སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རང་བྱུང་ཆུ་ཚན་དང་བདུད་རྩི་ལྔ་ལུམས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-14 10:56:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     སྤྱིར་རང་བྱུང་ཆུ་ཚན་དང་བདུད་རྩི་ལྔ་ལུམས་གང་ཡིན་ཀྱང་རང་བཞིན་རླན་ཞིང་དྲོད་གཤེར་དང་ལྡན་པ། རྩ་རྒྱུས་རེངས་འཁུམས་རྣམས་བསྲང་བར་བྱེད་པའམ་ཀྱོང་པོ་རྣམས་རླན་ཕབ་ཤིང་མཉེན་པར་བྱེད་པ། ན་ཚ་མེད་པར་བ་སྤུའི་བུ་ག་ནས་ནད་ཐམས་ཅད་ཕྱིར་འདོན་པ་ཞིག་སྟེ།མ་ལ་ཡའི་དཀའ་འགྲེལ་ལས། རླན་གཤེར་ཆུ་ཡི་ངོ་བོ་ལ།། རེག་བྱ་མེ་ཡི་རང་བཞིན་ཅན།། དེས་ན་ཆུ་ཚན་ཞེས་བརྗོད་དོ།།ཞེས་གསུངས་པ་ལྟར། སྤྱིས་ས་དཔྱད་རིག་པས་རང་བྱུང་ཁམས་ལ་ཤེས་རྟོགས་དང་ཞིབ་འཇུག་བྱས་པར་གཞིགས་ན་ས་འོག་གི་གཏེར་དངོས་མང་པོ་ཡོད་པ་དེ་ཚོའི་སྒུལ་ཤུགས་དང་གནོན་ཤུགས་ལས་གཏེར་དངོས་སྨན་རྫས་མང་པོ་རྫས་འགྱུར་བྱས་ཏེ། གཏར་རྫས་དེ་རྣམས་ཀྱི་ངོ་བོ་འགྱུར་བ་དང་བསྟུན་ནས། དྲོད་ཚད་ཆེར་རྒྱས་ཏེ་གཏེར་རྫས་འཇུ་སླ་བའི་རིགས་ཞུ་ནས་ས་འོག་གི་ཆུ་རྒྱུན་དང་འཕྲད་པས། ཆུ་རླངས་ཀྱི་གནོན་ཤུགས་ཀྱིས་ཕྱིར་རྡོལ་བ་ནི་ཆུ་ཚན་ཡིན། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞི་དཀའ་འགྲེལ་ལས། ལུམས་ནི་རླན་པའི་དོན་ཏེ་དེས་ལུས་ཀྱི་རྩ་རྒྱུས་གྱོང་བ་རྣམས་རླན་ཅིང་མཉེན་པར་བྱེད་ནུས་སོ།ཞེས་གསུངས་པ་ལྟར། རང་བྱུང་ཆུ་ཚན་གྱི་ལུམས་དང་བདུད་རྩི་ལྔ་ལུམས་གཉིས་ཀྱི་ངོ་བོ་དང་བྱེད་ལས་གཅིག་མཚུངས་ཡིན་པ་བསྟན་ཡོད་ལ། ཕྱི་རྒྱུད་དུའང་། ཆུ་ལུམས་སྤྱི་མཐུན་ལས་གྲུབ་ཆུ་ཚན་ཞུགས།། དེས་མ་འགྲུབ་ན་བདུད་རྩི་ལྔ་ལུམས་སམ་བཅོས་པའི་ལུམས་བསྟེན་ནའང་ཕན་ནུས་རང་བྱུང་ཆུ་ཚན་དང་མཚུངས་ཞེས་བེེ་སྔོན་དང་མེས་ཞལ་སོགས་སུ་གསུངས་ཡོད་པ་ནང་བཞིན་ནོ།།
