སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཐུམ་འབུའི་ནད་ཀྱི་རྒྱུན་ཤེས་ངོ་སྤྲོད།
རྩོམ་པ་པོ། ལྷ་དཔལ་སྐྱབས་ཀྱིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-28 9:59:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
ལེའུ་དང་པོ། ཐུམ་འབུའི་ནད་ལ་རྒྱུས་ལོན་བྱེད་པ།
གཅིག  ཐུམ་འབུའི་ནད་ངོ་སྤྲོད།
     ཐུམ་འབུའི་ནད་ལ་སྲིན་སྐྲན་ཡང་ཟེར། དེ་ནི་མིར་ཚིའུ་ཆིའུ་རྒྱུ་སྲིན་ལེབ་མོའི་སྒོང་འབུས་ནད་བསྒོས་ནས་བྱུང་བའི་སྲིན་འབུའི་ནད་རིགས་ཤིག་ཡིན། ནད་འདི་ནི་མིའི་ལུས་སྟེང་གི་ཐུམ་འབུའི་ཤ་སྐྲན་གྱི་གནས་ཚུལ་དང་ཆེ་ཆུང་། གྲངས་ཀ རང་བཞིན་དང་ནད་གཞི་མི་འདྲ་བའི་དབང་གིས་ནད་རྟགས་ཀྱང་མི་འདྲ་བ་ཡོད།  རང་རྒྱལ་གྱི་ཐུམ་འབུའི་ནད་ལ་ཤ་སྐྲན་དང་ཆུ་སྐྲན་རྣམ་པ་གཉིས་ཡོད། དེ་དག་རེ་རེ་ནི་ཕྲ་སྲིན་རྒྱུ་འབུ་ལེབ་མོའི་འབུ་ཕྲུག་དང་སྣ་མང་རྒྱུ་སྲིན་ལེབ་མོའི་འབུ་ཕྲུག་མིའི་དབང་བོར་གནས་བཅའ་བྱས་པ་ལས་བསྒོས་པའིི་ནད་རིགས་ཤིག་ཡིན། ཐུམ་རིགས་ཐུམ་འབུའི་ནད་ནི་འཛམ་གླིང་གི་གནས་གང་སར་ཁྱབ་ཡོད་ལ་ཕྱུགས་ལས་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ས་ཆར་ཁྱབ་འཕེལ་ཆེ། རང་རྒྱལ་གྱི་ཐུམ་འབུའི་ནད་ཚབས་ཆེ་བའི་ས་ཆ་ནི་ས་བབ་མཐོ་ལ་གྲང་ངར་ཆེ་བ། ཆར་བའི་འབབ་ཚད་ཉུང་བའི་ཕྱུགས་ལས་ཁུལ་ཏེ་ཤིན་ཅང་དང་མཚོ་སྔོན། ཀན་སུའུ། ཉིན་ཞྭ། བོད་ལྗོངས། ནང་སོག ཧྲན་ཞི། ཧོ་པེ། ཧྲན་ཞི་དང་ཟི་ཁྲོན་བྱང་རྒྱུད་སོགས་སུ་ཅུང་ཚབས་ཆེ།
གཉིས། ཐུམ་འབུའི་འབུ་སྲིན་གྱི་ཁྱད་ཆོས།
     ཐུམ་འབུའི་འབུ་སྲིན་གྱི་ཁ་དོག་དམར་སྐྱ་དང་། རིང་ཚད་ལ་ལི་སྨི༡༠ནས་ལི་སྨི༥༠བར་ཡོད། ནར་སོན་རྗེས་ལུས་པོའི་རིང་ཚད་ཧའོ་སྨི༧ཙམ་གྱིས་ཇེ་རིང་དང་ཞེང་ཧའོ་སྨི༢ནས3གྱིས་ཇེ་ཆེར་འགྲོ། འབུ་སྒོང་སྒོར་དབྱིབས་དང་ཕྱིའི་རྣམ་པ་ནི་རྡོ་ཀུབ་ཀྱི་འབྲུ་གུ་དང་འདྲ། འབུ་སྒོང་ནར་སོན་པའིི་དུས་ཚིགས་ཏུ་ཕོ་མོའི་སྐྱེ་འཕེལ་དབང་བོ་གཉིས་ལྡན་ལ། སྐྱེ་འཕེལ་དབང་བོ་ཁ་ཕུང་བོའི་གཞོགས་གཉིས་ཀའི་དཀྱིལ་དུ་ཡོད།
གསུམ། ཐུམ་འབུའི་ནད་འགོ་སླ་བའི་ཁྱད་ཆོས།
     ༡ རང་བྱུང་འགོ་ཁུངས་རང་བཞིན། རང་རྒྱལ་གྱི་ཐུམ་འབུའི་ནད་འགོ་ཁྱབ་བྱེད་པའི་ཁྱད་ཆོས་ནི་ནུབ་ནས་ཤར་དུ་འགོ་ཁྱབ་ཀྱི་ཚད་ཅུང་ཞན་པའི་ཚུལ་ཡིན། ནུབ་རྒྱུད་ས་ཆ་ནི་མཐའ་ཡས་པའི་གྲང་ངར་ཆེ་བའི་རྩྭ་ཐང་ཡིན་ལ། ཐན་པ་ཆེ་བ་དང་ཆར་ཆུ་ཉུང་བའི་ས་ཁུལ་ཡང་ཡིན་སྟབས། གནས་འདིའི་མི་རྣམས་ཀྱིས་ཕྱུགས་ལས་ཀྱི་ཐོན་རྫས་གཙོ་གཉེར་བྱེད་པའི་འཚོ་བའི་རྣམ་པ་ཞིག་ཆགས་ཡོད། དེའི་ཕྱིར་སྲོག་ཆགས་སྣ་མིན་ཀྱི་རིགས་མོད་ཅིང་ཕན་ཚུན་དབར་འབྲེལ་འདྲིས་རྒྱུགས་ཆེ་ཞིང་ཟས་སུ་བསྟེན་པའི་སྲོལ་ཡོད་པས་ཐུམ་འབུའི་ནད་དེ་སྒོ་ཕྱུགས་དང་མིའི་བར་འགོ་པར་ཆ་རྐྱེན་བསྐྲུན་ཡོད།
༢ སྒོ་ཁྱི་དང་ཞི་ལའི་རིགས། ཚིའུ་ཆིའུ་རྒྱུ་སྲིན་གྱི་གནས་དང་ཚང་ལྟ་བུའི་འགོས་ཁྱབ་འགོ་ཁུངས་ནི་སྒོ་ཁྱི་དང་ཞི་ལའི་རིགས་ཡིན། ཚིའུ་ཆིའུ་རྒྱུ་སྲིན་དེ་ཚོ་རྒྱུ་ནག་ནང་སྐྱེ་འཕེལ་བྱུང་ཞིང་། འབུ་སྒོང་ཁྱིའི་རྟུག་པ་དང་ལྷན་དུ་ཕྱིར་ཕུད་ནས་ཆུ་འགོ་དང་ཞིང་ས། རྩྭ་ས། ཟོག་ཁང་དང་གཟན་རྩྭ། མི་དང་སྒོ་ཕྱུགས་བཅས་འོ་འཐུང་སྲོག་ཆགས་ཆུང་ངུས་འབུ་སྒོང་དེའི་རིགས་ཟས་སུ་ཟོས་པ་ལས་འགོ་ཁྱབ་བྱུང་བ་ཡིན། ལྷག་པར་དུ་མཚོ་བོད་མཐོ་སྒང་དུ་སྒོ་ཁྱི་ནི་འབྲོག་པ་མང་ཚོགས་ལ་མཚོན་ན་འཚོ་བའི་ཁྲོད་ཀྱི་ཐོན་སྐྱེད་རྒྱུ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། གྲངས་འབོར་ཡང་ཧ་ཅང་མང་། དེའི་ཁར་་བོད་པ་མང་ཚོགས་ནང་ཆོས་ལ་དད་ཅིང་སྲོག་གཅོད་པར་མི་བྱེད་པས་གང་སར་ཁྱི་སྡོམ་གྱིས་བཀང་ཡོད། ཁྱི་སྡོམ་དེ་དག་ནི་ཐུམ་འབུའི་ནད་བསྒོ་པའི་འགོ་ཁུངས་གཙོ་བོར་གྱུར་ཡོད།
