སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྨན་སྦྱོར་གྱི་ནུས་པ་དང་རྣམ་གྲངས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-16 10:08:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     དེ་ཡང་རླུང་སྨན་ཨ་གར་སོ་ལྔ1དང། ། བཅོ་ལྔ2འབམ་རིགས་རླུང་ཁྲག་སྟོད་འཚངས་ཀྱི། ། ནད་གཞིའི་སྤྱི་སྨན་ཀོ་བྱི་བཅུ་གསུམ3དང་། ། མཁྲིས་པར་ཏིག་བརྒྱད4མཁྲིས་རླུང་གསེར་མདོག་ལྔ5། ། མཁྲིས་སྲིན་གསེར་མདོག་བཅུ་གཅིག་6གྲང་མཁྲིས་སྨན། ། གར་ནག་བཅུ་པ་7བད་ཀན་ཁྲག་ཤས་ལ། ། རྒ་ལོའི་སྨན་དམར་8བད་ཀན་ནད་རིགས་སྤྱིར། ། བདེ་བྱེད་སྙོམས་ལྡན་9དུག་དང་སྨུག་པོ་ཡི། ། བསྡུས་སྨན་ཐང་ཆེན་ཉེར་ལྔ10དངོས་གཞི་ལ། ། མན་ངག་བསིལ་སྦྱོར11ཟླ་ཤེལ་ཆེན་མོ12དང་། ། སྨུག་པོ་གཡུལ་རྒྱལ13མ་ཞུར་ཞི་བྱེད་དྲུག14། ། སྐྱ་རྦབ་འོར་དང་དམུ་ཆུའི་ནད་རིགས་ལ། ། ཀུན་ཕན་བདེ་བྱེད15དྭ་ལིས་བཅུ་དྲུག16དང་། ། ཨ་བྷི་དྲུག་ཐང17འབོལ་སྨན་བདུན་པ18དང་། ། ཚ་བ་གཉན་རིམས་སྨིན་འབྱེད་གསོད་པའི་སྨན། ། ནོར་བུ་བདུན་ཐང19བདུད་རྩི་སླེབ་ཆོག20དང་།རྟ་ཟི་དམར་པོ21སྤང་རྩི་བཅུ་གཉིས22དང་། ། ཡ་མའི་ནད་ལ་གནམ་ལྕགས་ཐོག་མདའ23དང། ། ལྕེ་འབམ་གག་ལྷོག་གཉན་སྲིན་མཐའ་དག་ལ། ། ཕན་པ་ཀུན་ལྡན24ཁྱུང་ལྔ་རིལ་བུ25དང། ། མིག་ནད་ཁོང་སྨན་ཨ་ཝ་བཅོ་ལྔ36དང་། ། སྤོས་རེངས17སྐྱེར་ཁཎ28མཆིན་ཁྲག་མཆིན་རྒུད་ལ། ། གྷི་ཝམ་དགུ་པ29གུར་གུམ་བཅུ་གསུམ30དང། ། བད་རླུང་གློ་ནད་སྤང་རྒྱན་བཅོ་ལྔ31དང་། ། གློ་ཚད་ཀུན་སེལ32འཁྲུགས་གློ་ཀུན་སེལ33དང་། ། མཁལ་ཚད་ཨ་རུ་བཅོ་བརྒྱད34གྲང་བ་ལ། ། གུ་ཡུ་ཉེར་བརྒྱད35ཉི་མའི་དཀྱིལ་འཁོར36དང་། ། གྲང་འབམ་འབྲས་སྐྲངས་བྲེ་ག་བཅུ་གསུམ37དང་། ། ཚ་ཙག་སྐྱེར་ཤུན་བརྒྱད་པ38འཛག་གཅོད་ལ། ། སྰ་རའི་ཁྱུང་ལྔ39ཕོ་བའི་དྲོད་སྐྱེད་སྨན། ། དྭངས་མ་གནས་འཇོག40དྲེག་གྲུམ་ཆུ་སེར་ལ། ། སྤོས་ཁྱུང་བཅོ་ལྔ41དངུལ་ཆུ་བཅོ་བརྒྱད42དང་།(བྱུག་པ)བྱ་ཁྱུང་སྔོན་པོ43རྩ་ཡི་ནད་རིགས་ལ། ། བསམ་འཕེལ།ནོར་བུ44རྩ་དཀར་བྱུག་པ45དང་། ། འབམ་ལ་ཐོར་སྨན་ཀླུ་བདུད་བཅོ་བརྒྱད46དང་།གསང་སྨན་འབྱར་ཆེན47རེག་པ་བདེ་སྐྱིད48དང་།མོ་ནད་ཁྲག་སྐྲན་ཞི་བྱེད་བཅུ་གཅིག49དང་།རྨ་ཁར་བཅད་སྦྱོར50ཁྲག་གཅོད་གུར་གུམ་བརྒྱད51། ། གླང་ཤུར་ཤུ་སླ52བརྡབ་འགྲམ་སྟར་བྱང53དང་།ཀུན་བྱེད་རྒྱལ་པོ54མཆོག་ཏུ་བསྔགས་པ་བཅས། ། འགྲོ་ཕན་གྲྭ་ཚང་སྤྱི་ཡི་སྦྱོར་ཁོངས་སྨན། ། དེ་ཀོའི་ཕནཡོན་སྙིང་པོ་མདོར་བསྡུས་སུ། ། གསལ་བར་བཤད་ཀྱི་བྱིས་རྣམས་རྣ་བ་བློགས། །
     (1)ཚད་ལྡན་ཨ་གར་སོ་ལྔའི་སྦྱོར་བ་འདི། ། གཉན་ཚད་རླུང་གསུམ་འཐབ་དང་རི་ཐང་མཚམས། ། གློ་སྐམ་ཐེས་སྲུད་གྲུམ་བུ་བར་རྟ་དང་། སྙིང་ཚད་རླུང་ལྡན་རྣམས་ལ་བསྔགས་པ་སྟེ། ། སྨན་བཏང་ལོག་པའི་ཉེས་པ་འདིར་མི་བྱུང་། དེ་ཕྱིར་སྟོད་འཚངས་ངོས་མ་ཟིན་པ་དང་། ཉེས་མེད་ཡིན་ཡང་ཕན་པ་ཉམས་མྱོང་གནས། །
     (2)ཨ་གར་བཅོ་ལྔས་ཁྲག་རླུང་འཐབ་པ་དང། ། རྒྱབ་མདུན་གཟེར་དང་གློ་གསོག་སེལ་བརབྱེད། །
