་རིང་བར་ཕན་པ་ཆེན་པོ་ཡོད།
གསུམ། ཉིན་ལྟར་ཁོ་ཧྥེ་ཕོར་བ་གཉིས་རེ་འཐུང་བ།
     དེང་སྐབས་མི་མང་པོ་ཞིག་ནངས་སྔ་མོར་ཁོ་ཧྥེ་ཕོར་པ་གང་འཐུང་ཞོར་ཉིན་གཅིག་གི་ལས་ཀའི་མགོ་རྩོམ་རྒྱུར་དགའ་པོ་ཡོད། ཁ་ལི་ཧྥོར་ཉི་ཡ་མངའ་སྡེའི་སློབ་ཆེན་གྱི་ཞིབ་འཇུག་ཞིག་ལས་མངོན་པ་ལྟར་ན། ཉིན་རེར་ཁོ་ཧྥེ་ཕོར་པ་གཉིས་རེ་བཏུངས་ན་ཤི་སྔ་བའི་ཉེན་ཁ10%ཡིས་ཇེ་དམའ་རུ་འགྲོ་བ་དང་། དེ་ལས་གཞན་ད་རུང་ཞིབ་འཇུག་མང་པོ་ལས་ར་སྤྲོད་བྱུང་བ་ལྟར་ན། ཁོ་ཧྥེ་ཡིས་རྒྱུ་མས་རྒུན་འབྲུམ་ཧྭགས་སྡུད་ལེན་བྱེད་པའི་ཚད་ཇེ་ཉུང་དུ་གཏོང་བ་དང་གཅིན་སྙི་ཟ་ཁུའི་ནད་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། རྒྱུན་དུ་ཁོ་ཧྥེ་བཏུངས་ན་ད་དུང་བུད་མེད་ཀྱི་བསམ་བསེའུ་འབྲས་སྐྲན་འགོག་ཐུབ་ལ། རྒན་པའི་རིག་སྟོབས་ཉམས་པའང་སྔོན་འགོག་བྱེད་ཐུབ། ཁོ་ཧྥེ་ལ་ད་རུང་ཟས་འཇུ་བར་རོགས་རམ་དང་བཤང་འགག་པ་སྔོན་འགོག་བྱེད་པའི་ནུས་པ་ལྡན། ཨ་རིའི《ནད་ཐོག་ཕོ་རྒྱུ་རིག་པ་དང་མཆིན་ནད་རིག་པ》ཡི་དུས་དེབ་སྟེང་བཀོད་པའི་ཞིབ་འཇུག་ལྟར་ན། རྒྱུན་དུ་ཁོ་ཧྥེ་བཏུངས་ན་མཆིན་པའི་ཕྲ་ཕུང་སླར་གསོ་བྱེད་ཐུབ་པས། གདོད་འབྱུང་མཆིན་པའི་འབྲས་སྐྲན་ཕོག་པའི་ཉེན་ཁ40%ཡིས་ཇེ་དམའ་རུ་གཏོང་ཐུབ།
བཞི། ཆང་འོས་འཚམ་འཐུང་བ།
     ཞིབ་འཇུག་ལས་ད་དུང་ཤེས་པ་ལྟར་ན། ཉིན་རེར་སྦི་རག་གམ་ཡང་ན་རྒུན་ཆང་ཕོར་པ་གཉིས་རེ་བཏུངས་ན་ཤི་སྔ་བའི་ཚད་སྤྱིར་བཏང་གི་མི་ལས18%ཡིས་དམའ་བ་རེད། རྒུན་ཆང་ཁྲོད་ཀྱི་རྒུན་ཆང་ཏའོ་ཧྥེན(多酚)ནི་རྒས་པ་འགོག་པའི་རྫས་ཡིན་པས་ཁྲག་རྒྱུན་གར་པོར་འགྱུར་ཚད་ཇེ་དལ་དུ་བཏང་ནས།ཁྲག་འཁོར་རྒྱུག་ཡོང་བར་རམ་འདེགས་བྱེད་ཐུབ་ལ། སྦི་རག་ནང་གི་ཐོང་སེར་རིགས(黄酮类)དངོས་རྫས་ཀྱིས་ཙོག་ཡུན་རིང་བའི་དབང་གིས་ཤ་གནད་ཀྱི་སྟོབས་ཤུགས་ཉམས་པ་སེལ་ཐུབ་པ་དང་། སྦི་རག་གི་ལྦུ་བའི་ནང་དུ་ད་རུང་དབྱང་འགྱུར