     ༣.འབུ་སྒོང་ནི་བར་མའི་གནས་ཚང་པ། ཚིའུ་ཆིའུ་འབུ་སྲིན་གྱི་འབུ་སྒོང་ནི་ཕྱིའི་ཁོར་ཡུག་དུ་འཚོ་བའི་ནུས་པ་ཧ་ཅང་ཆེ་ཞིང་སྒོ་ཁྱིའི་རིགས་ཀྱི་རྟུག་པ་ལས་ཕྱིར་ཕུད་པའི་འབུ་སྒོང་དེ། ཁྱིའམ་མིའིི་རིགས་འགུལ་སྤྱོད་ཁྲོད་དང་ཡང་ན། རང་བྱུང་གི་རླུང་དང་ས་ཆུས་མི་དང་སྒོ་ཕྱུགས་ཡང་ན་སྲོག་ཆགས་ཆུང་ངུའི་འཚོ་སྡོད་བྱེད་སའི་གནས་སུ་སྟོར་བའི་གླགས་མཆིས་ཤིང་། ལྟོས་བཅས་སྒོས་བཤད་ན་མི་དང་སྲོག་ཆགས་ལ་ནད་བསྒོ་བའི་རྐྱེན་ཅུང་མཐོ་བ་ཡིན།
     ༤.སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག རང་རྒྱལ་གྱི་ནུབ་བྱང་ས་ཁུལ་དུ་ཕྱུགས་ཟོག་འཚོ་སྐྱོང་ཚད་ལས་བརྒལ་ཅིང་། རྩྭ་ཐང་དུ་ཕྱུགས་རིགས་མང་དྲག་རྐྱེན་རྩྭ་ས་ཉམས་ནས་བྱེ་ཐང་ཅན་དུ་འགྱུར་བར་བྱས། འདི་ལྟའིི་སྐྱེ་ཁམས་ཁོར་ཡུག་ཁྲོད་འོ་འཐུང་སྲོག་ཆགས་ཇེ་མང་དུ་སོང་བས་ཐུམ་འབུའི་ནད་བསྒོ་ཚད་ཆེ་རུ་ཕྱིན།
     ༥.མིའི་རིགས་ཀྱི་ཐོན་སྐྱེད་བྱ་འགུལ། རི་དྭགས་རྔོན་པ་དང་རི་སྐྱེས་སྲོག་ཆགས་ཀྱི་པགས་པ་ཁྲིམས་འགལ་གྱིས་སྐྱེལ་འདྲེན་ལས་སྣོན་དང་། ཉོ་ཚོང་བྱེད་པ་ནི་ཐུམ་འབུའི་ནད་འགོས་ཁྱབ་ཀྱི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། མཚོ་བོད་མཐོ་སྒང་གི་རྒྱ་ཆེ་བའི་ས་ཁུལ་དུ་འབྲོག་པས་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་ཏེ་ཕྱུགས་ལས་གཙོ་གཉེར་བྱེད་ཅིང་དུས་ཚིགས་དང་བསྟུན་ནས་རུ་སྤོར་ལ། ཕྱུགས་ཟོག་ཤི་བ་གང་འདོད་དུ་གཡུག་པས་ཕྱུགས་རིགས་ལ་འབུ་སྒོང་བསྒོ་བ་དང་སྲིན་འབུའི་རིགས་ལ་སྐྱེ་འཕེལ་གྱི་གོ་སྐབས་སྤྲད་པ་རེད། དེའི་མཚུངས་སུ་འབྲོག་ཁུལ་དུ་རང་ཁྱིམ་གྱི་བཤས་ཟོག་ལ་ཐུམ་འབུའི་ནད་ཡོད་ན་ནང་ཁྲོལ་དེ་གང་འདོད་དུ་བསྐྱུར་ནས་ཁྱི་དང་ཞི་ལ་སོགས་ལ་སྟེར་ཞིང་། རི་སྐྱེས་གཅན་གཟན་གྱིས་ནང་ཁྲོལ་དེ་དག་བཟས་ན་འབུ་སྲིན་ཡང་ནས་བསྐྱར་དུ་བསྒོ་བ་ཡིན། མིའི་རིགས་འཁོར་རྒྱུག་དང་ཉོ་ཚོང་གི་འབྲེལ་བ་ནི་ཐུམ་འབུའི་ནད་འགོ་ཁྱབ་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད།
     ༦.ཐུམ་འབུའི་ནད་སྔོན་འགོག་གི་རྒྱུན་ཤེས་མེད་པ། མིག་སྔར་རང་རྒྱལ་གྱི་ཐུམ་འབུའི་ནད་འགོ་ཁྱབ་བྱེད་བཞིན་པའི་ས་གནས་གཙོ་བོ་ནི་དཔལ་འབྱོར་རྗེས་ལུས་ས་ཆ་དང་ནུབ་དབུས་རྒྱུད་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་ཡིན། ས་ཁུལ་འདི་དག་ཏུ་དཔལ་འབྱོར་རྗེས་ལུས་ཡིན་ལ་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་ཆུ་ཚད་ཞན་པ། དེའི་མི་ཚད་ས་ཐག་རིང་ཞིང་ཐུམ་འབུའི་ནད་སྔོན་འགོག་གི་ཤེས་བྱ་དྲིལ་སྒྲོག་བྱས་པ་ཁྱབ་རྒྱ་མི་ཆེ་བ་བཅས་ནི་ཐུམ་འབུའི་ནད་འགོ་སླ་ཞིང་རྒྱུགས་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།
བཞི། ཐུམ་འབུའི་ནད་འབྱུང་བའི་ས་ཁུལ།
