སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བྱང་ཁོག་ཡུལ་གནས་བབས་དབྱེའི་ཐིག་འབྱེད་གསང་བ་སྒོ་དབྱེ་ཞེས་བྱ་བ་བཞུགས་སོ།།
རྩོམ་པ་པོ། འབྲི་གུང་གསོ་རིག་གཅེས་བསྡུས་ལས་དྲངས། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-19 11:01:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ན་མོ་གུ་རུ་བྷཻ་ཥ་ཛྱེ། རྒྱལ་ཀུན་མ་ལུས་ཐུགས་རྗེའི་རང་གཟུགས་པ། །དུག་གསུམ་ནད་སེལ་ས་གསུམ་འགྲོ་བའི་མགོན། །སྨན་བླ་དྲང་སྲོང་ལྷ་མི་བརྒྱུད་བཅས་ལ། །ཕྱག་འཚལ་ནང་གི་རྩ་ཐིག་ཕྱིར་གསལ་བྲི། །ནང་ནས་ལྐོག་གྱུར་ཕྱགསལ་དཀའ་ན་ཡང༌། །དུས་གསུམ་ཕྱི་ནང་སྒྲིབ་མེད་གསལ་རྣམས་ཀྱིས། །རྩལ་དུ་བཏོན་པ་ཕྱག་ལེན་ཟབ་མོའི་རྒྱུན། །ཡང་མེས་བརྒྱུད་པའི་ཕྱག་ལེན་འདི་ལྟར་ཡིན། །ཁོད་མཉམ་གདན་ལ་སྐྱིལ་ཀྲུང་ལུས་བསྲང་འདུག།ལག་གཉིས་པུས་མོའི་སྟེང་བཀབ་རྐེ་མདའ་བསྲོང༌། །མཛོད་སྤུའི་དཀྱིལ་ནས་ལྟག་དབུས་ཚངས་ཐིག་གདབ། །དེ་བཞིན་རྣ་རྩེའི་དབུས་ནས་ཕན་ཚུན་གདབ། །གཙུག་གི་རྒྱ་གྲམ་ཚངས་པའི་བུ་ག་ཡིན། །གཙུག་དང་མཛོད་སྤུའི་བར་དཀྱིལ་ཚངས་མདུད་སྒོ། །གཙུག་ནས་རྣ་ལྟག་ལྟག་པའི་རུས་མཚམས་ཀྱི། །བར་དཀྱིལ་གསུམ་པོ་འདུས་སོ་སྲུབ་འདི་ནི། །ཀུན་ལ་ཡོད་མོད་སྲུབ་གཞན་མང་ཡང་སྲིད། །གཙུག་གཞུང་ཐ་ཚིགས་གཡས་གཡོན་སོར་བཞི་པར། །ཐིག་གདབ་ཁོང་དེ་རུས་པའི་ཞུར་པོ་སྒང༌། །རུས་པ་མཐུག་ཞིང་སྐྲན་ལ་ལྷ་བ་ཆེ། །དེ་ཕྱིར་སྔོན་བཞིན་སོར་བཞི་ཐིག་གདབ་ཁོང༌། །རུས་པའི་རྩིབ་ཡིན་ར་སྡེབ་ཞེས་ཀྱང་ཟེར། །གོང་ལས་རུས་སྲབ་ལྷ་གདུང་སྙོམས་པ་ཡིན། །དེ་འོག་ཐ་མ་རྣ་ལྟག་ལྷག་མ་རྣམས། །ལྷ་བ་ཆུང་ཞིང་སྲབ་ལ་སྐྲོན་པ་ཡིན། །རླུང་མིི་སྤྱི་