      སྔ་རབས་སུ་རང་ཅག་མེས་པོ་རྣམས་ཀྱིས་སེམས་ཅན་སྤྱི་མཐུན་གྱི་ལས་དང་བསོད་ནམས་ཀྱི་མཐུ་ལས་གྲུབ་པའི་རང་བྱུང་ཆུ་ཚན་དུ་ཞུགས་ན་ལུས་ལ་ཚ་གྲང་གཉིས་ལས་སྐྱེད་པའི་ན་ཟུག་ལས་གྲང་བའི་གདུང་བ་སེལ་ཐུབ་པའི་ངེས་ཤེས་རྟོགས། ད་ལྟའང་ང་ཚོས་ཤེས་པ་ལྟར་སྤྲེའུ་ཚོས་གྲང་ངར་མ་བཟོད་ཚེ་རང་བྱུང་ཆུ་ཚན་དུ་ཞུགས་པ་དེ་བཞིན་ནོ། རིམ་གྱིས་མེ་སྤྱོད་ཤེས་པ་དང་མ་ཞུ་བ་ལ་ཆུ་ཚན་འཐུང་བ།འོ་མ་བསྲུབས་ཏེ་མར་ལོན་ཚུལ་རྗེས་མར་ཁུ་བཞུས་ནས་རྩ་ཁ་སྡོམ་པ། ནས་འབྲས་ཆང་བསྙལ་ལུགས་ཤེས་རྗེས་སྦང་མའི་འཇིབས་ཀྱིས་མཚོན་རྨ་གསོ་ཐབས་ཤེས་པ་སོགས་གསོ་དཔྱད་ཀྱི་དབུ་ཐོག་མ་བརྙེས་པ་ནི་གདོན་མི་ཟ། ཕྱོགས་མཚུངས་སུ་བཅོས་མའི་ལུམས་སྤྱོད་ཤེས་པའི་གོམ་པའང་ཐོག་མར་རྙེད།
      རྗེ་གཡུ་ཐོག་གསར་རྙིང་དང་བྱང་ཟུར་རིན་པོ་ཆེ་སོགས་ནས་བཟུང་ཏེ་རང་བྱུང་ཆུ་ཚན་ལ་ཞིབ་འཇུག་དང་ཚོད་ལྟ་བྱས་པ་བརྒྱུད་བདུད་རྩི་ལྔ་ལུམས་ཀྱི་བཅོས་ཐབས་དངོས་སུ་ལག་ལེན་དུ་བསྟར་ཐོག་ཉམས་མྱོང་གི་ཟིན་བྲིས་དང་གཞུང་ལུགས་ཀྱང་རྩོམ་གནང་མཛད་ཡོད་ལ་རིམ་གྱིས་བདུད་རྩི་ལྔ་ལུམས་ཀྱི་ལག་ལེན་བོད་ཀྱི་ས་གནས་མང་པོར་ཁྱབ་བརྡལ་དུ་སོང་།ཡིན་ནའང་། སྐབས་དེར་བོད་སྤྱི་ཚོགས་ཀྱི་ནང་བསམ་བློའི་འདུ་ཤེས་དང་ཕྱིའི་དངོས་པོའི་ཆ་རྐྱེན་ཅུང་ཞན་པོ་ཡིན་ལ། རྫ་ཆས་དང་ཤིང་ཆས་སོགས་སྣོད་ཀྱི་ཡོ་བྱེད་འཚམ་པོ་མེད་པས་ས་ལ་དུང་རྐོས་ཏེ་རི་དྭགས་ཀྱི་པགས་པ་བཏིངས་ནས་ལུམས་བཅོས་བྱེད་པ་སོགས་ལག་ལེན་སྟབས་བདེ་མིན་པས་བདུད་རྩི་ལྔ་ལུམས་ཀྱི་ལག་ལེན་རྒྱ་བསྐྱེད་མ་ཐུབ་པར་རང་སོར་ལུས།
    དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་ཏེ་སྤྱིར་བོད་ཀྱི་གསོ་རིག་ལ་མཆོངས་སྐྱོད་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་བསྟུན་བདུད་རྩི་ལྔ་ལུམས་ཀྱི་བཅོས་ཀ་བྱེད་སྟངས་ཀྱང་རིམ་གྱིས་འཕེལ་རྒྱས་བྱུང་སྟེ་ནད་བཅོས་ལག་ལེན་ཁྲོད་ནད་པར་ཕན་བསྐྱེད་ཀྱི་ཚད་རང་ཤུགས་ཀྱིས་ཇེ་མཐོར་སོང་།
     རང་བྱུང་ཚུ་ཚན་གྱི་གྲུབ་ཆ་དང་ཁྱད་ཆོས་གཙོ་བོ།