     ༡ ཐུམ་འབུའི་ནད་རྒྱུགས་ཆེ་བའི་རྒྱལ་ཁབ་ཏེ་ཡ་གླིང་ཤར་མའི་མོང་གོལ་རྒྱལ་ཁབ་དང་ཡ་གླིང་དབུས་མའི་ཐུར་ཁེ། སི་རི་ཡ། དབྱི་རག ཐོའོ་ཁོའོ་མན་སི་ཏན། ལེའེ་པ་ནན་སོགས་སུ་འགོས་ཁྱབ་བྱེད་བཞིན་ཡོད་ལ། མེ་གླིང་ལྷོ་མའི་ཨ་ཀེན་ཐིན། ཀྲི་ལི། པར་ཙིེར། རྒྱ་མཚོ་ཆེན་པོ་གླིང་གི་ཨོ་སི་ཁྲུ་ལི་ཡ་དང་ཧྥེ་གླིང་གི་རྒྱལ་ཁབ་དག་ཏུ་འགོ་ཁྱབ་བྱེད་པ་ཚབས་ཆེན་རེད།
     ༢ རང་རྒྱལ་ནི་ཐུམ་འབུའི་ནད་འགོས་ཁྱབ་བྱེད་པ་ཚབས་ཧ་ཅང་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ལ་ནུབ་རྒྱུད་དང་བྱང་རྒྱུད་ཀྱི་ཞིང་ཕྱུགས་ལས་ས་ཁུལ་དུ་འགོ་ཁྱབ་བྱེད་པ་གཙོ་ཆེ་ལ། དེའི་ནང་བོད་ལྗོངས། ཤིན་ཅང་། ཟི་ཁྲོན། ཀན་སུའུ། མཚོ་སྔོན། ཉིན་ཞྭ། ནང་སོག་དང་ཡོན་ནན་བཅས་སུ་ཚབས་ཆེ་བ།
ལྔ། ཐུམ་འབུའི་ནད་བསྒོ་བའི་ཚུལ།
     ཁྱི་ནི་ཐུམ་འབུའི་ནད་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་ལ། ཁྱིའི་རྒྱུ་ནག་ནང་དུ་ཉི་ཟེར་གྱི་ཉག་མ་ཙམ་གྱི་ཚིའུ་ཆིའུ་རྒྱུ་སྲིན་ལེབ་མོའི་ཕྲུ་གུའི་གནས་བཅའ་ལ། སྐྱེ་འཕེལ་གྲངས་འབོར་ནི་བཅུ་ཁ་ནས་ཁྲི་ཕྲག་ལྷག་ཡོད། སྲིན་འབུ་འདི་དག་སྐྱེས་འཕེལ་བྱུང་རྗེས་ཁྱིའི་གཅིན་རྟུག་དང་མཉམ་དུ་འབུ་སྒོང་མང་པོ་ཕྱིར་ཕུད་ནས་རྩྭ་ས་དང་། ཆུ་འགོ སྒོ་ཁྱིའི་གར་བསྡད་གནས་ཡོངས་སུ་བསྒོས་པར་བྱས། མིས་སྦགས་བཙོག་ཐེབས་པའི་ཡུལ་དངོས་ཀྱི་ཟ་མའམ་ཆུ་ཡང་ན། ལུག་གིས་གཟན་རྩྭ་ཟ་དུས་རྩའི་ཐོག་ཏུ་བསྒོས་པའི་འབུ་སྒོང་ངམ་ཆུ་མགོ་སོགས་རེག་ཡོད་པའི་ཆུ་བཏུང་སྟེ་མི་ཕྱུགས་ཀྱི་དོན་ལྔའི་ནང་འབུ་སྒོང་གི་གནས་བཅས་ཏེ་རིམ་གྱིས་འཚར་ལོངས་བྱུང་ནས་ཐུམ་འབུའི་ཤ་སྐྲན་ཆགས་པ་རེད། སྐྲན་གྱི་ནང་གི་གྲངས་ལས་འདས་པའི་འབུ་སྲིན་དག་ལ་འབུ་ཕྲུག་བསྐྱེད་མཁན་ཟེར་ཞིང་། འབུ་སྐྲན་འདི་དག་ཁྱིས་ཟོས་རྗེས་སུ་འབུ་ཕྲུག་རེ་རེའི་ནི་ཁྱིའི་རྒྱུ་མའི་ནང་ནར་སོན་ནས་སྲིན་འབུ་ཞིག་ཏུ་ཆགས་ཡོང་ལ། ཡང་བསྐྱར་འབུ་སྒོང་མང་པོ་བསྐྱེད་སྲིད། དེ་ལྟར་ཡང་ནས་བསྐྱར་ཏུ་སྤེལ་བའི་ཐུམ་འབུའི་ནད་བསྒོ་སླ་བ་དང་ཁྱབ་གདལ་དུ་སོང་བ་ཡིན།
དྲུག མི་ལ་ཐུམ་འབུའི་ནད་ཇི་ལྟར་འགོ་པ་ཡིན།
     མི་ལ་ཐུམ་འབུའི་ནད་འགོ་བའི་རྒྱུ་རྐྱེན་གཙོ་བོ་ནི་ཚིའི་ཆིའུ་རྒྱུ་སྲིན་ལེབ་མོ་ཡོད་པའི་འབུ་སྒོང་ཟོས་པ་ལས། ནོར་ལུག་གི་ནང་ཁྲོལ་ནང་ཐུམ་འབུའི་ཤ་སྐྲན་ཡོད་པ་ཟོས་པས་འགོས་པ་མིན།  མིས་ཁྱི་གུར་རྩེད་མོ་རྩེ་དུས་དང་ཁྱི་རྟུག་གིས་སྦགས་བཙོག་ཐེབས་པའི་ཆུ་དང་ཟས་རིགས་བསྟེན་རྗེས། འབུ་སྲིན་རྣམས་རྒྱུ་མའི་ནང་གི་རྒྱུ་ཤུན་ངོས་ཀྱི་འཇུ་བྱེད་ནུས་པར་བསྟེན་ནས་འབུ་སྒོང་དག་རྒྱུ་མའི་ཁྲག་རྩ་ཕྲ་མོའམ་རྨེན་བུའི་ནང་འཛུལ་ཏེ། ཁྲག་གི་འཁོར་རྒྱུག་དང་བསྟུན་ནས་རིམ་གྱིས་ཕུང་བོའི་དོན་ལྔའི་ནང་བསྟེན་སའི་ཚང་བཅོས་པ་ཡིན། དེ་དང་བསྟུན་ནས་འབུ་སྒོང་གི་ཕྲུ་གུ་ནར་སོན་ནས་ཤ་སྐྲན་ཆགས་ཤིང་ཇེ་ཆེར་གྱུར་ཅིང་མང་ཆེ་བ་མིའི་མཆིན་པ་དང་གློ་བར་གནས།
བདུན་པ། ཁྱི་ལ་ཚིའུ་ཆིའུ་རྒྱུ་སྲིན་ལེབ་མོ་ཇི་ལྟར་འགོ་པ་ཡིན།
     མིས་ཐུམ་འབུའི་ཤ་སྐྲན་ཡོད་པའི་ནོར་ལུག་གི་ནང་ཁྲོལ་ཁྱི་ལ་སྟེར་བའམ། ཁྱིས་ཁ་ཟས་འཚོལ་དུས་ཤི་ཟོག་དང་ནད་བསྒོས་པའི་ནང་ཁྲོལ་ཟོས་རྗེས་ཐུམ་འབུའི་ཤ་སྐྲན་ཁྲོད་ཀྱི་བསྐྱེད་བྱེད་འབུ་སྲིན་ཁྱིའི་རྒྱུ་ནག་ནང་དུ་གནས་ཤིང་འཚོ་བཅུད་བླངས་ཏེ་ནར་སོན། ཉིན45ཡས་མས་རྗེས་སུ་ནར་སོན་ནས་ཁྱིའི་གཅིན་རྟུག་དང་ལྷན་དུ་ཕྱི་ཕུད་ནས་འབུ་སྒོང་གིས་ཁོར་ཡུག་ལ་སྦགས་བཙོག་ཐེབས།