     (3)ཀོ་བྱི་བཅུ་གསུམ་ཁྲག་རླུང་སྟོད་གཟེར་དང་། ། འབམ་རིགས་གྱེན་ལོག་སྟོད་འཁྲུགས་མ་ལུས་སེལ། །
     (4)སྨན་མཆོག་ཏིག་ཏ་བརྒྱད་པར་གྲགས་པ་འདིས། ། མཁྲིསཚད་མིག་ཆུ་ཤ་མདངས་སེར་བ་འཇོམས། །
     (5)གསེར་མདོག་ལྔ་པས་ཕོ་བ་རྒྱུ་མའི་ཡུལ། ། མཁྲིས་རླུང་མ་ཞུ་མིག་སེར་ཀུན་ལ་སྔགས། 
     (6)གསེར་མདོག་བཅུ་གཅིག་ཅེས་གྲགས་སྦྱོར་བ་འདིས། ། མཁྲིས་སྲིན་དུག་ཐབས་བད་མཁྲིས་མགོ་ནད་དང་། ། ཕོ་བ་རྒྱུ་མར་ཁྲག་མཁྲིས་ལྷུང་བ་དང་། ། སྣོད་ཀྱི་མཁྲིས་སྐྲན་མ་ཞུ་མིག་སེར་སེལ། ། ཁྱད་པར་ཡ་མ་ནག་པོའི་ཚད་ནད་འཇོམས། ། ཤ་ཡ་མིག་སེར་ཀྴ་ཡ་ནག་པོ་ལ། ། ཤིན་ཏུ་ཕན་པའི་མྱོང་གྲུབ་གདམས་པ་ཡིན། །
     (7)གར་ནག་གཙོར་བསྐྱེད་གར་ནག་བཅུ་པ་འདི། ། རླུང་དང་མ་ཞུ་བད་སྐྲན་ལ་སོགས་པ། ། གཞན་དབང་ལྡན་པའི་མཁྲིས་ཀུན་འདི་ཡིས་སེལ། ། མ་ཞུ་མཁྲིས་སྐྲན་ནད་ལ་ཤིན་ཏུ་བསྔགས། ། ཁྱད་པར་གྲང་མཁྲིས་འཇོམས་པའི་སྨན་མཆོག་ཡིན། །
     (8)རྒ་གློ་བ་ཡི་སྨན་དམར་འདི། ། བད་ཁྲག་ནད་ལ་མཆོག་ཏུ་བསྔགས། ། ཁྱད་པར་མན་ངག་ཁ་ཚར་གྱིས། ། གཏར་དགོས་གཏར་མི་རུང་བ་དང་། ། བད་ཁྲག་བྱེར་བའི་གློ་ནད་དང་། ། སྨན་རྟ་ཆང་གིས་བྱས་གྱུར་ན། ། རིམས་མཇུག་ལུད་པ་བཅོས་རྡུགས་སེལ། །
     (9)བདེ་བྱེདསྙོམས་ལྡན་ཞེས་བྱ་སྨན་གྱི་མཆོག ། བད་ཀན་ལྡན་འདུས་ནད་རིགས་མཐའ་དག་ལ། ། ཕྱི་ཡི་ནད་ནི་སྦྲུལ་ཤུན་ལྟ་བུར་འབྱེད། ། ནང་ནད་བ་མོ་ཉི་ཤར་ཉིད་དང་མཚུངས། །
     (10)ཐང་ཆེན་ཉེར་ལྔ་ཞེས་སུ་གྲགས་པ་འདིས། ། དུག་དང་སྨུག་པོ་ཚད་རྙིང་བྱེར་བ་སྡུད། ། འདུ་བ་ཚ་གྲང་སྙོམས་ལ་དང་ག་འབྱེད། ། རླུང་མི་སྐྱེ་ལ་བད་ཀན་མཁྲིས་པ་སེལ། ། སྦྱོར་བའི་རྒྱལ་པོ་གདོང་ནག་མཁས་པའི་ལུགས། ། ཐང་དུ་གསུངས་ཀྱང་ཕྱེ་རིལ་ཆུ་སྐོལ་དབུལ། ། འདུས་རྟགས་ལུས་ལྕི་ཁ་སྐམ་དང་ག་འགག ། ཕོ་བ་ན་ལ་རྩ་ཆུའི་ཚ་བ་སྐྱེ། ། དེ་དུས་དངོས་གཞིའི་སྤྱི་སྨན་གང་འོས་བསྟིན། །
     (11)མན་ངག་བསིལ་བའི་སྦྱོར་བ་འདིས། ། དུག་སྨུག་མཁྲིས་པ་མཆིན་པ་རྒྱས། ། ཁྲག་རྙིང་སྟོད་རྒྱངས་གབ་ཅིང་ཞེན། ། མཆིན་མཚེར་བར་གྱིས་བར་ཁྲག་རྒྱས། ། མཆིན་དྲི་ནང་གི་ནད་རྣམས་ལ། ། སླེབས་པས་ཆོག་པ་ཁོ་བོས་མཐོང་། །
     (12)ཟུར་ལུགས་ཟླ་ཤེལ་ཆེན་མོའི་སྦྱོར་བ་འདི། ། ནད་གཞི་བསྟུན་ཏེ་རང་རང་སྨན་རྟས་འཕུལ། ། དུག་དང་སྨུག་པོ་ཁྲག་ཏུ་འཁྲུ་སྐྱུག་དང་། ། གབ་ཚད་ཚད་རྙིང་འགྲམ་འཁྲུགས་འཐབ་པ་དང་། ། མ་ཞུ་གླང་ཐབས་སྲིན་དང་ཆུ་སེར་སྐྲན། ། ལྡན་འདུས་ནད་རྣམས་འཇོམས་པའི་རྡོ་རྗེ་ཡིན། །
     (13)སྨུག་པོའི་གཡུལ་ལས་རྒྱལ་བའི་སྨན་མཆོག་འདི། ། ཞལ་ཤེས་བཞིན་དུ་མ་ནོར་བསྟེན་གྱུར་ན། ། བྲང་ཚ་ཆུ་སྐྱུར་མཁྲིས་པ་རྒྱ་བཤལ་སྐྱུག།ཕོ་མཆིན་རོ་རྒྱབ་སྦྲགས་ཤིང་ཚིགས་པ་ན། ། ཁྲག་མཁྲིས་ཕོ་བར་ལྷུང་ངམ་སྟོད་དུ་གཟེར། ། སྨུག་པོ་རྒྱས་དང་གབ་ཅིང་འཁྲུགས་པ་དང་། ། རང་གཞན་གནས་སུ་ཞེན་ཅིང་རྙིངས་པ་སོགས། ། འདུས་ནད་སྨུག་པོའི་རིགས་ཀྱི་སྨན་གཅིག་ཡིན། །
     (14)ཞི་བྱེད་དྲུག་གི་སྦྱོར་བ་འདིས། ། མ་ཞུ་ཕོ་སྦོས་གླང་ཐབས་དང་། ། ཐུར་སེལ་རྒྱུ་བ་ལོག་པ་དང་། ། བུ་དང་ཤ་མ་མ་ཐོན་དང་། ། བཤང་འགགས་སོགས་ལ་ཤིན་ཏུ་ཕན། །