རིང་ཤ་ཀླད་ཤ་ལྟར་སྲ། །མཁྲིས་མི་ལྟག་འབུར་མར་ཀླད་མར་ལྟར་སྣག།བད་ཀན་མི་མགོ་སོག་ཀ་བུང་ཚད་ཀླད༌། །དེ་གསུམ་ཉེས་གསུམ་སོ་སོར་སྐྱེས་པའི་རྟགས། །ལྡན་པ་རླུང་མཁྲིས་མགོ་བོ་གྲུ་བཞི་པའི། །ཀླད་པ་ཞོ་ཕྲུམ་འདྲ་བའི་ཕྲུམ་ཀླད་འབྱུང༌། །བད་མཁྲིས་ལྡན་པའི་མགོ་ཟླུམ་ཞོ་ཀླད་འབྱུང༌། །བད་རླུང་མགོ་བོ་འཕྲད་ཉལ་འོ་ཀླད་འབྱུང༌། །ཉེས་གསུམ་གསུམ་མགོ་སྤྱི་ལེབ་ཆུ་ཀླད་འབྱུང༌། །ལུས་ཐིག་རྒྱབ་ཀྱི་ཨན་སྟོང་གཞུག་ཆུང་དང༌། །མདུན་གྱི་སྐེ་སྟོང་མཚན་མ་སྦྲེལ་བ་ཡི། །གྱེན་ཐུར་ཚངས་ཐིག་བཏབ་ནས་འཕྲད་ཐིག་ནི། །མདུན་རྒྱབ་དཔུང་འཛུམ་གཉིས་སུ་གནམ་ཐིག་གདབ། །ཚིགས་པ་གཉིས་དང་སྟེང་རུས་ཁ་ལ་འོང༌།།ལྷེན་རུས་མཚམས་ནས་རྩིབ་རིང་གྱེན་ཚོན་གང༌། །དེ་ནས་ཚིགས་པ་བརྒྱད་པ་ཆུ་བ་བསུ། །ཐིག་གདབ་མཆིན་དྲི་དཀར་པོའི་ཡུལ་ཡིན་ལ། །རྩིབ་ལོག་གྱེན་མཚོན་གང་གི་སྟེང་དེ་ནས། །ཚིགས་པ་བཅུ་གསུམ་སར་གདབ་གནས་དེ་ནི། །མཆིན་དྲི་ནག་པོའི་ཡུལ་ཡིན་དེ་གཉིས་བར། །མཆིན་དྲིའི་ཁུག་པ་ཞེས་སམ་ཁྲ་བོ་གྲགས། །སྐེ་སྟོང་མཚོན་གང་འོག་དང་ནུ་མ་གཉིས། །སྦྲེལ་བའི་གྲུ་གསུམ་ཐིག་གདབ་དེ་གསུམ་ཀ།ནང་དུ་མཚོན་རེ་བསྐུམ་ལ་གོང་བཞིན་གདབ། །དབུས་དེ་དོན་གྱི་རྒྱལ་པོ་སྙིང་གི་ཡུལ། །དེ་རྩེ་གྲུ་གསུམ་གློ་བུ་མཛོ་སྣ་སྟེ། །གཡས་གཡོན་བཞིན་རེར་བགོས་རིམ་ཡས་ནས་མར། །བྱ་གདབ་(གཡས་གཡོན)ཐུག་ཁབ་རྟེ་མིག་དགྲ་ལྕེ་སྟེ། །གློ་བ་བུ་ལྔས་སྙིང་ལ་བསྐོར་ནས་གནས། །ནུ་མ་གཉིས་ནས་(ངོས་དང་)ཕྱི་ཞབས་མཚོན་རེ་ནས(སུ་ཡང་)།།སྐེ་སྟོང་སྦྲེལ་ནས་གྲུ་གསུམ་གདབ་པའི་ཁོང༌། །གློ་བ་མ་ལྔའི་མཐའ་ཆགས་ཡན་ཆད་ཡིན།།འོག་གྲུ་གཉིས་ནས་གྱེན་ལ་སྒྲོག་རུས་རྩེ། །ཐིག་གདབ་ཁོང་དེ་སྟོང་པ་ཕུག་རོན་གསང༌། །ཚིགས་པ་གསུམ་དང་དགུ་ལ་འཕྲད་ཐིག་གདབ། །ཚིགས་པ་བཞི་ནས་མཁྱིད་གང་ཐུར་གསེགས་དེ་གཉིས་སོ། །ཡས་གསུམ་མས་དགུར་འཕྲད་པའི་ས་དེ་ནས། །གྱེན་ཐུར་སྦྲེལ་ལ་གྲུ་བཞིར་གདབ་པར་བྱ། །བཞི་བརྒྱད་འཕྲད་ལ་གདབ་པས་གྲ་བཞི་བཅད། །དཀྱིལ་གྱི་གྲུ་བཞི་གཡས་དང་གཡོན་པ་དེ། །གྱེན་ལ་ཆ་མཉམ་གསུམ་གསུམ་བགོས་དེ་དག།སྟོད་གྲ་སྟག་མགོ་དབུས་ངོས་གློ་བའི་སྒང༌། །དེ་ཕྱིར་རྩིབ་(དང་དེ་ཕྱིར)གཤམ་སྨད་གྲ་ཟག་སྣ་ཡིན། །དེ་དག་གློ་མ་ལྔ་གཡས་གཡོན་ཆའོ། །ལྷེན་ནས་གཡས་སུ་ཚོན་གང་བཅལ་བ་ན། །རྣ་བཤལ་མཛུབ་གུང་བར་བཟུང་གྲུ་མོ་ཡིས། །རྒྱབ་ཏུ་གར་སླེབ་ཚུན་བར་མཆིན་པའི་ཞེང༌། །དཔང་ནི་གྲུ་མོའི་རྩེ་ཡིན་མཆིན་དྲི་མན། །རྩིབ་ཐུང་གཡོན་ནས་ཕོ་བཟུང་གང་ཞིང༌། །དཔང་དུ་སོར་ལྔ་མཚེར་པའི་ཡུལ་དུ་འདོད། །ནུ་མ་བྲང་དཀྱིལ་ཐིག་ཚད་ལྷེན་སྣ་ནས། །ཕོ་ཟུར་རྩིབ་མཚམས་བསྲེག་དང་ལྟེ་བ་ནས། །གྱེན་དུ་དེར་གསེག་གདབ་པའི་གྲུ་བཞི་པ། །དཔང་དུ་སོར་བརྒྱད་ཞེང་སོར་བཅུ་གཉིས་དེ། །ཟས་སྣོད་ཕོ་བའི་ཡུལ་དུ་བཤད་པ་སྟེ། །ཕོ་དབུས་གྲུ་རིང་དཀྱིལ་ནས་འཕྲད་ཐིག་གདབ།།ཐིག་རྒྱུད་དེ་རུ་ཕོ་ཟུར་གཡས་ནས་ཕར། །སོར་བདུན་གཞལ་སར་མཁྲིས་པའི་འདོགས་མཚམས་ཡིན། །དེ་འོག་སོར་དྲུག་མཁྲིས་དཔང་ཞེང་སོར་གསུམ། །ལྟེ་བའི་གོང་འོག་མཚོན་རེ་གཞལ་བ་ན། །འཕྲད་ཐིག་གཉིས་གདབ་གཡས་གཡོན་ཚོན་བཞི་རེ། །ཚུན་ཆད་དཀྱུས་སུ་སོར་བརྒྱད་ལོང་གི་རྒྱ། །དེ་ཡང་(སོར་ལྔ་ལྷག་ཙམ་རེས) ཕན་ཚུན་གསུམ་བགོས་སུམ་འཁྱོག་ལོང༌། །གཡས་པ་ཁྲག་ལོང་གཡོན་པ་སྲིན་ལོང་དང༌། །དབུས་མ་རྩམ་ལོང་མ་ཞུའི་གནས་སུ་ངེས། །དེ་འོག་ཚོན་དོ་གཞལ་བའི་ཚོན་རེ་ནས། །འཕྲད་ཐིག་རེ་བཏབ་རྒྱ་ཚད་ལོང་དང་མཉམ། །གོང་མ་