བརྒྱད། ཁྱིས་ཐུམ་འབུའི་ནད་ཇི་ལྟར་གཞན་ལ་ཁྱབ་སྤེལ་བྱས།
     ༡ ཚིའུ་ཆིའུ་རྒྱུ་སྲིན་ལེབ་མོ་འགོས་ཡོད་པའི་ཁྱི་སྡོམ་གྱིས་ཁྱི་རྟུག་དང་ལྷན་དུ་འབུ་སྒོང་མང་པོ་ཕྱིར་ཕུད་ནས་ཁྱིའི་སྡོད་ཡུལ་དང་ཁྱི་རང་གི་ལུས་ཐོག་ཏུ་བསྒོས་ཏེ་་ཕྱུགས་ར་དང་ཕྱུགས་ཁང་། ཆུ་མགོ་སོགས་ལ་སྦགས་བཙོག་བཟོས་ནས་མི་ལ་ཐུམ་འབུའི་ནད་བསྒོས་པ་ཡིན།
     ༢ ཁྱི་ནི་ཚིའུ་ཆིའུ་རྒྱུ་སྲིན་ལེབ་མོའི་འབྱུང་ཁུངས་ཡིན་ལ་ཁྱབ་སྤེལ་བྱེད་མཁན་ཡང་ཡིན། རྒྱུ་སྲིན་ལེབ་མོའི་འབུ་སྒོང་ཁྱིའི་སྤུས་ཐོག་ཏུ་བསྒོས་པ་མ་ཟད་ཁྱིའི་ཁོར་ཡུག་ཀུན་ཏུ་་བསྒོས་ཡོད། མི་དང་ཁྱི་འབྲེལ་འདྲིས་བྱེད་དུས་གཙང་སྦྲ་ལ་ཐུགས་མཉམ་མ་བཞག་ན་འབུ་སྒོང་ཉིད་ཁོག་ཏུ་འཛུལ་ཏེ། མི་ལ་ཐུམ་འབུའི་ནད་བསྒོས་ནས་མི་ཚོགས་ཁྲོད་ཁྱབ་སྤེལ་ཚུགས་ངེས།
     ༣ འབུ་སྒོང་བསྒོས་པའི་ཁྱི་རྟུག་གལ་ཏེ་གཙང་སེལ་མ་བྱས་ཚེ་རླུང་ལ་བརྟེན་ནས་གང་སར་འཁུར་ནས་རྩྭ་ར་དང་ཆུ་མགོ་བཅས་མང་པོར་ཐུམ་འབུའི་ནད་བསྒོ་ངེས་ལ། ཁྱི་གང་སར་གློད་བཀྲོལ་བྱེད་པའམ་ཁྱི་རྟུག་གིས་རྩྭ་ར་དང་ཆུ་མགོ་ལ་ཐུམ་འབུའི་ནད་བསྒོ་སླ་བ་མ་ཟད། ཕྱུགས་རིགས་ཀྱི་གཟན་རྩྭ་ཟ་བའི་སྐབས་རྩ་ལ་འབྱར་བའི་ཚིའུ་ཆིའུ་རྒྱུ་འབུ་སྒོང་ཟོས་ནས་ཐུམ་འབུའི་ནད་འགོས་ཏེ་ཕྱུགས་རིགས་ཕན་ཚུན་ན་ནད་བསྒོས་པ་ཡིན།
     ༤ ཚིའུ་ཆིའུ་རྒྱུ་སྲིན་ལེབ་མོ་མི་དང་སྒོ་ཕྱུགས་གིས་ཟོས་རྗེས། ཕོ་རྒྱུ་འཇུ་བྱེད་ལ་བརྟེན་ནས་འབུ་སྒོང་དེ་ཕྲུ་གུར་ཆགས་སྲིད།  འབུ་སྲིན་དེ་མི་དང་ཕྱུགས་ཟོག་གི་ཁྲག་རྩ་ཕྲ་མོའམ་རྨེན་བུ་བརྒྱུད་ནས་དབང་བོ་སོ་སོར་འཛུལ་ནས་རིམ་གྱིས་ཆེ་རུ་འཕེལ་ཏེ་ཐུམ་འབུའི་ཤ་སྐྲན་བསྐྱེད་པ་ཡིན། གལ་ཏེ་མགྱོགས་མྱུར་གྱིས་སྨན་བཅོས་མ་བྱས་ཚེ་ཤ་སྐྲན་ཆེན་པོར་ཆགས་པའི་ཉེན་ཁ་ཆེ།
ལེའུ་གཉིས་པ། ཐུམ་འབུའི་ནད་ཀྱི་གནོད་སྐྱོན།
གཅིག ཐུམ་འབུའི་ནད་ཀྱིས་མི་ལ་ཐེབས་པའི་གནོད་འཚེ། 
     ཐུམ་འབུའི་ནད་ཀྱིས་ནད་པར་ན་ཟུག་དང་ཁྱིམ་ཚང་ལ་རྒྱུ་ནོར་གྱི་གོད་ཁ་ཐེབས་ངེས་ཏེ། ནད་པ་མང་ཆེ་བ་ལོ་ན་ཉི་ཤུ་ནས་ལྔ་བཅུའི་བར་གྱི་དར་མ་ཡིན་ཡིན་པས་སྤྱི་ཚོགས་ལ་དཀའ་ཁག་ཆེན་པོ་བཟོ་བཞིན་ཡོད་ཅིང་། མིའི་ལུས་པོར་ཐད་ཀར་ཐེབས་པའི་གནོད་སྐྱོན་གཙོ་བོ་ནི་ནད་ཀྱི་མནར་སྡུག་དང་དུག་ཁའི་བྱེད་ནུས་དེ་ཡིན། མི་ལ་ཐུམ་འབུའི་ནད་ཕོག་རྗེས་ཕོ་བའི་འཇུ་སྟོབས་ཇེ་ཞན་ལ་འགྲོ་བ་དང་ཡི་ག་ཆད་པ། ལུས་ཕུང་རིད་ནས་ཤེད་ཤུགས་མེད་པར་གྱུར་འགྲོ་ལ།  དེ་མི་ཚད་ཐུམ་འབུ་དེ་ཉིད་ཕོ་བར་ཕྱིའི་བཙིར་གནོན་སོགས་ཐེབས་ན་རལ་ནས་སྐྲན་ཉིད་འཕག་ཚག་བྱས་པ་བརྒྱུད་སྐྲན་དེ་རང་འགུལ་སྒོས་བརྡོལ་བ་སོགས་བྱེད་སྲིད། གལ་ཏེ་ཐུམ་འབུ་མཁྲིས་པའི་རྒྱུ་ལམ་ནས་བརྡོལ་ན་མཁྲིས་ཁུ་མཆིན་པའི་རྩ་ལམ་ལ་གྱེས་ནས་མཁྲིས་པར་ན་ཟུག་དང་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་འབྱུང་ལ་མཐུད་ནས་ནད་བསྒོ་བ་ཡིན། གལ་ཏེ་རྒྱུ་འཕེལ་ཆགས་སྣོད་དམ་ནང་ཐུམ་གྱི་ཚལ་བུས་མཁྲིས་པའི་རྒྱུ་ལམ་ཁེགས་ན་རྒྱུ་ལམ་ཁེགས་པའི་མཁྲིས་ནད་འབྱུང་སྲིད། རྒྱུན་གཏན་ཉེན་ཚབ་རང་བཞིན་གྱི་རྒྱུ་ལམ་ཁེགས་པའམ་མཁྲིས་པ་གཉེན་ཚད་རྒྱས་པ་སོགས་འབྱུང་སྲིད།  དེའི་མི་ཚད་ཁྲག་སྐྱོད་སྒྱུར་ནས་ཐུམ་འབུའི་ཚང་གཏོར་ནས་ཁྲག་གི་འཁོར་རྒྱུན་ལ་ཞུགས་ནས་དབང་པོ་གཞན་ལ་ཐུམ་འབུའི་ནད་བསྒོ་བ་ཡིན། ལྷག་པར་དུ་མཆིན་པའི་ཐུམ་འབུ་ནད་དེ་ཉིད་མུ་མཐུད་དུ་གཞན་འགྱུར་བྱས་ནས་གློ་བའི་ཐུམ་འབུ་ནད་དང་ཀླད་པའི་ཐུམ་འབུ་ནད་བྱུང་བ་ཅུང་རྒྱུན་ལྡན་རེད། དེ་ལས་གཞན་མཆིན་པ་ཆེར་རྒྱས་ནས་རྩ་ལམ་སོགས་ཁེགས་ནས་མཆིན་པ་དང་ཚེར་བ་སྐྲངས་ནས་ཆུ་སེར་གསོག་ནས་ལྟོ་བའི་མཆིན་སྐྲན་ཐུམ་འབུའི་ནད་ཀྱིས་མཆིན་པ་ཆུས་ཟིན་པ་དང་སྐྲངས་པ་སོགས་ཀྱི་ནད་བྱུང་ལ། ན་གཞོན་ལ་བྱུང་ན་འཚར་ལོངས་བྱུང་བར་ཤུགས་རྐྱེན་ཐེབས། རང་རྒྱལ་དུ་ཐུམ་འབུའི་ནད་སྨན་བཅོས་བྱེད་དགོས་པའི་ནད་པ་ཁྲི་སྟོང་མང་བོ་བརྒལ་ཡོད་ལ། ཐུམ་འབུའི་ནད་ཡང་བསྐྱར་ན་བ་དང་ཤི་ཚད་ཆེས་མཐོ།  སྨན་ཁང་ནས་གཤགས་བཅོས་བྱ་ན་མ་མཐའ་ཡང་སྒོར་མོ་སྟོང་ཕྲག་ནས་ཁྲི་ཕྲག་འགའ་ཤས་ཀྱི་སྨན་རིན་འཆོར་སྲིད། སྨན་བཅོས་འགྲོ་སོང་གིས་དཔལ་འབྱོར་མཁོས་ཀ་ཞན་པའི་ཁྱིམ་གཞི་མང་པོ་སྟོང་ལ་ཉེན་སར་ལྷུང་། དེ་ལྟ་ན་བརྟག་བཅོས་དུས་ཡུན་འགོར་བའི་ནད་པ་སྨན་བཅོས་བྱེད་པའི་དུས་ཡུན་བདའ་ནས་གཅེས་སྲོག་ཤོར་བ་མང་པོ་ཡོད།
གཉིས། ཐུམ་འབུའི་ནད་ཀྱིས་སྒོ་ཕྱུགས་ལ་ཐེབས་པའི་གནོད་འཚེ།
     སྒོ་ཕྱུགས་ལ་ཐུམ་འབུའི་ནད་བྱུང་རྗེས་ཐུམ་འབུའི་འབུ་སྲིན་གྱིས་སྒོ་ཕྱུགས་ཀྱི་འཚོ་བཅུད་བསྡུ་ལེན་བྱས་ནས་སྒོ་ཕྱུགས་ནར་སོན་ཆེན་པོ་ཆགས་རྒྱུ་མེད་པ་གཟུགས་གཞི་ཞན་པར་འགྱུར། བལ་དང་ཤའི་རིགས་ཀྱི་ཐོན་རྫས་ཐོན་སྐྱེད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། རྒྱུ་གསོ་སྐྱོང་བྱེད་པའང་མར་འགྲིབ་ནས་སྐྱེ་འཕེལ་བྱེད་དཀའ་ལ་དགུན་གྱི་གྲང་རླུང་མི་བཟོད་པར་འཁྱག་ཤི་ཐེབས་སྲིད། དེའི་རྐྱེན་གྱིས་ཕྱུགས་རིགས་ཐོན་རྫས་སྤེལ་པར་ཤུགས་རྐྱེན་ཐེབས།  དེའི་ཁྲོད་དུ་ལུག་ལ་ནད་འདི་ཕོག་ཚད་60.2%ཟིན། དེའི་ཕྱིར་ལོ་རེར་དཔལ་འབྱོར་གྱི་གྱོང་གུད་སྒོར་དུང་ཕྱུར་ཡས་མས་སུ་སླེབས་ཏེ། ཕྱུགས་ལས་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གེགས་སུ་གྱུར་ཡོད།
ལེའུ་གསུམ་པ། ཐུམ་འབུའི་ནད་ཀྱི་སྨན་བཅོས་བྱེད་ཐབས་དང་སྔོན་འགོག་ཐབས་ལམ།
གཅིག ཐུམ་འབུའི་ནད་ཀྱི་སྨན་བཅོས་བྱེད་ཐབས།
     ཐུམ་འབུའི་ནད་མིའི་ལུས་སྟེང་ནས་སྐྱེ་འཕེལ་བྱུང་བ་ཅུང་དལ་ལ་སྤྱིར་བཏང་དུ་ལོ་ལྔ་ནས་ལོ་ཉི་ཤུའི་བར་ནད་རྟགས་མངོན་པ་ཡིན།  ནད་འདིར་སྔོན་རྟགས་ཅི་ཡང་མི་མངོན་ལ་ན་བའམ་ནད་རྟགས་མངོན་དུས་བཅོས་ཐབས་དཀའ་བའི་ཚད་དུ་ལྷུང་ཡོད་ལ་སྨན་བཅོས་བྱེད་པའི་དུས་ཡུན་བཟང་ཤོས་དེའང་འགྱང་བ་ཡིན། སྤྱིར་བཏང་ནད་པར་སྨན་བཅོས་བྱེད་དུས་གཤག་བཅོས་བྱེད་པའམ་སྨན་བསྟེན་ཁ་བཅས་ཀྱི་བཅོས་ཐབས་སྤྱོད་པ་ཡིན། སྨན་བཅོས་བྱ་ཐབས་ནི་ནད་ཀྱི་ཟིན་པའི་གནས་དང་ཆེ་ཆུང་གྲངས་འབོར་ལ་གཞིགས་ནས་བཅོས་ཐབས་སྤྱོད་པ་ཡིན། དེའི་ཕྱིར་སྔོན་ནས་ལུས་ཕུང་བརྟག་བཤེར་བཏང་ནས་ངོས་འཛིན་བྱས་པས་ཏེ། སྔོན་ནས་སྨན་བཅོས་བྱས་ཏེ་དུས་བཅད་ནང་ལྟར་ཡང་བསྐྱར་བརྟག་བཤེར་བྱས་ན་སྔོན་འགོག་གི་ནུས་པ་གལ་ཆེན་ཐོན་ཐུབ། ཐུམ་འབུའི་ནད་ཀྱི་སྨན་བཅོས་ལ་སྤྱིར་བཏང་དུ་གཤགས་བཅོས་བྱེད་པའམ་སྨན་བསྟེན་རིགས་གཉིས་ཡོད་པ་རེད།
     ༡ གཤག་བཅོས་ནི་ཐུམ་འབུའི་ནད་ཀྱི་སྨན་བཅོས་བྱེད་ཐབས་གཙོ་བོ་དེ་ཡིན་ལ། སྨན་བཅོས་བྱེད་ཐབས་དེ་ཐུམ་པ་ཅུང་ཆེ་བ་དང་ནད་ཐོག་ནད་རྟགས་མངོན་གསལ་ཡིན་པའི་ཐུམ་འབུའི་ནད་ལ་འོས་འཚམ་ཡིན། དཔེར་ན། གློ་བ་དང་ཀླད་པ། རུས་པ་སོགས་སུ་ཡོད་པའི་ཐུམ་འབུའི་ནད་ལ་གཤག་བཅོས་ཀྱི་བྱེད་ཐབས་སྤྱད་ནས་གསོ་བཅོས་བྱེད་པ་ཡིན།