    ཆུ་ཚན་ལ་རིགས་ལྔ་སྟེ། གཅིག རྡོ་སོལ་དང་ཅོང་ཞི་གཙོ་བོ་འདྲེས་པ་ལས་བྱུང་བའི་ཆུ་ཚན། གཉིས། རྡོ་སོལ་དང་མུ་ཟི་གཙོར་བོར་འདྲེས་པ་ལས་བྱུང་བའི་ཆུ་ཚན། གསུམ། རྡོ་སོལ་དང་བྲག་ཞུན་གཙོ་བོ་འདྲེས་པ་ལས་བྱུང་བའི་ཆུ་ཚན།བཞི་བ། རྡོ་སོལ་དང་ཅོང་ཞི་མུ་ཟི་བྲག་ཞུན་གསུམ་གཙོ་བོ་འདྲེས་པ་ལས་བྱུང་བའི་ཆུ་ཚན། ལྔ་བ། རྡོ་སོལ་དང་ཅོང་ཞི་མུ་ཟི་བྲག་ཞུན་ལྡོང་རོས་གཙོ་བོ་འདྲེས་པ་ལས་བྱུང་བའི་ཆུ་ཚན་བཅས་ལྔའོ།།
       འདྲེས་པའི་གཏར་དངོས་མི་འདྲ་བར་བརྟེན་ནས་ཆུ་ཚན་སོ་སོའི་མདོག་དང་དྲི་རོ་ནུས་པ་སོགས་ཀྱང་མི་འདྲ་བ་ཡོད་ལ། དཔེར་ན། རྡོ་སོལ་དང་ཅོང་ཞི་གཙོ་བོར་འདྲེས་པ་ལས་བྱུང་བའི་ཆུ་ཚན་ཡིན་ན་ཆུ་མདོག་དྭངས་ཤིང་དྲི་མེད་ལ། ཉེ་འཁོར་དུ་ཅོང་ཞི་མཐོང་རྒྱུ་ཡོད་པ། དེ་གཙོ་བོ་ཕོ་བ་སྨུག་པོའི་ནད་དང་དུག་ནད། ཚད་རྙིངས་བཅས་ལ་ཕན། གཙོ་བོ་མུ་ཟི་འདྲེས་པ་ལས་བྱུང་བ་ཡིན་ན་ཆུ་མདོག་སེར་ཞིང་རོ་ཁ་བ་དང་མུ་ཟིའི་དྲི་མནན་པ། ཁོར་ཡུག་ཏུ་མུ་ཟི་མཐོང་རྒྱུ་ཡོད་པ། དེས་གཙོ་བོ་ཤ་བཀྲ་དང་མཛེ་ནད། ཆུ་སེར་དང་གྲང་བའི་རིགས་བཅས་ལ་ཕན། རྡོ་སོལ་དང་བྲག་ཞུན་ཤས་ཆེ་བའི་ཆུ་ཚན་ཡིན་ན་ཆུའི་མདོག་སྨུག་ལ་རོ་ཁ་ཞིང་དྲི་མི་ཞིམ་པ་དང་། མཐའ་འཁོར་གྱི་བྲག་རིའི་ངོས་སུ་བྲག་ཞུན་མཐོང་རྒྱུ་ཡོད་ལ། དེས་གཙོ་བོ་སྨུག་པོའི་ནད་དང་དྲེག་ནད། དོན་སྣོད་ཀྱི་ཚད་རྙིངས། ཆུ་འགགས་པ་སོགས་ལྡན་འདུས་ཀྱི་ནད་ལ་ཕན། ཡང་བྲག་མཚུར་དང་འདྲེས་པའི་ཆུ་ཚན་ཡིན་ན། ཆུ་མདོག་སྔོ་ནག་ཅན་ལ་ངོ་བོ་ཉོག་པ་མཚུར་གྱི་རོ་ཡོད་པ་དང་དེས་གཙོ་བོ་འབྲས་སྐྲན་དང་ཕོ་བའི་ནད་རྙིང་། རུས་པའི་ནད་དང་རྨ་སོགས་རུལ་བ་གཅོད་ཅིང་རྨ་ཚད་སེལ་བ། རྡོ་སོལ་དང་ཅོང་ཞི་མུ་ཟི་གཙོ་བོ་འདྲེས་པ་ལས་བྱུང་བ་དེས་ནད་ཀུན་ལ་ཕན་ཞིང་ཁྱད་པར་དུ་གྲང་བའི་ནད་སེལ་བ་ཡིན། ཡང་རྡོ་སོལ་དང་མུ་ཟི། བྲག་ཞུན། ལྡོང་རོས་འདྲེས་པ་ལས་བྱུང་བ་དེས་གཙོ་བོ་ཆུ་སེར་དང་ཚད་རྙིང་སོགས་སེལ་བ་སྟེ། རྩ་བའི་ཆུ་ཚན་རིགས་ལྔ་བོས་ནད་རིགས་སོ་སོར་སེལ་བ་དང་། ཁྱད་པར་དུ་ཆུ་ཚན་དེ་དག་རྣམས་ཀྱིས་འགྲམས་ཚད་དང་། དུག་རོ། ཚད་རྙིང་ཡུན་ལོན་པ། སུར་ཡ། ལུས་སྟོད་སྨད་ཕྱི་ནང་གི་རྩ་དཀར་ནག་གི་ནད། གཞན་ཡང་ལུས་དང་ཡན་ལག་རེངས་པ་དང་འཁུམས་པ། ལུས་སྒུར་བ་དང་གྲང་གཞི་ནད། ཤ་སྐམ་པ་སོགས་ནད་རོ་རྙིང་བ་རྣམས་ཕྱིར་འདོན་ཞིང་ཕན་པར་བྱེད་དོ།།
     བདུད་རྩི་ལྔ་ལུམས་ཀྱི་གྲུབ་ཆ་དང་ཁྱད་ཆོས།
     བདུད་རྩི་ལྔ་ལུམས་ཟེར་བ་ནི་རང་རེའི་གསོ་རིག་གི་གཞུང་དུ་བསྟན་པ་ལྟར་ནད་གཞི་གསོ་བཅོས་བྱེད་པའི་ཐབས་ཚུལ་ཆེན་པོ་བཞིའི་ནང་དུ་འཇམ་དཔྱད་ཀྱི་ཁོངས་སུ་གཏོགས་ལ། དེས་ཞི་སྦྱང་གི་ཐབས་ཤེས་ལ་བརྟེན་ནས་ནད་ངོས་ཕྱིར་འབྱིན་པ་དང་ནད་རོ་མཐར་འདོན་པ་ཞིག་ཡིན། མི་ལོ་དུ་མའི་རིང་ལ་དཔྱད་པ་དང་རིག་པ་ཞིབ་མོས་སྨན་རྫས་སྦྱོར་སྡེབ་ལ་བརྟེན་ནས་བཟོས་པ་ཞིག་ཡིན་པ་མ་ཟད། རིག་པས་དཔག་དེ་ནད་གཞི་དང་བསྟུན་པའི་ཁ་ཚར་ཀྱང་མང་པོ་རྒྱབ་ཆོག་པའི་ཁྱད་ཆོས་ལྡན་ལ། ནད་གཞི་གསོ་བཅོས་བྱེད་པར་རང་བྱུང་བདུད་རྩི་ཆུ་ཚན་ལས་ཀྱང་ལྷག་པའི་ནུས་པ་མྱུར་ཞིང་སྟབས་བདེ་ལ་ལོག་སྐྱོན་མེད་པ། དེར་རྩ་བའི་སྨན་སྣ་ལྔ་བོ་ཆ་སྙོམས་ཀྱིས་སྦྱོར་བ་ལ་རྐྱང་པའི་ལུམས་དང་། དེའི་སྟེང་དུ་རྩ་བ་ལྔ་དང་ཆུ་སེར་སྨན་གསུམ་སོགས་ཁ་ཚར་ལྔ་བཅུ་ཡས་མས་བསྡེབས་པ་ལ་འབྲིང་བའི་ལུམས། ཡང་ན་བཤལ་སྐྱུགས་དུག་རིགས་མིན་པའི་སྨན་སྣ་གང་འཛོམས་དང་མེ་སྣ་གང་འཛོམས་ནི་རྒྱས་པའི་ལུམས་སུ་གསུངས་སོ།།
     ཀུན་གྱིས་ཤེས་གསལ་ལྟར་བ་ལུ་མི་བདུད་རྩི་དང་། ཤུག་པ་ཉིན་གྱི་བདུད་རྩི། མཚེ་ལྡུམ་སྲིབས་ཀྱི་བདུད་རྩི། མཁན་པ་ས་ཡི་བདུད་རྩི། འོམ་བུ་ཆུ་ཡི་བདུད་རྩི་བཅས་ལྔ་བོའི་སྤྱི་མིང་ལ་བདུད་རྩི་ལྔ་ཟེར་ཞིང་། ཡང་། དེའུ་དམར་གྱི་ལག་ལེན་གཅེས་བསྡུས་ཀུན་གསལ་སྣང་མཛོད་ལས། བ་ལུ་མི་ཡི་བདུད་རྩི་པགས་མཉེན་བྱེད།། ཤུག་པ་ལྷ་ཡི་བདུད་རྩི་ཡོན་ཏན་མང་།། མཚེ་ལྡུམ་བཙན་གྱི་བདུད་རྩི་ལུས་ཟུངས་བརྟས།། འོམ་བུ་ཀླུ་ཡི་བདུད་རྩི་རུས་དུག་འབྱིན།། མཁན་སྐྱ་སྡེ་བརྒྱད་བདུད་རྩིས་འབྱུང་བ་སྙོམས།། ཞེས་གསུངས་སོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...