     (15)སེ་འབྲུའི་སྦྱོར་བ་ཀུན་ལྡན་བདེ་བྱེད་ཅེས། ། མེ་དྲོད་སྟོབས་འཕེལ་ཟས་ལེན་ཤེད་ཆེ་ཞིང་།  །མ་ཞུ་འཇུ་ཞིང་ཤ་རྦབ་སྦོས་པ་དང་། ། མཆིན་ཆུ་ཟགས་དང་ཆུ་འགགས་སྐྲན་ཀུན་སེལ། ། བད་ཀན་མཁལ་མའི་ནད་ལ་བསྔགས་པ་སྟེ། ། སྨུག་པོ་རྒྱས་ལ་རུ་རྟའི་རྟ་ལ་བསྐྱོན། ། སྨུག་པོ་བྱེར་ལ་ཕག་པའི་བཅུད་ལེན་དང་། ། སྟོབས་འཕེལ་ནད་ལ་བྱང་སེམས་དཀར་པོ་མཆོག།ཁྲག་ནད་ཀུན་ལ་སྟར་བུ་ཁྱོར་གང་བསྡེབ། ། སྤྱི་སྨན་གཞན་ལ་མེད་པའི་མཁས་ཆོས་ལུགས། །
     (16)དྭ་ལིས་བཅུ་དྲུག་སྦྱོར་བ་འདི། ། སྦྲང་དང་བུ་རམ་རྟར་བསྐྱོན་པས། ། སྨན་ནུས་མྱུར་དུ་འབྱིན་པར་བྱེད། ། མ་ཞུ་གླང་ཐབས་ཕོ་བ་སྦོས། ། ཚ་གྲང་འཐབ་པའི་ནད་རྣམས་དང་། ། སྟོད་འཚངས་བད་རླུང་མགོ་འཁོར་དང་། ། གློ་ལུ་སྐད་འགགས་ལུས་པོ་སྐྲངས། ། སྐྱ་རྦབ་ས་ཆུ་མི་ཐུབ་པར། ། སླེབས་པས་ཆོག་པ་མྱོང་བྱང་ཡིན། །
     (17)ཚ་ཆུ་གྲང་ཆུར་བསྒྱུར་པའི་མན་ངག་ལ། ། སྐྱུ་རུའི་ཆིག་ཐང་ལན་འགའ་བསྟེན་པའམ། ། ཡང་ན་ཨ་བྷི་དྲུག་ཐང་མང་འཐུངས་པས། ། ཚ་ཆུའི་ཆུ་ལམ་འབྱེད་ཅིང་གྲང་ཆུར་བསྒྱུར། །
     (18)ཕྱེ་མ་འབོལ་སྨན་བདུན་པའི་སྟེང་དུ་ནི། ། ཆུ་མདོག་ལྗང་དང་སེར་དང་བར་ཆུ་ཡི། ། ཁ་ཚར་མན་ངག་ལྡན་པ་ཆུ་སྐོལ་གྱིས། ། འཕུལ་ལམ་ཡང་ན་གོང་བཤད་ཐང་གིས་དབུལ། ། ཚ་ཆུའི་ནད་རྟགས་ཆེ་ན་ཨ་ཅང་ཆེ། ། ཚ་ཤས་ཆེ་ཙམ་ལ་ཡང་ཡུན་རིང་བསྟེན། ། དེ་ཡིས་དྲི་ཆུའི་བུངས་ཆེ་ཕོ་བ་བདེ། ། ཚ་བའི་ཆུ་དེ་ལྡན་ནམ་གྲང་ཆུར་བསྒྱུར། ། མ་འགྱུར་སྲིད་ཀྱང་ཚ་ཆུའི་རླབས་འདི་གཅོག།ལྡན་ནམ་གྲང་ཆུ་ལའང་ཞག་འགའི་བར། ། མེ་དྲོད་གསོ་བྱེད་རྗེས་དང་སྨན་གཞན་གྱི། ཐོག་མར་སྨན་འདི་གཏོང་བ་མྱོང་བའི་གནད།
     (19)ནོར་བུ་བདུན་ཐང་བསྡུས་གྲང་བཏང་བ་ཡི། ། ཕན་ཡོན་ཁྲག་དང་རླུང་དང་འཁྲུགས་གསུམ་ལ། ། ཆུ་དྭངས་ནོར་བུ་ཆུ་སྟེང་བཞག་པ་བཞིན། ། དེ་རྣམས་རང་བཞིན་དྭངས་པར་འགྱུར་བ་ཡིན། ། དེ་ཕྱིར་འདི་མིང་ནོར་བུ་ཆུ་དྭངས་ཟེར། ། འདི་ལ་སྨིན་སྡུད་གསོད་པ་གསུམ་ག་ཚང་། ། དེ་ལྟར་ཐང་ནི་ལན་འགའ་བསྟེན་པ་ཡིས། ། ཚ་བ་ཆུང་ངུ་ལམ་ནས་ཟློག་ཀྱང་སྲིད། །
     (20)སླེབ་ཆོག་བདུད་རྩི་དངོས་དང་མཚུངས། ། མཁྲིས་པ་ཚད་རིམས་མཐའ་དག་ལ། ། སྨིན་སྡུད་མྱུར་དུ་སེལ་བའི་མཆོག།
     (21)རིལ་བུ་རྟ་ཟི་དམར་པོ་འདི། ། རྟ་མགྲིན་བསྐྱེད་བཏང་གཉན་བསྡོངས་པའི། ། བལ་ནད་འབྲུམ་པ་རྒྱུག་འགྱེལ་དང་། ། མིག་སེར་གག་ལྷོག་གདོན་ལ་སོགས། ། ཚད་རིམས་བཞི་བརྒྱ་རྩ་བཞིའི་ནད། ། ཐམས་ཅད་སེལ་བ་ཐེ་ཚོམ་མེད། ། སྐབས་མཚམས་ཐང་གིས་ཁ་བསྒྱུར་བྱ། །
     (22)སྟོད་ལུགས་སྤང་རྩི་བཅུ་གཉིས་ཁྱད་མཚར་ཅན། ། གཉན་ཚད་མ་ལུས་གསོད་པར་བྱེད་པའི་མཆོག།རིམས་ནད་སྟོབས་ཆེན་འཇོམས་པའི་གཉེན་པོ་ཡིན།
     (23)སྨན་མཆོག་གནམ་ལྕགས་ཐོག་མདར་གྲགས་པ་འདིས། ། ཡ་མ་དཀར་ནག་ཁྲ་གསུམ་སེལ་བའི་མཆོག།
     (24)ཕན་པ་ཀུན་ལྡན་ཞེས་པ་འདིས། ། གག་ལྷོག་དང་ནི་འཁྱམས་པོ་དང་། ། ལོག་འཁྲེབས་ཁོང་ཤོར་ཕྱིའི་ཆུ་འཐབ། ། ཡ་མ་ཁ་མེད་གཉན་དང་ནི། ། ལྕེ་འབམ་འཇོམས་ཤིང་ཁྱད་པར་དུ། ། སྨན་བཏང་གཉིད་ལོག་རྣག་ཏུ་ཁུག །
     (25)བྱ་ཁྱུང་རྣམ་པ་ལྔ་ཡི་རིལ་བུ་འདིས། ། སྲོད་དུ་ལྔ་བདུན་དགུ་རྣམསརིམ་པས་བཏང་། །
ཕོ་ལོག་སྲིན་ནད་གཉན་གཟེར་གག་ལྷོག་དང་། ། ཁྱད་པར་ཆུ་སེར་མཛེ་ནད་འཇོམས་པའི་མཆོག།
     (26)གསལ་བྱེད་ཨ་ཝ་བཅོ་ལྔ་ཐོ་རེངས་དུས། ། ཡུན་དུ་བསྟེན་པས་མིག་གི་བདུད་རྩིར་འགྱུར། །
     (27)སྤོས་རེངས་རིགས་བཟང་ནུ་ཞོའམ་ཆུ་ཡིས་བྲན།  །དྭངས་མ་མིག་ཏུ་བླུག་པའི་ཕན་ཡོན་ནི། ། མིག་འགྲིབ་རབ་རིབ་དམར་ཚག་སྐམ་ཚག་སོགས། ། མིག་ནད་ཅི་ལས་གྱུར་པ་སེལ་བ་བྱེད། །
     (28)སྐྱེར་པའི་ཁནྡ་ཆུ་གཙང་སྦྱར་བླུག་པས། ། མིག་ནད་ཚག་འགྲིབ་ཀུན་ལ་བདུད་རྩིར་འགྱུར། །
     (29)གཞུང་བཞིན་ཚད་ལྡན་སྦྱར་བའི་གི་ཝང་དགུས། ། མཆིན་པ་བསྣད་འགྲམ་མཆིན་ཁྲག་རྒྱས་པ་དང་། ། མཆིན་ཚད་བད་ཀན་སྨུག་པོ་རྒྱས་པ་སེལ། །
     (30)གུར་གུམ་བཅུ་གསུམ་མཆིན་རྒུད་སྦྱར་དུག་དང་། ། མཁལ་མ་བསྣད་འགྲམ་ཆུ་སྲི་ཚ་སྦོས་དང་། ། ཡ་མ་ནག་པོའི་སྲིན་ནད་སེལ་བར་བྱེད། །
     (31)སྤང་རྒྱན་བཅོ་ལྔ་ཞེས་བྱའི་སྨན་མཆོག་འདིས།ཆམ་ཚད་གྲེ་བར་བབས་པ་དབུགས་མི་བདེ། ། བད་རླུང་སྟོད་དུ་འཁྱིམས་དང་གཟེར་ཆེན་དང་། ། ཁྱད་པར་བད་ཚད་སེལ་བར་འདི་རང་བསྔགས། །
     (32)གློ་ཚད་ཀུན་སེལ་གཉན་ཚད་གློ་ཚད་སེལ། ། བྱིས་པའི་དུས་སུ་གསུངས་ཀྱང་ཀུན་ལ་བསྔགས།  །
     (33)འཁྲུགས་གློ་ཀུན་སེལ་འདི་ཡང་འགྲམས་ལ་བསྔགས།གཞན་ཡང་འཁྲུགས་རྒན་གློ་རོ་ལུད་པ་ལུ། ། ཆམ་གཞུག་ལ་སོགས་ཀུན་ལ་མཆོག་ཏུ་འགྱུར།  །
     (34)ཨ་རུ་བཅོ་བརྒྱད་ཆུ་ཚན་འཕུལ་བཏང་བས།  །མཁལ་རྩ་འགྲམས་བྱེར་མཁལ་རྐེད་ན་བ་དང་། ། ཚིགས་བྱེར་ལ་སོགས་མཁལ་ཚད་མ་ལུས་སེལ། །
     (35)གུ་ཡུ་ཉེར་བརྒྱད་འབྲས་བུ་སྐྲངས་པ་དང་། ། དཀར་དམར་གྲང་བ་འཛག་པའི་ནད་རིགས་དང་། ། མཁལ་མའི་དྲོད་ཤོར་དཔྱི་མིག་གཟེར་ལ་བསྔགས།  །
     (36)གསོ་བྱེད་ཉི་མའི་དཀྱིལ་འཁོར་ཞེས་བྱ་འདི། ། འཕུལ་བྱེད་ཆུ་སྐོལ་ཚན་མོ་སྐབས་འགར་ཆང་། ། མ་ཞུ་སྐྲན་དང་སྐྱ་རྦབ་འོར་དམུ་ཆུ། ། མཁལ་མའི་དྲོད་ཤོར་ས་བོན་ཉམས་འཛག་དང་། ། ཆུ་སྲི་མཁལ་རྐེད་ལྒང་པ་ཆུ་སོར་ཟུག  །ཚ་འཁྲུ་གྲང་འཁྲུ་གྲང་རྙོགས་གྲང་སྲིན་དང་། ། ཆུ་སེར་གྲང་བབས་གྲང་བ་གྲུམ་བུ་སོགས། ། གྲང་ནད་ཀུན་ལ་དུས་མཐའི་མེ་ལྟ་བུ། ། ཁྱད་པར་ཕོ་བའི་མེ་དྲོད་སྐྱེད་པའི་མཆོག།དྭངས་མ་གནས་འཇོག་ཆུ་སེར་རྩ་བ་སྐེམ། ། ལུས་ཟུངས་རྟས་བྱེད་ཚེ་ཡི་བཅུད་ལེན་འགྱུར། །
     (37)བྲེ་ག་བཅུ་གསུམ་ལྒང་པའི་ནད་རིགས་དང་། ། མཁལ་རྐེད་འགྲམས་དང་འོར་དུ་ལྷུངས་པ་དང་། ། འབྲས་བུ་ཚ་གྲང་གང་གིས་སྐྲངས་པ་འཇོམས། །
     (38)སཱ་རའི་མྱོང་གྲུབ་སྐྱེར་ཤུན་བརྒྱད་པ་འདི། ། ས་བོན་ཁྲག་དང་བསྡོངས་ཏེ་འཛག་པ་དང་། ། ཆུ་བཙགས་རྗེས་ལ་ཆུ་ཁ་ཚ་ཙག་བྱེད། ། མདོར་ན་ཁྲག་མཁྲིས་ལས་གྱུར་ཚ་འཛག་ཀུན། ། སེལ་བར་སྨན་མཆོག་འདི་རང་ལྷག་པར་མཐོང་། །
     (39)སཱ་རའི་ཁྱུང་ལྔ་འཛག་སྡོམ་ཞེས་བྱ་འདི། ། ཕལ་ཆེར་ཆུ་སྐོལ་གྲང་རླུང་མྱོས་ཁུས་དབུལ། ། མཁལ་མའི་ཚ་གྲང་ནད་རིགས་ཡིན་ཅོག་དང་། ། སྲིན་གླང་ལ་སོགས་གཉན་རིམས་ཀུན་ལ་བསྔགས།ཁྱད་པར་ས་བོན་འཛག་པ་གཅོད་པ་སྟེ། ། སྨན་ནད་ཐོན་ངེས་ལན་འགའ་བསྟེན་པ་ཡིས། ། དྭངས་མ་འཛག་གཅོད་མིན་ཀྱང་ནད་ཟུག་གཅོག།