     ༢ སྨན་བཅོས་བྱེད་ཐབས་ལས་ཨ་པིན་ཏ་ཙོའོ་དང་ཅ་པིན་མེའེ་ཙོའོ་ནི་ཐུམ་འབུའི་ནད་ཀྱི་ཆེས་ལེགས་པའི་སྨན་ཡིན་ལ། ཨ་པིན་ཏ་ཙོའོ་ཡི་སྡུད་ལེན་ནུས་པ་བཟང་ཞིང་། ཐུམ་རིགས་ནད་སྨན་བཅོས་བྱེད་དུས་ཉིན་སུམ་ཅུ་ནི་བཅོས་ཡུན་གཅིག་ཏུ་བགྲང། ནད་ཀྱི་གནས་ཚུལ་དང་བསྟུན་ནས་རྒྱུན་མཐུད་སྒོས་བཅོས་ཡུན་ཅུང་ཙམ་རིང་། ཡིན་ནའང་བཅོས་ཡུན་ཁྲོད་ཅ་པིན་མེའེ་ཙོའོ་ནི་གློ་བའི་ཐུམ་འབུའི་ནད་རིགས་ལ་ནུས་པ་མངོན་གསལ་ཡིན། རྒྱལ་ནང་གི་མི་མང་པོས་ཆུ་ཐུམ་རིགས་ཀྱི་ཐུམ་འབུའི་ནད་རིགས་ལ་ཨ་པིན་ཏ་ཙོའོ་ཡིས་སྨན་བཅོས་བྱེད་པར་བསམ་ཚུལ་འདོན་བཞིན་ཡོད་ལ་སྨན་བཅོས་དུས་ཡུན་་ཟླ་བཅུ་བདུན་ནས་ཟླ་རེ་དྲུག་གི་བར་ཡིན། (ཆ་སྙོམས་བྱས་ན་ཟླ36)འོན་ཀྱང་སྨན་བཅོས་ཀྱི་སྐབས་སུ་མཆིན་པ་དང་མཁལ་མའི་བྱེད་ནུས་དང་རུས་པའི་རྐང་ལ་ཐུགས་མཉམ་འཇོག་དགོས། ཡིན་ནའང་སྨན་བསྟེན་པར་ཚད་བཀག་ཡོད་པ་སྟེ་སྐྲན་ཅུང་ཆུང་བ་དང་གཤག་བཅོས་བྱེད་མི་འོས་པའི་ནད་པར་་ཕྱི་ནད་གཤག་བཅོས་སམ། གཙགས་བརྟོལ་གསོ་ཐབས་སྤྱོད་པ་ཕལ་བར་བསྟེན་ནས་སྨན་བཅོས་བྱེད་དགོས། དེའི་ཕྱིར་ཐུམ་འབུའི་ནད་ཀྱི་སྨན་བཅོས་ལ་ངེས་པར་ཕྱི་ནད་གསོ་བཅོས་དང་སྨན་རྫས་རྫས་འགྱུར་གསོ་བཅོས་བྱེད་ཐབས་རེས་མོས་སུ་སྤྱོད་ཅིང་། དུས་ལྟར་ཞིབ་དཔྱད་ཚད་ལེན་སྒོས་སྨན་བཅོས་བྱེད་དགོས།
གཉིས། ཐུམ་འབུའི་ནད་སྔོན་འགོག་བྱེད་ཐབས།
     ༡ ཁྱི་དང་ཝ། ཞི་ལ་སོགས་བསྒོ་ཁུངས་ལ་ལག་པས་མི་རེག་པ་དང་ཁྱིམ་བདག་གིས་བྱིས་པ་ཁྱི་དང་མཉམ་དུ་རྩེད་མོར་རྩེ་མི་རུང་བའི་ཁ་ཏ་བྱེད་དགོས། ཁྱིའི་རྒྱབ་ལ་ལག་པས་བྱུགས་བྱུགས་དང་ཁྱིས་མིས་ལག་པ་དང་ཁ་ངོ་ལྡག་པ་སོགས་བྱེད་དུ་མི་འཇུག་པར་སྒོ་ཁྱི་བཏགས་ན་བཟང་།
     ༢ ནད་བསྒོས་པའི་ནོར་ལུག་གི་ནང་ཁྲོལ་ཁྱིས་ཟ་བ་གཏན་འགོག་བྱེད་དགོས་པ་མ་ཟད་མེར་བསྲེགས་པའམ་ས་འོག་དུ་འཇུག་དགོས། རྒྱུ་མཚན་ནི་ནོར་ལུག་གི་ནང་ཁྲོལ་ལ་ཚིིའི་ཆུའུ་རྒྱུ་སྲིན་ལེབ་མོ་བསྒོས་ཡོད་པའི་དོན་ལྔ་ནི་ཁྱི་ལ་ཚིིའི་ཆུའུ་རྒྱུ་སྲིན་ལེབ་མོ་བསྒོ་ཡུལ་གཙོ་བོ་ཡིན། ཁྱིས་ནང་ཁྲོལ་དེ་དག་ཟོས་རྗེས་རྟུག་པ་དང་ལྷན་དུ་ཕྱིར་ཕུད་ནས་འབུ་སྒོང་གྲངས་ལས་འདས་པ་ག་ས་གང་དུ་སྟོར་ནས་འགོས་ཁྱབ་བྱེད་པ་ཡིན། དེ་བས་ང་ཚོས་ངེས་པར་དུ་ཕྱུགས་ཟོག་བཤའ་བ་དོ་དམ་ལེགས་པོ་བྱས་ནས་ནོར་ལུག་གི་ནང་ཁྲོལ་ནད་ཅན་གང་དགར་འཕེན་པ་གཏན་འགོག་བྱས་ཏེ། ཐུམ་འབུའི་ནད་བར་གླེགས་འདི་ནས་བསྒོ་ཁྱབ་བྱེད་པ་རྩ་བ་ནས་འགོག་དགོས།
     ༣ ཟས་རློན་ཁྱི་ལ་སྟེར་བ་བཀག་འགོག་བྱེད་དགོས། ཤི་ཟོག་གི་རོ་དུས་ཐོག་དུ་ས་འོག་ལ་བཅུག་ནས་ཁྱི་སྡོམ་དང་སྒོ་ཁྱིས་མི་ཟ་བ་སྔོན་འགོག་བྱེད་དགོས། ཕྱོགས་བསྡུས་ངང་ཕྱུགས་བཤའ་བའི་ལས་ཁུངས་ཀྱིས་རང་འགུལ་སྒོས་འབྲེལ་ཡོད་ལས་ཁུངས་ཀྱིས་ལྟ་སྐུལ་དོ་དམ་ལ་ཉན་དགོས། ནད་བསྒོས་ཡོད་པའི་རོ་དང་ནང་ཁྲོལ་གཅིག་མཐུན་ངང་མེར་གཏོང་བའམ་ས་འོག་ཏུ་སྦ་དགོས།ཐར་ཐོར་ངང་ཆགས་པའི་ཁྱིམ་ཚང་དང་མི་སྒེར་ནས་ཕྱུགས་བཤའ་དུས་རང་འགུལ་སྒོས་ནང་ཁྲོལ་ས་འོག་ཏུ་སྦ་བའམ་མེར་གཏོང་བ། དེ་མིན་བཙོས་ནས་ཚོས་རྗེས་ཁྱི་ལ་སྟེར་དགོས།