རྒྱུ་སྟོད་འོག་མ་རྒྱུ་སྨད་གསང༌། །དེ་ཟུར་གཉིས་ནས་མཚན་མའི་སྟེང་དུ་གདབ། །གྲུ་གསུམ་ལྒང་པའི་གསང་ཡིན་མདུན་ཐིག་རྫོགས། །སྨད་ཀྱི་རྒྱབ་ཐིག་ཚིགས་པ་བཅུ་གཉིས་པའི། །ཐོག་ནས་རྣ་བའི་རྩ་འཁོར་སྲད་བུ་དེས༌། །བསྐོར་བའི་ཞེང་དུ་སོར་བདུན་དཔང་སོར་ལྔ། །མཁལ་མའི་ཡུལ་ཡིན་ཚིགས་པ་བཅུ་བཞི་ནས། །གཡས་གཡོན་ཚོན་དོ་མཁལ་འབྲས་ངོ་བོ་སྟེ། །མཁལ་འབྲས་དངོས་རྒྱ་རྣ་བའི་མཐའ་དང་མཉམ། །དེ་ལྷག་མཁལ་ཚིལ་ཚིགས་པ་བཅུ་དྲུག་ནས། །གཡས་གཡོན་ཚོན་བཞི་རེ་ཞེང་དཔང་ཚོན་དོ། །ཐིག་གིས་བསླང་པ་ལོང་གི་རྒྱབ་གསང་ཡིན། །དེ་འོག་ཚོན་རེར་འཕྲད་ཐིག་ཚོན་དོ་ཡི། །རྒྱ་ཚད་ལོང་མཉམ་རྒྱུ་སྟོད་རྒྱུ་སྨད་བཅས། །དེ་ཡི་གཡས་གཡོན་ཟུར་ནས་མཇུག་ཆུང་རྩེར། །བཏབ་པའི་སྟེང་ནས་ཚིགས་པ་བཅུ་དྲུག་པ། །འཕྲད་བཏབ་དེ་ཡན་ལྒང་པ་དེ་མན་གཞང༌། །དེ་ཡང་གཉེ་མ་རྒྱབ་ལ་ལྒང་པ་མདུན། །དེ་དག་སོ་སོའི་གསང་འོག་ལ་བརྟགས་གཅེས། །གཞན་ཡང་ཞར་བྱུང་ཐུར་གསང་ཁོ་བོ་ཡི། །ཕ་མེས་བརྒྱུད་ལ་ཕྱག་སྲོལ་མ་ཉམས་པ། །འདུག་ཀྱང་ཁོ་བོ་སྙིང་སྟོབས་རབ་དམན་པས། །ཕྱུགས་ལ་རྭ་རྐུད་འདོགས་ཕྱིར་རྣ་བ་ཡང༌། །འབུག་མི་སྤོབས་ཕྱིར་དགོས་ཆོད་བྲལ་མོད་ཀྱང༌། །ནད་རྟགས་ཕལ་ལ་ཕན་སྙམ་ཅུང་ཟད་བསླབ། །བདག་ཙམ་མ་ཟད་དེང་སང་གསོ་བྱེད་སྤྱིར། །ཐུར་སྲོལ་ནུབ་ཕྱིར་མཁོ་བར་མ་སེམས་ཀྱང༌། །ཅུང་ཟད་ཙམ་ཞིག་ཉམས་དགའི་རི་མོར་བྲི། །གསང་ལ་མདའ་གསང་རང་གསང་ཕོག་གསང་དང༌། །དབྱེ་བའི་གསང་དང་མེ་གསང་གཏར་གསང་དྲུག།རང་གསང་ཁ་སྣ་རྣ་བ་གཤང་ལམ་སོགས། །མདའ་གསང་གཉིས་ཏེ་ཀུར་འབྱེན་ཐུབ་པ་ནི། །སྟོང་གསང་ཕྱལ་མོར་ཀུར་ཕུད་ཉེས་པ་མེད། །ནང་དུ་བརྡོལ་ཡང་དོན་སྣོད་མི་སླེབ་གསང༌། །མཆིན་དྲི་ཁུག་པར་མཛུབ་གང་སྣོད་མི་སླེབ། །སྟོད་དུ་སོར་གསུམ་སྨད་དུ་རྩེ་སོར་གཉིས། །ཕལ་ཆེར་དོན་དང་སྣོད་ལ་མི་སླེབ་ཡོད། །ཕོ་གསང་དྲང་དང་སྨོས་ཀྱི་དབྱེ་གསང་དུ། །མཚོན་ཕོག་ཞར་ལ་ཁྲག་ཐོན་རིགས་རྣམས་ཡིན། །དབྱེ་གསང་དམིགས་ལ་དབྱེ་མིག་བུ་ག་ཟེར། །གསུམ་དུ་གྲགས་པས་མིག་འབྲས་ནག་པོ་ནས། །ཕྱི་ཟུར་ནས་གང་བཅལ་བའི་ས་དེའོ། །དབྱེ་གསང་སྙིང་ལ་གནས་སྒོ་བཅུ་བདུན་ཏེ། །དཀར་ནག་མཚམས་ཞེས་ནུ་(ནུ་མ་གཉིས་སྦྲེལ་ལོ) ཕྲད་བྲང་གཞུང་ཐིག །འཛོམ་ཡིན་དེ་ནས་གྱེན་ལ་མཚོན་གང་འཇལ། །དེ་ནས་གཡས་གཡོན་གཉིས་སུ་ཚོན་རེ་དང༌། །ཕུན་རེ་བཅལ་བ་དཔལ་ཁབ་གསང་ཡིན་ཏེ། །དེ་སྟེང་མཚོན་གང་བཅལ་བ་ཐུག་ཁབ་གསང༌། །དེ་སྟེང་ཚོན་གང་བཅལ་བ་བྱ་རོག་མིག།དེ་དྲུག་རྣག་ཁྲག་ཆུ་སེར་འབྱིན་གསང་ཡིན། །སྐྲན་དང་བད་རླུང་ལ་སོགས་ཐུར་གསང་ངོ༌། །སྐྱེས་པའི་ནུ་གཡོན་བུད་མེད་ནུ་མ་གཡས། །སྟེང་དུ་ཚོན་གང་སྙིང་སྟོད་(གསང་ཡིན) རྒྱབ་ཚོན་གང༌། །མྱོས་བྱེད་གསང་ཡིན་དེ་ནས་མར་ལ་ཚོན། །གང་བཅལ་ས་དེ་སྙིང་གི་རྩེ་གསང་སྟེ། །བྲང་ངོས་ཚོན་གང་བཅལ་བ་སྙིང་གི་ལོགས། །དེ་ནས་ཚོན་གང་གློ་སྙིང་འདོམ་པའི་གསང༌། །ཚིགས་པ་བདུན་པ་ཁ་གསུམ་དེ་དང་འདྲ། །དྲུག་པའི་ཁ་གསུམ་སྲོག་གི་རྩ་ཡིན་ཏེ། །འབྲེལ་བ་ཉེ་ཕྱིར་སྙིང་གསང་ཁོང་དུ་བསྡུ། །གློ་མར་དབྱེ་གསང་བཞི་དང་བུ་གསང་གཉིས། །མ་བུ་གཉིས་རྒྱུག་ཟུར་གསང་རྣམས་པ་དྲུག།གློ་བ་མ་བུའི་སྐྲན་གསང་ཉི་ཤུ་གཉིས། །དེ་དག་སོར་བཞིའི་རིམ་པ་འདི་ལྟ་སྟེ། །ཚིགས་པ་བཞི་པའི་གཡས་གཡོན་སོར་བཞི་ན། །གློ་བ་གྲུ་ཁུད་རྣག་(མ་གསང་)གི་འབབ་པའོ། །ཚིགས་པ་དགུ་ནས་སོག་གཤམ་སོར་གཉིས་འོག།མཛུབ་གང་བཅལ་བ་རྒྱབ་གསང་རི་མོའོ(མ་གསང་)། །ནུ་མ་གཉིས་ནས་ཕྱིར་ལ་སྲིད་སོར་བཞི། །དེ་ནས་ཐུར་དུ་སོར་བཞི་བུ་ཡི་གསང༌། །ཚིགས་པ་བཅུ་གཉིས་པ་དང་བཅུ་གསུམ་པ། །དེ་བར་གསུམ་ནས་རིམ་པས་ཆག་གང་དང༌། །མཁྱིད་གང་མཛུབ་གང་སོ་སོའི་ཕྱི་ཐད་བཅལ། །གོང་བར་ཐེབ་ཁ་གོང་འོག་བར་གསུམ་སྟེ། །(གློ་བ)མ་བུ་གཉིས་རྒྱུག་ཟུར་གསང་རྣག་གསང་ཡིན། །སོག་འདབ་རྩིབ་མའི་གོང་བར་རྣམ་པ་གསུམ། །གློ་བའི་སྒང་ལ་སྐྲན་ཞུགས་གསང་དྲུག་ཡིན། །མཆིན་འོག་རྩིབ་མའི་གོང་བར་རྣམ་པ་གསུམ། །གློ་བ་བུ་ལ་སྐྲན་ཞུགས་གསང་བརྒྱད་ཡིན། །གློ་བའི་རྒྱབ་སྲང་ཚིགས་པ་བཞི་ལྔ་ཡི། །ཁ་གསུམ་རླུང་དང་བད་ཀན་ནད་ཞུགས་གསང༌། །གློ་སྙིང་གཉིས་ཀ་འདོམ་པའི་གསང་ལྔ་ནི། །བྱ་རོག་མིག་ནས་ཕྱིར་ཚོན་གང་བཅལ་བའི། །རྩིབ་བར་གོང་འོག་གོ་ཆེན་གོ་ཆུང་གསང༌། །སྐེ་སྟོང་ཙ་ར་ཁུང་དང་རྣམ་ལྔའོ། །སྟོད་ཀྱི་རྣག་རྟག་དྲུག་གི་ཐིག་རྣག་ནི། །མདུན་རྒྱབ་གནམ་ཐིག་ཚངས་ཐིག་མ་འཁྲུལ་བའི། །ཟུར་ཐིག་བཏབ་དེ་ཕྱེ་མར་ལན་གཉིས་བཅལ། །(ཚིགས་པ)བཅུ་གསུམ་པ་ནས་ལྟེ་བར་འཕྲད་ཐིག་གདབ། །དེ་བར་མཉམ་གསུམ་བགོས་པའི་འཕྲད་ཐིག་གཉིས། །བཏབ་པའི་བར་གསུམ་སླར་ཡང་ཕྱེད་བགོས་གདབ། །བཅལ་རྟགས་བཅུ་དྲུག་འཕྲད་ཐིག་བདུན་རྣམས་ཀྱི། །བྱ་རྗེས་ཐིག་(གདབ་བའི)བར་གང་ཉམས་རྣག་ཡོད་རྟགས། །མཆིན་མཚེར་གཉིས་ལ་ཐུར་གསང་བཞི་རེ་ནི། །ནུ་གཡས་མཐུར་ཚོན་དོ་བཅལ་མཆིནདྲི་མཚམས།།དེ་འོག་རྩིབ་མའི་གོ་བར་རྣམས་པགསུམ། །དང་པོ་ཕོ་མཆིན་བར་སྐྲན་བར་མ་ནི། །མཆིན་ཐེར་ཐ་མ་མཆིན་གཤམ་སྐྲན་གསང་ངོ༌། །ཚིགས་པ་དགུ་པ་མཆིན་པའི་གསང་ཞེས་བྱ། །ནུ་གཡོན་ཐུར་ཚོན་དོ་བཅལ་མཆིན་དྲི་མཚམས། །དེ་འོག་རྩིབ་མའི་གོ་བར་རྣམ་པ་གསུམ། །དང་པོ་ཕོ་མཚེར་བར་སྐྲན་དེ་ཡི་འོག།མཚེར་པའི་ཐེར་སྐྲན་ཐ་མ་མཚེར་གཤམ་སྐྲན། །ཚིགས་པ་བཅུ་གཅིག་མཚེར་པའི་སྤྱི་གསང་ངོ༌། །མཁལ་མའི་དབྱེ་གསང་ཚིགས་པ་བཅུ་བཞི་པའི། །གཡས་གཡོན་སོར་དྲུག་བཅལ་བ་རྣག་འབབ་གསང༌། །ཚིགས་པ་བཅུ་བཞི་པ་དང་གཡས་གཡོན་དུ།།ཚོན་གང་གཞལ་བ་མཁལ་མའི་རྩ་ནག་སྟེ། །དེ་ནས་ཚོན་གངགཞལ་བ་མཁལ་འབྲས་གསང༌།།དེ་ནས་ཚོན་གང་འཇལ་བ་མཁལ་མཆིན་གསང༌། །གཞུག་གུ་ཐུང་ནས་སྣག་པོ་ཆེ་ཡི་སྟེང༌།།མཛུབ་གངབཅལ་བ་དཔྱི་ཡི་འཁོར་མིག་ཡིས། །མཁལ་འབྲས་སྟེང་ནས་བཅལ་ན་སོར་དྲུག་ཡོད། །དེ་ནས་ཕྱོགས་བཞིར་ཆུ་སེར་འབབ་གསང་སྟེ། །དེ་དག་མཁལ་མའི་ཟུར་གསང་ཉེར་གཅིག་ཡིན། །དེ་རྣམས་ཀུན་གྱིས་མཁལ་མའི་གྲང་རླུང་སེལ། །མཁལ་ཚིལ་མཁལ་འབྲས་སྟེང་དུ་མཁལ་སྐྲན་བཅས། །གསང་དང་ན་དམིགས་མཐུན་ན་ཐུང་ལ་འཕེན། །ཕོ་བར་མི་འགྱུར་གསང་དགུ་ཀྱུར་འབྱིན་གཉིས། །སྤྱི་གསང་གསུམ་དང་བཅུ་བཞིར་བཤད་པ་ནི། །ལྷེན་གྱི་སྣ་ནས་ཐུར་དུ་ཚོན་གང་བཅལ། །གཡས་གཡོན་ཚོན་གང་ཁ་གསུམ་ལྷེན་གསང་ཡིན། །དེ་འོག་ཚོན་གང་ཁ་གསུམ་ལྷེན་སྐྲན་གསང༌། །དེ་འོག་ཚོན་གང་ཁ་གསུམ་མེ་ཉམས་གསང༌། །མི་འགྱུར་དགུ་ཡིན་ཕོ་དབུས་གཡས་གཡོན་དུ། །ཚོན་དོ་བཅར་བ་ཀྱུར་འབྱིན་གསང་ཡིན་གསུངས།། ཚིགས་པ་བཅུ་གཉིས་ཚོན་གང་གཉིས་དང་གསུམ། །སྤྱི་གསང་གསུུམ་ཡིན་སྡོམ་པས་གསང་བཅུ་བཞི། །མཆིན་རྒྱབ་ཕོ་བའི་ཡུལ་ཕྱོགས་ཐུར་མ་འཕང༌། །སྐྲན་དང་ནོར་ཕྱིན་ལག་ཚོད་ཤེས་དགོས་གསུང༌། །ཚིགས་པ་བཅུ་གསུམ་བཅོ་ལྔ་བུ་སྟོང་གསང༌། །སྐྲན་ཞུགས་གྲང་བས་བུ་མི་ཆགས་པར་ཕན། །ལྟེ་བའི་གཡས་གཡོན་ཚོན་རེ་ལོང་གི་ཐེར། །ལོང་དུ་བད་རླུང་གྲང་བ་ཞུགས་ལ་ཕན། །དེ་ནས་གཡས་གཡོན་ཚོན་རེ་ལོང་སྐྲན་གསང༌། །ཚིགས་པ་བཅུ་དྲུག་པ་དང་གསང་ལྔའོ། །ལྟེ་འོག་ཚོན་གང་ཁ་གསུམ་རྒྱུ་སྟོད་སྐྲན། །དེ་འོག་ཚོན་གང་ཁ་གསུམ་རྒྱུ་སྨད་སྐྲན།།ཚིགས་པ་བཅུ་བདུན་པ་དང་བདུན་ཡིན་ནོ། །རྒྱུ་ཞབས་ཐེར་དུ་སྤྱི་ཡི་ཁ་གཟར་ནས། །ཆགས་གང་བཅལ་བ་རྨངས་ཀྱི་དབྱེ་གསང་སྟེ། །དེ་དང་ཚིགས་པ་བཅོ་བརྒྱད་འབྲུའི་གསང༌། །གྲང་བས་ཆུ་ཁ་སྲི་སྙི་སེལ་བར་བྱེད། །ཡན་ལག་ཚིགས་ཆེན་བཅུ་གཉིས་ཆུ་སེར་རྒྱས། །ཚིགས་མིག་ཆུ་བའི་བར་ན་གསང་མིག་ཡོད། །ཨ་ལོང་ཁ་ནས་ནང་དུ་སོར་བཞི་ན། །འགྱང་གསང་ཞེས་བྱ་ནང་གི་རྣག་འབབ་ས། །ལྟེ་བ་སྣེ་དཀྱིལ་སྤྱི་ཟུར་མཚན་མའི་སྟེང༌། །ཐིག་གདབ་རྒྱ་གྲམ་ལྟོ་བའི་སྤྱི་གསང་ངོ༌། །རྐང་པའི་སོར་བར་ཆང་ཁ་བཞི་སོ་སོའི། །ཁ་ནས་ཚོན་རེ་བཅལ་མཚན་ཆུ་རྒྱུའི་རྩ། །བར་གསང་གྲང་བའི་ཆུ་སེར་དབྱེ་གསང་བརྒྱད། །མེ་གསང་གཏར་གསང་གཞན་བྲིས་འདིར་མི་བརྗོད། །དེ་ལྟར་ཕྱི་མི་མངོན་པ་ནང་གི་གནད། །ཡུལ་དང་གནས་ལུགས་དབྱེ་བ་ཐིག་གི་ལམ། །ནས་ཕྱུང་དབྱེ་མིག་འདི་ཞེས་མཛུབ་ཚུགས་སུ། །སྟོན་མིག་ཀུན་སྡོམ་ཉིས་བརྒྱ་དྲུག་ཅུ་ལྔ། །ཨ་ཁུས་ཕྱག་ལེན་རྩལ་ཚེ་བརྗེད་དོགས་ཐོ། །ཚིག་བསྡུས་ཕྱོགས་མཚོན་བྲིས་པའི་ཡིག་རོ་ལས། །ད་ལམ་སྐུ་ཚབ་གསུམ་ལ་བསླབ་འབུལ་སྣོན། །ཞབས་ཕྱིར་ཕན་རེའི་བསམ་པས་ཅུང་ཟད་ཙམ། །བཀྲོལ་ཏེ་བྲིས་པའི་དགེ་བས་མ་འོངས་པའི། །འཚོ་མཛད་ཀུན་གྱིས་ལུས་ཀྱི་གནས་ལུགས་ཀུན། །མཁྱེན་ནས་ནད་ཅན་ཡོངས་ཀྱིས་ནད་འབབ་དམིགས། །མ་ལུས་དྲུང་ནས་འབྱིན་པའི་རྒྱུར་གྱུར་ཅིག།ཅེས་བྱང་ཁོག་ཡུལ་གནད་བབ་དབྱེའི་ཐིག་འབྱེད་གསང་བ་སྒོ་དབྱེ་འདི་ཡང་བི་འབངས་དགེ་སློང་བསྟན་འཛིན་ཕུན་ཚོགས་ཀྱིས་སྡེ་དགེ་བུ་རིན་པོ་ཆེའི་སྐུ་ཚབ་བློ་བུར་བརྫངས་པ་བུ་འབོད་ཨ་འཕེལ་ལྷ་འཕེལ་སེར་སྐྱ།།དགེའོ།། །།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...