     (40)སེ་འབྲུའི་སྦྱོར་བ་དྭངས་མ་གནས་འཇོག་འདིས། ། ཚ་གྲང་འཐབ་པའི་ཁ་འཛིན་མེ་དྲོད་གསོ། ། བད་ཀན་བེ་སྣབས་རྩ་སྤུབས་འགགས་པ་སེལ། ། དྭངས་མ་གནས་འཇོག་ལུས་ཟུངས་རང་སོར་འཇུག།
     (41)སྤོས་ཁྱུང་བཅོ་ལྔ་ཚད་ལྡན་འདི་བསྟེན་པས། ། དྲེག་གྲུམ་ཆུ་སེར་ཀོ་ལེར་ཚ་འཁྱུག་འཇོམས། །
     (42)དངུལ་ཆུ་རིན་ཆེན་བཅོ་བརྒྱད་སྦྱོར་བ་འདིས། ། ཀླུ་ཡི་གདོན་འཇོམས་ཆུ་སེར་རྩད་ནས་སྐེམས། །
     (42)གཞན་ཡང་དངུལ་ཆུ་བཅོ་བརྒྱད་གྲགས་པ་ནི།  །ཀླུ་བདུད་གཉན་སོགས་ཀུན་དང་སྟེང་གདོན་བསྔགས། །
     (43)བྱུག་སྨན་རྒྱལ་པོ་བྱ་ཁྱུང་སྔོན་པོ་ཞེས། ། དྲེག་གྲུམ་རྐང་འབམ་ཆུ་སེར་ཚ་བབས་དང་། ། ཤུ་ཐོར་གཉན་ནད་ཚ་བར་བསྔགས་པ་ཡིན། །
     (44)བསམ་འཕེལ་ནོར་བུར་གྲགས་པའི་སྨན་མཆོག་འདིས། ། རིམས་འཁྲུགས་ཚ་བ་གསར་དང་རྙིང་པ་དང་། ། དྲེག་གྲུམ་མཛེ་དང་རེངས་འཁུམས་མཁལ་རྩ་བསྣད། ། འགྲམ་འཁྲུགས་རྩ་ལ་བྱེར་ཞིང་ཞེན་པ་དང་། ། བཅོས་མང་རྡུགས་པའི་ནད་གཞི་ཀུན་ལ་ཕན།ཁྱད་པར་རྩ་དཀར་ནད་ཀྱི་གཉེན་པོ་ཡིན། །
     (45)རྩ་བྱུག་མར་རྙིང་སྦྱར་ཏེ་བྱུགས་པ་ཡིས། ། རྩ་དཀར་ནད་ལ་ཤིན་ཏུ་ཕན་པ་མཐོང་། །
     (46)ཀླུ་བདུད་བཅོ་བརྒྱད་ཆུ་སྐོལ་ཚན་མོས་དབུལ། ། མཛེ་དང་གཡན་པ་གླང་ཤུ་དྲེག་ནད་དང་། ། ཟ་རྐོང་ཕོལ་འབྲས་གཉན་སྲིན་ཡ་མ་སོགས། ། ཆུ་སེར་ཚ་བའི་ནད་རིགས་ཡིན་ནོ་ཅོག། ། ཁྱད་པར་ཐིག་ནག་འབམ་དང་གྲུམ་བུ་འཇོམས། །
     (47)གསང་སྨན(འབྱར་ཆེན)མཐོང་བརྒྱུད་ཕྱག་ལེན་བཞིན་བཏང་བས། ། འབམ་རིགས་ཀུན་ལ་བདུད་རྩི་ལྟ་བུར་བསྔགས། ། སྐབས་འགར་སེ་འབྲུ་ལྔ་པ་ཀུན་བདེ་ཡིས། ། ཕོ་བའི་མེ་དྲོད་གསོ་བ་མན་ངག་ཡིན། །
     (48)འབྱར་ཆེན་རེག་པ་བདེ་སྐྱེད་སྐྲངས་པོར་བྱུགས། ། དེ་སྟེང་སྤུན་ནན་ཆིངས་ཕྲ་སོགས་ཚུལ་བཞིན། ། ལེགས་བྱས་གཙོ་བོ་རྐང་འབམ་ནད་ལ་བསྔགས། ། གཞན་ཡང་དྲེག་དང་གྲུམ་བུ་ཆུ་སེར་མཛེ། ། གསར་རྙིང་རྨ་ཡི་སྐྲངས་དང་གཉན་དང་འབྲས།  །མ་ལུས་སེལ་བ་བྱང་སྨན་མཁས་པའི་ལུགས།  །
     (49)ཞི་བྱེད་བཅུ་གཅིག་སྐྱེ་ཟུག་གཅོག་པ་དང་། ། མོ་ནད་ཁྲག་སྐྲན་འདྲིལ་བ་བཤིག་པར་པྱེད། ། ཁྱད་པར་བཙས་རྗེས་སྲིན་གླང་འགྲིལ་རོ་ལ། ། འདི་ལས་ལྷག་པའི་གདམས་པ་གཞན་ན་མེད། །
     (50)བཅད་སྦྱོར་མར་ཁུར་བསྐོལ་ནས་རྨ་ཁ་རུ།  །བཏབ་པས་རྨ་རིགས་འཕྲལ་དུ་གསོས་པར་འགྱུར། །
     (51)ཁྲག་གཅོད་གུར་གུམ་བརྒྱད་པ་ཚད་ལྡན་གྱིས། ། སྨུག་པོ་གྱེན་དུ་རྡོལ་ལམ་ཐུར་དུ་རལ། ། རྩ་ཆེན་མཚོན་གྱིས་བཅད་དམ་སྣ་ཁྲག་རྡོལ། ། ཁྲག་ཤོར་མ་ལུས་གཅོད་པའི་མན་ངག་ཡིན། །
     (52)ཤུ་སླ་ཕག་ཆིལ་མར་རྙིང་གང་རིགས་ལ། ། སྦྱངས་ཏེ་ཤུ་བར་བྱུགས་ནས་ཉི་མར་བསྲོ། ། ཆུ་སེར་ལས་གྱུར་ཤུ་བའི་ནད་ལ་བསྔགས། །
     (53)སྟར་བྱང་འདི་ནི་གཡང་ལྷུང་རྡོ་དབྱུག་ཕོག།དབུགས་མ་ཐོན་དང་ཁྲག་རླུང་སྟོད་འཚངས་དང་། ། ངན་ཁྲག་སྟོད་ལྷུང་སྨུག་པོ་འགྱིངས་འགྲིལ་དང་། ། མ་ཞུ་སྐྲན་དང་ཤ་དུག་བཙན་དུག་སོགས། ། མ་ལུས་སེལ་བྱེད་ནད་བརྒྱ་སྨན་གཅིག་ཡིན། །
     (54)ཀུན་བྱེད་རྒྱལ་པོ་ཆང་གིས་རྟ་བྱས་གཏོང་། ། ཤ་ལྤགས་རྩ་རྒྱུས་ཆུ་རྒྱུས་ལ་སོགས་པའི། ། རྨ་ཀུན་གསོ་བར་བྱེད་པའི་བདུད་རྩི་སྟེ།ཁྱད་པར་མགོ་ཡི་རུས་སྐྱོན་ཆེ་འབྲིང་ཆུང་། ། ཀླད་པ་རལ་དང་མཚོན་ཆ་ཕོག་པ་སོགས། ། རྩ་རུས་ཤ་དང་ཀླད་པའི་ཐིག་ཀུན་སྡོམ། ། མཆོག་ཏུ་བྱང་ཁོག་སྟོད་སྨད་རྨ་ལ་བསྔགས།  །
     (55)གཞན་ཡང་སྨན་མཆོག་སེམས་ཀྱི་བདེ་སྐྱིད་འདི།  །རིལ་བུ་གསུམ་ལྔ་བདུན་ལ་སོགས་པ་ནི། ། ལུས་སྟོབས་སྦྱར་ལ་དགོང་དང་ཐོ་རེངས་དུས། ། ཤ་མར་བུར་རྙིང་ཆང་རྒན་གདུས་པས་འཕུལ། ། ཕན་ཡོན་རླུང་ལས་གྱུར་པའི་ནད་རྣམས་ཀུན། ། དུས་མཐའི་མེ་དང་ཉེ་བའི་བ་མོ་བཞིན། ། ཐབས་འདིས་མི་འཇོམས་པ་ནི་ག་ལ་སྲིད། ། ཁྱད་པར་སྲོག་རྩར་རླུང་ཞུགས་སེམས་མི་བདེ། ། འཕྱོ་འདར་སྨྱོ་ལྐུགས་སྙིང་དཀྱིལ་ཆུ་བླུག་འདྲ། ། དེ་ལྟའི་ནད་ལ་ཚུལ་འདི་བདུད་རྩི་ཡིན། །
     (56)སྲོག་འཛིན་ཉེར་ལྔ་འདོན་བཞིའི་རྟར་བསྐྱོན་གཏོང་། ། ཤ་ལྤགས་རྩ་རུས་ཞུགས་པ་ཕྱི་ཡི་རླུང་། ། དོན་ལྔ་སྣོད་དྲུག་ལ་ཞུགས་ནང་གི་རླུང་། ། སྲོག་འཛིན་ལ་སོགས་རྣམ་ལྔ་གསང་བའི་རླུང་། ། སྟོད་སྨད་བར་གསུམ་ཞུགས་པའི་རླུང་ལ་སོགས། ། རླུང་རིགས་སྨན་སྦྱོར་གཅིག་གིས་འཇོམས་མོ་ཞེས། ། སྨན་བླ་གཉིས་པ་ཡོན་ཏན་མགོན་པོས་གསུངས། །
     (57)ཨ་གར་ཉི་ཤུར་གྲགས་པའི་སྨན་མཆོག་འདིས། ། རླུང་ཁྲག་འཐབ་དང་གཟའ་ནད་རྩ་དཀར་དང་། ། སྲོག་རྩར་རླུང་ཞུགས་སྨྱོ་ལྐུགས་ཡན་ལག་སྦྲིད། ། རླུང་བུས་ཚ་བས་བྱེར་སོགས་ནད་རིགས་ལ། ། མན་ངག་འདི་ནི་བདུད་རྩི་ལྟ་བུ་ཡིན། །
     (58)ཏིག་ཏ་ཉེར་ལྔའི་སྦྱོར་བ་ཡིས། ། ནད་གཞི་སྣོད་མཁྲིས་ལས་སྐྱེས་པའི། ། མཁྲིས་ནད་ཚ་གྲང་མ་ལུས་སེལ། །
     (59)སྨན་མཆོག་ཙནྡ་བཅོ་བརྒྱད་འདི། ། བྲག་ཤུན་ཐང་གིས་འཕུལ་ལ་བཏང་། ། ཕན་ཡོན་འཁྲུ་སྐྱུགས་འདྲིལ་བ་དང་། ། རྩིབ་ལོགས་རོ་སྟོད་གཟེར་བ་དང་། ། སྙིང་རླུང་རྒྱུ་བ་ངན་པ་དང་། ། རྩ་ཆད་རྩ་འདྲུལ་ཤ་འཕྲིག་དང་། ། མགོ་བོ་ན་ཞིང་མིག་མི་གསལ།ཁ་ལྕེ་སྐམ་ཞིང་གྲེ་བ་ཚ། ། མཆིན་མཁྲིས་ཕོ་བ་རྒྱུ་མ་ལ། ། རྨུག་ཅིང་ཚ་བར་བྱེད་པ་དེ། ། མེ་དབལ་ཆུ་ཡིས་གསོད་དང་མཚུངས། །
     (60)བྱང་ལུགས་སེ་འབྲུ་བཅུ་གསུམ་ཞེས་པ་འདིས། ། མ་ཞུ་བད་ཀན་ལྷེན་དང་ལྕགས་དྲེག་དང་། ། མེ་ཉམས་ལ་སོགས་བད་ཀན་རང་རྒྱུད་ཅན། ། མ་ལུས་ནད་ཀུན་འཇོམས་པའི་སྨན་གཅིག་པོ།ཁྱད་པར་དང་ག་འབྱེད་ལ་མེ་དྲོད་སྐྱེད། །
     (61)གླང་ཆེན་མེ་ཏོག་བཅོ་བརྒྱད་ཅེས་གྲགས་པ། ། མཆིན་ཁྲག་སྨུག་པོ་རྒྱས་པ་སེལ་བའི་མཆོག།
     (62)གཡུ་རིལ་བཅུ་གསུམ་འདི་ཡིས་སྨུག་པོ་དང་།ཁྲག་མཁྲིས་བད་ཀན་ཕོ་བའི་ནད་ལ་བསྔགས། ། གྲང་རླུང་ལ་ཡང་མི་གནོད་སྤྱི་སྨན་ཡིན། །
     (63)སྤྱི་འཇོམས་བདེ་བའི་མྱུ་གུ་ཡིས། ། ཁྲག་མཁྲིས་ཕོ་བར་ལྷུང་བ་དང་། ། སྨུག་པོ་ཁྲག་སྐྲན་འདྲིལ་བ་དང་། ། མེ་ཉམས་མ་ཞུ་གསར་རྙིང་སོགས། ། ཕོ་ནད་ཚ་གྲང་མཐའ་དག་སེལ། །
     (64)དཀར་པོ་དྲུག་གི་སྦྱོར་བ་འདིས། ། སྙིགས་མ་མ་ཞུའི་ཕོ་ནད་སེལ། །
     (65)བདུད་རྩི་རིལ་དཀར་ཞེས་པ་འདི་ཡིས་ནི། ། མ་ཞུ་འཇུ་ཞིང་ཕོ་བའི་མེ་དྲོད་སྐྱེད། ། ལྷེན་དང་སྐྲན་བཤིག་བད་ཀན་ལྕགས་དྲེག་འགོག།སྐྱ་རྦབ་འཇིལ་ཞིང་འོར་དང་དམུ་ཆུ་སྐེམ། ། གྲང་སྲིན་གླང་ཐབས་ནད་ལ་བདུད་རྩི་འདྲ། །
     (66)དྭངས་སྨན་བཅོ་ལྔའི་སྦྱོར་བ་འདིའི། ། ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ།ཁྱད་པར་ཕོ་གཅོང་ནད་ལ་ཤིས། ། བད་ཀན་སྨུག་པོ་ཁྲག་སྐྱུག་དང་། ། རྒྱུ་ནད་རྟག་ཏུ་འཁྲུ་བ་དང་། ། སྒྲེག་པ་མང་ཞིང་ཟས་མི་འཇུ། ། ཕོ་བ་སྟོང་འཁྲོག་བྱེད་པ་དང་། ། ཕོ་ལོག་ཕོ་བ་སྤུ་བྱི་དང་། ། ཕོ་སུལ་ལྕགས་ཀྱི་དྲེག་ཆགས་དང་། ། ཕོ་བ་དུག་ཐབས་མཆིན་ནད་དང་།མཆིན་པ་སྐྱེས་དང་འཕྱང་བ་དང་། ། མཆིན་ཆུ་བླུགས་ཤིང་སྒྲེག་པར་བཅས། ། རྒྱུ་གཟེར་གྲོལ་མ་གླང་ཐབས་རིགས། ། འདྲིལ་བཅས་དྲུ་བུ་བསྒོང་བ་སོགས། ། མདོར་ན་ཕོ་ལོང་རྒྱུ་གཅོང་ལ། ། སྨན་མཆོག་འདི་ལས་ལྷག་པ་མེད། ། རྣོ་བ་སྤུ་གྲིས་གཅོད་དང་མཚུངས། ། སྨན་ནག་ཐུགས་ཀྱི་དཀྱིལ་དུ་ཆོངས། །
     (67)སྤྱི་འཇོམས་རྡོ་རྗེ་ཅན་ཞེས་ཟུར་མཁར་ལུགས།མ་སྨིན་སྨིན་དང་བྱེར་སྡུད་ལ་སོགས་པ།  །གྲངས་འདས་གསུངས་ཀྱང་རྩ་ཆུ་འགགས་པ་ལ། ། ཁྱད་པར་དུ་ཡང་འདི་ཉིད་བསྟེན་པར་བྱ། །
     (68)ཅུ་གང་བདེ་བྱེད་སྐབས་བསྟུན་སྨན་རྟས་འཕུལ། ། གློ་དང་ཚ་གྲང་ཆུ་རིགས་ལྡན་ཚད་འབྱེད། །
     (69)ཁྱད་པར་ཆུ་སྨན་ཆུ་རྩི་ཉེར་ལྔ་འདི། ། ཚ་གྲང་རང་རང་གཙོར་སྨོས་སྐབས་བརྩིས་པས། ། དམུ་ཆུའི་ནད་རིགས་ཚ་གྲང་གང་ཡིན་ཀྱང་། ། ཐེམ་བྲལ་རྫ་མའི་ཆུ་ལ་འགྲན་པ་བཞིན། ། རིམ་པས་གསང་བའི་ལམ་ནས་འདྲོངས་པར་ངེས། །
     (70)སྟོད་ལུགས་སྨན་སེར་ཆེན་མོ་ཞེས་གྲགས་པ། ། གསུམ་འགྲིལ་བལ་ནད་མིག་སེར་ཅོག་འགྱེལ་དང་། ། རིམས་རིགས་སྤོ་ཡོར་ཁྲག་མཁྲིས་རྩར་རྒྱུག་སོགས། ། གཉན་ནད་མ་ལུས་ཀུན་ལ་འདི་རང་ལྷག། ། ཁྱད་པར་ཚད་པ་གཉན་བསྡོངས་སྨིན་མ་སྨིན། ། མ་ཤེས་སྟོབས་ཆེན་ནད་ལ་ཞི་བྱེད་དུ། ། བསྟེན་ན་མྱོང་བས་གྲུབ་པ་ཁྱད་པར་འཕགས། །
     (71)ཨུག་ཆོས་ལྔ་སྟེང་ཤིང་ཀུན་བསྣན་པ་དེ། ། འབྲུ་མར་སྦྱར་བ་རྣ་བའི་ནང་དུ་གཏིག།སྒྲ་བཅས་འོན་པ་སེལ་བའི་མན་ངག་ཡིན། །
     (72)རྨེན་བུའི་སྦྱོར་བ་ལྦ་བ་རྒྱུན་གཅོད་འདི། ། ཟླ་སྨད་ཉི་ཤུ་གཅིག་ནས་དགུ་ཡི་བར། ། བསྟེན་ན་ལྦ་བ་རྩད་ནས་འབྱིན་པར་བྱེད། །
     (73)འབའ་སམ་ལྷ་ཡི་ལུང་བསྟན་འདིས། ། མཁལ་གཅོང་མཁལ་ནད་མཐའ་དག་དང་། ། མཁལ་འགྲམ་བྱེར་རྒྱས་ལྷུང་སོགས་སེལ། །
     (74)རྩ་ཐག་བཅུ་དྲུག་མྱོས་ཁུས་བཏང་བ་ཡིས། ། རླིག་པ་སྐྲངས་པ་རང་ཞི་དག་ལ་འགྲོ།སྨད་ནད་མཁལ་རྩ་འགྲམས་དང་མཁལ་རླུང་སོགས། ། མ་ལུས་སེལ་བྱེད་གདམས་ངག་སྙིང་ནོར་རོ། །
     (75)ཆིག་ཐུབ་རིལ་བུ་ཕོ་སྲིན་གླང་ཐབས་ལ། ། མཆོག་གྱུར་དྷརྨ་སེང་གེའི་ཁྱད་ཆོས་སོ། །
     (76)ཡ་སྨན་དབང་པོ་ཀུན་གསལ་འདི་འཐེན་པས། ། འདུས་ནད་ཡ་མ་དཀར་ནག་ཚད་རིགས་དང་། ། ངག་གི་གྲེ་འཛེར་ལ་སོགས་སེལ་བ་དང་། ། མིག་ལ་སོགས་པའི་དབང་པོ་གསལ་བར་གསུངས། །
     (77)སེང་ལྡེང་ཉེར་གསུམ་ཕྱེ་མ་འདི་ཉིད་ནི། ། དྲེག་གྲུམ་ནད་ལ་སླེ་ཏྲེས་བྲག་ཞུན་དང་། ། མཁལ་རྐེད་གྲང་བ་འཛག་པའི་ནད་རིགས་ལ། ། ནས་དཀར་སིངས་པོས་འཕུལ་བ་འཛགས་པ་གཅོད། །