     ༤ དུས་ལྟར་སྒོ་ཁྱིའི་རྒྱུ་མའི་ནང་དུ་རྒྱུ་སྲིན་ཡོད་མེད་ལ་བརྟག་དཔྱད་དང་རྒྱུ་སྲིན་དུས་ལྟར་གསོད་དགོས། མིག་སྔར་རིམ་འགོག་དང་ཁྲག་ལ་བརྟག་པ་འམ་ཆིན་ཁྲིག་སོན་པིན་ལིང་ཅན་འབུ་གསོད་གྱི་སྒོ་ནས་དཔྱད་ཞིབ་ཚད་ལེན་བྱས་ནས་ཁྱི་ལ་རྒྱུ་སྲིན་འགོས་ཡོད་མེད་ལ་བརྟག་བཤེར་བྱེད། གལ་ཏེ་ཁྱི་གུར་རྒྱུ་སྲིན་འགོས་ཡོད་པ་ཤེས་རྗེས་པི་ཁེའེ་ཐུང་སྤྱད་ནས་འབུ་གསོད་པའི་སྨན་བཅོས་བསྟེན་ནས་ནུས་བ་ལྡན་པའི་སྒོ་ནས་ཁྱི་ལ་ཐུམ་འབུའི་ནད་བསྒོ་བ་ཚོད་འཛིན་བྱེད་དགོས། ལྷག་པར་དུ་སྒོ་ཁྱི་རེ་རའི་ནུས་ལྡན་སྟེར་བའམ་ཟླ་རེའི་ནད་འབུ་གསོད་པའི་བྱ་ཐབས་སྤྱོད་རྒྱུ་གལ་ཆེ། དེ་ལྟར་བྱས་ན་འབྲས་བུ་མངོན་གསལ་ཡིན་པ་རེད། བཏགས་ཁྱི་དུས་ལྟར་འབུ་སེལ་བྱེད་དུས་རྟུག་པ་ས་འོག་ཏུ་སྦ་བའམ་མེར་གཏོང་དགོས། ཁྱི་འགྲོ་སྡོད་བྱེད་སའི་གནས་དག་ལ་དུས་ལྟར་རྡོ་ཐལ་སྟོར་ནས། ཁྱིའི་རྒྱུ་འབུ་སེལ་དུས་ཡུན་ཉི་མ་གསུམ་གྱི་རྟུག་པ་ངེས་པར་དུ་མེར་བཏང་སྟེ་འབུ་སྒོང་གང་གང་སར་བསྒོས་ནས་ཁོར་ཡུག་བཙོག་སྐྱོན་ཐེབས་པ་སྔོན་འགོག་བྱེད་དགོས། 
     ༥ མིས་རྟ་ནོར་ལུག་གསུམ་དང་སྒོ་ཁྱི་སོགས་ལ་འབྲེལ་འདྲིས་བྱེད་སྐབས་མི་སྒེར་ནས་སྔོན་འགོག་གི་བྱ་བ་སྒྲུབ་དགོས།གཞན་བརྟེན་སྲིན་འབུ་འདིའི་རིགས་ཀྱི་སྒོ་ང་ཆུང་ལ་བསེར་བུ་དང་བསྡོངས་ནས་གང་སར་འཕུར་སྐྱོད་བྱེད་སྟབས། འདི་ལྟ་བུའི་གནས་ཚུལ་འོག་མིའི་འབུ་སྒོང་ཕྲ་མོ་དབུགས་ཀྱི་འབྱིན་རྔུབ་སྐབས་མིད་པར་རྔུབ་ཏེ་ཐུམ་འབུའི་ནད་འགོ་སྲིད།  རྒྱུན་ལྡན་འཚོ་བའི་ཁྲོད་འོ་མ་བཞོ་བའམ་ནོར་ལུག་གི་ཀོ་ལྤགས་མཉེད་དུས་ལག་འབོལ་དང་ཁ་ཐུམ་བརྒྱག་དགོས་ལ་ལས་ཀ་ཚར་དུས་ལག་པ་གཙང་བཀྲུ་བྱ་དགོས།
     ༦ དུས་ལྟར་སྒོ་ཁྱི་ལ་འབུ་སེལ་དང་ཁྱི་རྟུག་ས་འོག་ཏུ་སྦ་བའམ་མེར་གཏོང་དགོས། རྡོ་ཐལ་གང་སར་སྟོར་བའམ་སྒོ་ཁྱི་དང་ཁྱི་ལོ་ལོན། ཁྱི་ནད་པ། བདག་མེད་ཁྱི་སྡོམ་སོགས་དགོན་པའི་མཐའ་རུ་བསྐྱུར་ནས་གང་སར་ཉུལ་དོ་དམ་བྱེད་དགོས། འབྲོག་ཁུལ་གྱི་ཁྱི་སྡོམ་དང་ཁྱི་བདག་མེད་ཀྱི་ཁ་གྲངས་ཉུང་དུ་གཏོང་དགོས། ཁྱི་འདི་དག་དུས་ལྟར་འབུ་སེལ་དང་ལྟ་ཞིབ་ཚད་ལེན་བྱེད་ཐབས་བྲལ་པས་ཁོ་ཚོ་ནི་ཐུམ་འབུ་ནད་སྒོ་ཟོག་དང་རི་སྐྱེས་སྲོག་ཆགས་བར་ཕན་ཚུན་བསྒོ་བའི་འབྲེལ་ཐག་ལྟ་བུར་གྱུར་པས་ཐུམ་འབུའི་ནད་ཁྱོན་ཡོངས་ནས་ཚོད་འཛིན་སེལ་ཐབས་ལ་དཀའ་ལས་ཁག་པོ་བྱུང་།དེ་བས་སྒོ་ཁྱི་གྲངས་འབོར་ཚོད་འཛིན་བྱས་ནས་སྐྱེ་འཕེལ་ཐད་ཀྱི་དོ་དམ་ལ་ཤུགས་བརྒྱག་དགོས། མ་གཞི་ནས་ཁྱི་བདག་མེད་འབྱུང་བ་སྔོན་འགོག་དང་ཁྱི་སྡོམ་དང་ཁྱི་བདག་མེད་གསོད་པ་གཏན་འགོག་བྱེད་དགོས། དེའི་མི་ཚད་ཁྱི་དོ་དམ་ལ་ཤུགས་བརྒྱབ་ནས་སྒོ་ཁྱི་འདོགས་པར་སློབ་གསོ་དང་གང་འདོད་ལྟར་གཏོང་བ་སྔོན་འགོག་བྱེད་དགོས། 
     ༧ ཟས་སྤྱོད་ལ་མཉམ་འཇོག་བྱེད་དགོས་ཏེ་ཆ་དང་འོ་མ་རློན་པ། བཀྲུ་བཤལ་བྱས་མེད་པའི་སིལ་ཏོག་དང་སྔོ་ཚོད་རློན་པ་ཟ་མི་རུང་ལ། ནད་གཞིི་ཐོག་མར་ཁའི་ནང་ནས་བསྒོ་བ་ངེས་དགོས། ཟས་ཐུན་གྱི་སྔ་རྗེས་ལ་ཁྱིདང་ཞི་ལར་རེག་རྗེས་ལག་པ་ངེས་པར་འདག་ཕྱེ་ཡིས་གཙང་བཀྲུ་བ་དང་། གཞན་སེན་མོ་བར་དུ་འབུ་ཕྲ་འཚང་སླ་བས་དུས་རྒྱུན་དུ་གཙང་སྦྲ་བྱས་ནས་སེན་མོ་འབྲེག་དགོས།
     ༨ ཁོར་ཡུག་ལ་གཙང་སྦྲ་ལེགས་པོ་བྱས་ནས་སྡོད་ཁུལ་གྱི་ཁོར་ཡུག་ལེགས་བསྒྱུར་དང་དུས་རྒྱུན་ཁང་པ་དང་རས་གུར་གྱི་ཕྱི་ནང་ལ་གད་བདར་བྱས་ནས་ཁོར་ཡུག་ལ་བཙོག་སྐྱོན་ཐེབས་པ་སྔོན་འགོག་བྱེད་དགོས།
     ༩ ཆུ་བོའི་འགོ་ཁུངས་ལ་སྲུང་སྐྱོབ་དང་། འབྲོག་རུ་མང་ཤོས་སྡོད་གནས་རྩྭ་ཐང་དང་ཆུ་བོའི་འགྲམ་ཡོད་པས་སྒོ་ཁྱི་དང་ལུག་ཁྱིའི་དུས་རྒྱུན་དེའི་ཉེ་སར་ཆུ་འཐུང་ལ། དེའི་དུས་ཐུམ་འབུའི་སྒོ་ང་བསྒོས་ཡོད་པའི་ཟོག་ལུག་གིས་ཆུ་འཐུང་དུས་ཆུ་བོ་སྦགས་བཙོག་ཐེབས། དེའི་སྟབས་ཀྱིས་སྒོ་ཁྱི་བཏགས་ནས་ཆུ་མགོ་སྦགས་བཙོག་མི་བྱེད་པ་གལ་ཆེ།
     ༡༠ དུས་ལྟར་བརྟག་བཤེར(Bབརྒལ་རླབས་དངXཐིག་བརྟག་བཤེར)བྱེད་དགོས།
     ༡༡ ཐུམ་འབུའི་ནད་ཀྱི་དྲིལ་སྒྲོག་བྱ་བ་ལེགས་པར་བསྒྲུབ་ནས་དམངས་ཡོངས་ཀྱི་བདེ་ཐང་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ་དོན་ལྡན་ནུས་ཡོད་སྒོ་ནས་ཐུམ་འབུའི་ནད་སྔོན་འགོག་བྱ་དགོས།
ལེའུ་བཞི་བ། རྒྱལ་ཁབ་ཀྱིས་ཐུམ་འབུའི་ནད་པ་སྐྱོབ་པའི་སྨན་བཅོས་བྱེད་པའི་སྲིད་ཇུས།
གཅིག Bབརྒལ་རླབས་བརྟག་དཔྱད་རིན་མེད་ཡིན།
     ཚན་རིག་དང་མཐུན་ཞིང་ཡང་དག་པའི་སྒོ་ནས་ཐུམ་འབུའི་ནད་ཀྱི་སྔོན་འགོག་བྱ་བར་མཛུབ་སྟོན་བྱ་ཆེད་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ས་གནས་འཕྲོད་བསྟེན་ཅུའུ་དང་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་ཐུམ་འབུའི་ནད་སྔོན་འགོག་རུ་ཁག་བཙུགས་ནས་དུས་ལྟར་འབྲོག་ཁུལ་སོ་སོར་སོང་ཕྱིན་ནས་ཁྱོན་ཡོངས་ནས་ཐུམ་འབུའི་ནད་བརྟག་དཔྱད་བན་བའི་མགོ་ཚུགས། འབྲོག་ཁུལ་ཨུ་ཡོན་ལྷན་ཁང་སྡེ་ཚན་བྱེད་པའི་གྲོང་བརྡལ་མི་དམངས་སྲིད་གཞུང་གི་སོ་སོ་ནས་མང་ཚོགས་རྩ་འཇུགས་སྒོས་གཅིག་བསྡུས་ཀྱི་སྒོ་ནས་རིན་མེད་ཁྱབ་བཤེར་བྱེད། Bབརྒལ་རླབས་བརྟག་དཔྱད་རིན་མེད་བྱ་འགུལ་གཙོར་བཟུང་ནས་ཚགས་བརྟག་བྱེད་ཅིང་།བདེ་ཐང་སློབ་གསོ་དྲིལ་སྒྲོག་བྱེད་པ་གཞོགས་འདེགས་བྱས་ནས་དེ་གའི་མང་ཚོགས་དང་ལྷག་པར་དུ་འབྱོར་བ་ཞན་པའི་མང་ཚོགས་ལ་རིན་མེད་ངང་ཐུམ་འབུ་ནད་ཞིབ་བཤེར་བྱེད་པ་ཡིན།
གཉིས། སྨན་བསྟེན་ནས་སྨན་བཅོས་བྱེད་པར་རིན་མི་ལེན་པ།
     ཐུམ་འབུའི་ནད་གཞི་གཏན་འཁེལ་བྱས་ཟིན་པའི་ནད་པ་དང་གཤག་བཅོས་བྱས་ཟིན་པའི་ནད་པས་ས་གནས་དེ་གའི་རིམ་འགོག་ལྟེ་གནས་ནས་རིན་མེད་སྒོས་ཐུམ་འབུའི་ནད་སྨན་བཅོས་དང་དེའི་སྐོར་ལ་རྒྱུས་ལོན་བྱས་ཆོག་ཅིང་། ནད་པས་རང་ཉིད་ཀྱི་སྨན་ཐོའི་དཔང་ཡིག་དང་བརྟག་དཔྱད་མཇུག་འབྲས་ཀྱི་ཡིག་ཆ།(Bབརྒལ་རླབས་བརྟག་དང་CT) ཐོབ་ཐང་ལག་ཁྱེར་བཅས་བཟུང་ནས་རིམ་འགོག་ལྟེ་གནས་སུ་སོང་ནས་རིན་མེད་སྨན་རྫས་ལེན་པའི་འགྲོ་ལུགས་སྒྲུབ་ཆོག
གསུམ། གཤག་བཅོས་རིན་པར་ཁ་གསབ་ཀྱི་སྲིད་ཇུས།
     རྣམ་གྲངས་གཏན་འབེབས་ལ་གཞིགས་ན་ཕྱི་ནད་གསོ་བཅོས་ཆོག་པའི་ཐུམ་འབུའི་ནད་པར་ཕྱི་ནད་གསོ་བཅོས་ལག་བསྟར་བྱེད་ལ་དེའི་མི་ཚད་སྒོར་སྟོང་8000གྱི་གསོ་སྐྱོབ་མ་དངུལ་ལོངས་སུ་སྤྱོད་ཆོག ནད་པ་རང་ཞིང་གི་ཞིང་ཆེན་རིམ་པའི་སྨན་ཁང(མཚོ་སྔོན་སློབ་ཆེན་ཟུར་གཏོགས་སྨན་ཁང)ནས་གཤག་བཅོས་བྱེད་ན། ཐོག་མར་རྫོང་རིམ་པའི་རིམ་འགོག་ལྟེ་གནས་ནས་ཐུམ་འབུའི་ནད་པར་རིན་མེད་ཕྱི་ནད་གཤག་བཅོས་གསོ་སྐྱོབ་རིའུ་མིག་ལེན་དགོས་ལ། དེ་ནས་རྫོང་རིམ་པ་དང་ཁུལ་རིམ་པ། ཞིང་ཆེན་རིམ་པ་བཅས་ཀྱི་ཐུམ་འབུ་ནད་ཕྱི་ནད་གཤག་བཅོས་འགོ་ཁྲིད་ཚན་ཆུང་གིས་ཞིབ་བཤེར་བརྒྱུད་ཞིང་ཆེན་རིམ་པ་ནས་གཤག་བཅོས་རོགས་དངུལ་བླངས་ཆོག
བཞི། སྒོ་ཁྱིར་སྲིན་འབུ་སེལ་བའིི་སྨན་རིན་མེད་ངང་སྟེར་བ།
     རྫོང་རིམ་པ་སོ་སོའི་ཕྱུགས་སྨན་ཁང་གིས་སྒོ་ཁྱིར་དམིགས་ནས་རིན་མེད་ཀྱིས་སྲིན་འབུ་གནོད་སེལ་གྱི་སྨན་སྟེར་དགོས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...