་འགོག་པའི་དངོས་རྫས་ཡོད་པས་སྙིང་ནད་སློང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། ཆང་དཀར་གྱི་ནང་དུ་ཆང་བཅུད་འདུས་ཚད་ཅུང་མཐོ་བས་ཕོ་རྩི་ལ་ཕོག་ཐུག་གཏོང་བ་དང་མཆིན་པའི་ཁུར་པོ་ཇེ་ལྗིད་དུ་བཏང་བས། ཕོ་བ་སྨུག་པོའི་ནད་དང་མཆིན་པའི་གཅོང་ནད་ཡོད་མཁན་གྱིས་མ་བཏུངས་ན་བཟང་།
     ཆང་འོས་འཚམ་སྒོས་བཏུངས་ན་བདེ་ཐང་ལ་ཕན་མོད། འོན་ཀྱང་ཚད་ལས་བརྒལ་ན་སྙིང་ནད་དང་གྲིབ་ནད། ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་ཕོག་པའི་ཉེན་ཁ་ཆེ་བས། ཉིན་རེར་རྒུན་ཆང་འཐུང་བའི་ཚད་སྲང་དོ་ལས་མི་བརྒལ་བ་དང་། ཆང་དཀར་པོ་འཐུང་བའི་ཚད་སྲང་གང་ལས་མི་བརྒལ་བ། སྦི་རག་ཉིན་ལྟར་ཆེས་མང་ཡང་རྒྱ་མ་གང་ལས་མི་བརྒལ་བ་བྱེད་དགོས།
ལྔ། ལུས་རྩལ་སྦྱོང་བ་རྒྱུན་འཁྱོངས་བྱེད་པ།
     རྒྱུན་དུ་ལུས་སྦྱོང་བྱས་ན་ཚེ་སྲོག་གི་སྤུས་ཀ་ཇེ་མཐོར་སོང་སྟེ། ཚེ་ཐག་རིང་བ་དང་ནད་མེད་པ། འཆི་ཁར་སྡུག་བསྔལ་མེད་པ་བཅས་ཡོང་ཐུབ། རྒྱུན་དུ་ལུས་སྦྱོང་བྱས་ན་རྒན་པའི་རིག་སྟོབས་དང་ལུས་སྟོབས། སྤྱི་ཚོགས་འབྲེལ་འདྲིས་སོགས་ཀྱི་ཕྱོགས་གང་ཐད་ལ་ཕན་པ་མི་ཉུང་བ་ཡོད་མོད། འོན་ཀྱང་མཉམ་འཇོག་དགོས་པ་ཞིག་ནི། གཅིག་ནས་རྒན་པ་རྣམས་ཀྱིས་ལུས་སྦྱོང་བྱེད་པའི་སྐབས་སུ་རང་ཉིད་ཀྱི་ལུས་ཕུང་དང་འཚམ་པའི་ལུས་སྦྱོང་གི་རིགས་གདམ་གསེས་བྱེད་དགོས་པ་དང་། གཉིས་ནས་ལུས་སྦྱོང་བྱེད་པའི་ཚད་ལ་ཚོད་འཛིན་བྱེད་པ་ལས།རྐང་ལག་སོགས་ན་སྟེ་རྒྱུན་ལྡན་གྱི་འཚོ་བར་གནོད་འཚེ་ཐེབས་སུ་འཇུག་མི་རུང་། གསུམ་ནས་ལུས་པོའི་ལྕོགས་ཚོད་ཀྱིས་ལུས་སྦྱོང་བྱེད་པ་དང་རྒྱུན་འཁྱོངས་བྱེད་རྒྱུ་གལ་ཆེན་ཡིན།རྒན་པ་རྣམས་ཀྱིས་ཉི་མ་རེ་རེར་ལུས་སྦྱོང་བྱེད་མི་ཐུབ་ན། ཉིན་གཉིས་གསུམ་རེའི་ནང་དུ་ལུས་སྦྱོང་ཐེངས་གཅིག་བྱས་པས་ཀྱང་ཆོག་གོ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...