     (78)མགྲིན་མཚལ་ཉེར་ལྔ་སེང་ལྡེང་ཁུ་བས་འཕུལ། ། སྐབས་སུ་སེ་འབྲུ་ལྔ་པ་བསྟེན་པ་ཡིས། ། དྭངས་མ་གནས་འཇོག་ཆུ་སེར་རང་སར་སྐེམ། ། དྲེག་ནད་མ་ལུས་འཇོམས་ཞེས་བྱང་པའི་ལུགས། །
     (79)དྭ་ལིས་བཅོ་བརྒྱད་ཅེས་སུ་གྲགས་པ་འདིས། ། སྤྱིར་དུ་རྩ་དཀར་ནད་དུ་གྱུར་པ་དང་། ། སྒོས་སུ་ཡན་ལག་ཞ་སྦྲིད་སྐམ་པ་སོགས། ། ནད་ཀུན་སེལ་བྱེད་སྨན་གྱི་ནོར་བུ་ཡིན། །
     (80)གསེར་ཐང་བཅོ་བརྒྱད་ཁ་བསྒྱུར་རིག་མདས་སྦྱར། ། འབམ་རིགས་གྱེན་ལོག་ཁྲག་མཁྲིས་འདུ་འཁྲུགས་ནད། ། སྟོད་གཟེར་དབུགས་ཐུང་རྔམས་རྒོད་ཀུན་ལ་ཕན། །
     (81)ཨ་གར་བརྒྱད་པས་སྙིང་རླུང་ཡིད་མི་བདེ། ། འགྲམས་འཁྲུགས་སྨྱོ་ལྐུགས་ནུ་མཆིན་གཟེར་བ་འཇོམས། །
     (82)ཀ་ར་སྦྱར་བའི་སྐྱུ་རུ་ཉེར་ལྔ་འདི། ། ཁྲག་ཤེད་མ་ལུས་གཅོག་པའི་སྤྱི་སྨན་ཡིན། ། གཏར་དགོས་གཏར་མི་རུང་ལ་སྨན་འདི་བསྟེན། ། སྟོད་གཟེར་ཁྲག་འཁྲུགས་ཚ་བ་སྟོད་རྒྱས་དང་། ། སྨུག་པོ་ཁྲག་རྒྱས་མཆིན་དྲི་རོ་སྟོད་གཟེར། ། བྲང་ཚ་ཆུ་སྐྱུར་མཁྲིས་པ་རྒྱ་བཤལ་དང་། ། ཁྲག་རུལ་དུད་ཁུ་སྐྱུགས་དང་ཕོ་མཆིན་ན། ། རོ་རྒྱབ་ཚིགས་གཟེར་ཁྲག་མཁྲིས་ཕོ་ལྷུང་དང་། ། སྨུག་པོ་རྒྱས་གབ་འཁྲུགས་དང་གནས་ཞེན་དང་། ། བྱེར་འཐབ་རྙིང་སོགས་འདུས་ནད་སྨུག་བསྒྱུར་ནི། ། སྨུག་པོ་གྱེན་ཐུར་རྡོལ་དང་སྨུག་ཚད་དང་།འགྱིངས་འཐབ་སྨུག་སྐྲན་བད་མཁྲིས་རླུང་སོགས་ལ། ། སྐྱུ་རུའི་འཕྲུལ་འཁོར་རིགས་པས་བསྐོར་ཤེས་ན། ། ནད་དོ་ཅོག་གི་གཉེན་པོ་ཨ་ཙར་ལུགས། །
     (83)གཙོ་བོ་ཉེར་ལྔ་མན་ངག་ཁ་ཚར་ཅན། ། ཚད་པ་ཆེ་ཆུང་གློ་དང་རུས་ལ་ཞེན། ། གློ་ཆེན་འགོག་དཀའ་དབུགས་ཐུང་གྱེན་མི་འཕེར། ། གློ་ཡིས་བརྒྱལ་ཞིང་འཚངས་ནས་དབུགས་སྡུད་དཀའ། ། འགུལ་ན་གློ་སྐྱུགས་བྱེད་ཅིང་ཉལ་མི་བདེ། ། ལུད་པ་མང་དུ་ལུ་ཞིང་སྣ་མཚུལ་འགགས། ། རོ་སྟོད་ཚ་ཞིང་བརྩེ་ལ་རྒྱངས་ཤིང་ཁེངས། ། ཚ་གཟེར་ཚ་སུབ་གློ་བ་ཁྲག་རྒྱས་སོགས། ། གློ་ནད་བརྒྱད་ལ་སྨན་འདི་སླེབས་པས་ཆོག།།                          
     (84)གུར་ཁྱུང་ཕྱག་རྡོར་རིལ་བུའི་སྦྱོར་བ་འདིས། ། ཡ་མ་དཀར་ནག་ཁྲ་གསུམ་དྲེག་གྲུམ་དང་། ། མཁལ་ནད་གསར་རྙིང་རྙོགས་པའི་ཚ་བ་དང་། ། ཆུ་སེར་དཀར་ནག་རེག་དུག་གཉན་དང་ཁྲག  །རྩ་དཀར་ནད་དང་གཟའ་ནད་མཛེ་ཀུན་སེལ། །
མཇུག་བྱང་།
     སྨྲས་པ། ངོ་མཚར་འཚོ་དཔྱད་གཞུང་གདམས་མཐའ་ཡས་ལས། ། ལེགས་གསུངས་སྨན་གྱི་སྦྱོར་སྡེའི་རྣམ་གྲངས་ཙམ། ། ཆུ་ལྷའི་རོ་འཛིན་ཇི་བཞིན་མངའ་བས་ཀྱང་། ། བསྐལ་པར་བརྗོད་ཀྱང་འཛད་པའི་མཐའ་མི་མངོན། ། འོན་ཏེ་གཉེན་པོའི་འགྲོ་ཕྱོགས་འདི་ཙམ་ཞིག།། ཤེས་ཀྱང་འགྲོ་ཕན་དཔག་མེད་འབྱུང་སྲིད་སྙམ། ། སོ་སོའི་ཕན་ནུས་ཕྱོགས་བསྡེབས་འཕྲུལ་སྤར་གྱི། ། ལེགས་བྱས་འདིས་མཚོན་བདག་གཞན་རྣམ་དཀར་མཐུས། ། སྨན་རྩིས་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས། ། བླང་དོར་མིག་རྙེད་ཟུག་རྔུའི་མཚོ་ལས་གྲོལ། ། ནད་མེད་ལང་ཚོ་རིང་པོའི་ཚེ་དང་ནི། ། བྱང་ཆུབ་དོན་དུ་གཉེར་ལ་མཐུ་ཐོབ་ཤོག །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...