སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་ཞལ་འདེབས་ཞུ་ཡིག
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-7-1 10:26:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

དང་པོ། ཚོགས་པ་ངོ་སྤྲོད་མདོར་བསྡུས།
     སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པ་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སློབ་གླིང་དུ་མི་རིགས་དང་རིག་གནས་ལ་དུངས་པ་ཟབ་ཅིང་།འགན་ཁུར་གྱི་འདུ་ཤེས་ལྕི་བའི་དགེ་རྒན་ཆེན་མོ་འགྱུར་མེད་ལགས་ཀྱི་སྣེ་ཁྲིད་འོག  རང་གི་སློབ་སྦྱོང་ལ་འཆར་གཞི་གསལ་ཞིང་སྤྱི་ཚོགས་ཞབས་ཞུ་ལ་སྤྲོ་བ་བརྟས་པ། ཕ་ཡུལ་འཕེལ་རྒྱས་ལ་རེ་སྨོན་ཆེ་ཞིང་། སློབ་ཆེན་སློབ་མ་ཡི་འོས་འགན་འཁུར་བའི་ཕུལ་བྱུང་སློབ་མ་འགས་སློབ་ཆེན་པའི་ཁོར་ཡུག་གམ་དུས་རབས་གསར་པའི་སློབ་ཆེན་པའི་སྡེ་ནས་ཀྱང་བོད་ཀྱི་རིག་གནས་སློབ་གསོ་སྤྱི་དང་། སྒོས་སུ་རང་གི་སྐད་དང་ཡི་གེ་རྒྱུན་འཛིན་དར་སྤེལ་ལ་རང་ནུས་ཀྱིས་ཞབས་འདེགས་ཞུ་ནུས་ན་བསམ་པའི་ལྷག་བསམ་རྣམ་དག་དང་། སྤོབས་པ་ཆེར་བསྐྱེད་ཀྱིས2006ལོར་ཕ་སྐད་འཛིན་སྐྱོང་ཚོགས་པ་ཞེས་པ་བཙུགས་ཏེ་བྱ་འགུལ་སྣ་ཚོགས་སྤེལ། དེའི་རྨང་གཞིའི་སྟེང་བྱ་འགུལ་རྒྱ་བསྐྱེད་དང་ཚོགས་པ་ཚད་ལྡན་དུ་བཏང་སྟེ2010ལོའི་ཟླ6པར་ཚོགས་པ་འདི་དངོས་སུ་བཙུགས། སློབ་གྲྭ་རིམ་པའི་ཆོག་མཆན་ཐོབ་ཅིང་ད་ལྟ་ཚོགས་མི200ལྷག་གིས་གྲུབ། གོང་རིམ་གྱི་མཛུབ་སྟོན་ལྟར་དོན་སྙིང་ཆེ་བའི་བྱ་འགུལ་མང་པོ་ལོ་རེར་སྤེལ་བཞིན་པ་ལ། སློབ་གྲྭའི་ནང་དུ།ཨམ་སྐད་སྦྱོང་བརྡར་འཛིན་གྲྭ་དང་།དབུས་སྐད་སྦྱོང་བརྡར་འཛིན་གྲྭ། ཁམས་སྐད་སྦྱོང་བརྡར་འཛིན་གྲྭ། དགེ་རྒན་གདན་ཞུའི་འཆད་ཁྲིད། དཔེ་ཀློག་དཔྱད་གླེང་འགྲན་སྡུར། གསུང་རྩོམ་བློར་འཛིན་འགྲན་སྡུར། ཕ་སྐད་གཙང་མའི་བགྲོ་གླེང་། བོད་ཀྱི་དུས་ཆེན་ངོ་སྤྲོད། ཕ་སྐད་གཙང་མའི་མལ་ཁང་། གཟའ་རེའི་བོད་ལྭའི་ཉིན་མོ། གཟའ་མཇུག་སྐོར་བྲོའི་དགྱེས་འཛོམས་སོགས་ཀྱི་བྱ་འགུལ་སྤེལ་བ་གཙོས་ཞོར་དུ་སློབ་ཆེན་པའི་ཕྱོགས་སྣ་ཚོགས་ཀྱི་ནུས་རྩལ་སྦྱོང་བརྡར་དང་། གཞི་རིམ་གྱི་སློབ་གསོར་ཡང་ཞབས་འདེགས་ཞུ་ཕྱིར། སློབ་གྲྭའི་ཕྱི་རུ་དབྱར་དགུན་གནང་གི་སྐབས་སུ་དཔའ་ལུང་གཙོ་བྱས་པའི་མཚོ་ཤར་གྱི་རྫོང་བཞིའི་སྡེ་བ45ཙམ་ལ་སྔ་ཕྱིར་ཐེངས17ལ་བསྐྱོད་དེ་གཞི་རིམ་སློབ་གསོར་ཞབས་འདེགས་ཞུས། འདིའི་གོ་རིམ་ཁྲོད་དུ་ཙོང་ཁ་སྙིང་རྗེ་རོགས་སྐྱོར་ཚོགས་པ་དང་།སེང་གཤོང་བྱམས་བརྩེ་དམངས་སྐྱོང་ཚོགས་པ། བྱ་ཁྱུང་དགོན་གཞུང་སོགས་ཀྱིས་གཙོ་བྱས་གཞུང་སྒེར་གྱི་ལྷག་བསམ་ཅན་མང་པོས་འགྲོ་གྲོན་ཐད་བཀའ་དྲིན་ཆེན་པོས་བསྐྱངས་པར་བརྟེན། ད་ལྟའི་བར་དུ་རྒྱུན་བསྐྱངས་ཤིང་གྲུབ་འབྲས་ཀྱང་ཇེ་བཟང་ཇེ་ཆེ་ཡིན་པས་གཞི་རིམ་མང་ཚོགས་ནས་ཀྱང་དགའ་བསུ་ཆེན་པོ་ཐོབ།

གཉིས་པ། གཞི་རིམ་དུ་བསྐྱོད་པའི་བྱ་བའི་ཕྱོགས་སྡོམ།
1 བྱ་འགུལ་གྱི་དུས་ཡུན།
     ལོ་རེའི་དབྱར་གནང་སྐབས་དང་དགུན་གནང་སྐབས་ཀྱི་ཟླ་གཅིག་རེའི་ཡུན་ཏེ་ལོ་གཅིག་ལ་བསྡོམས་པས་ཟླ་བ་གཉིས་ཀྱི་ཡུན།
2 བྱ་འགུལ་སྤེལ་གནས། 
     མཚོ་ཤར་ཁུལ་དཔའ་ལུང་རྫོང་གིས་གཙོ་བྱས།བདེ་ཁམས་རྫོང་དང་།ལུང་མདོ་རྫོང་།བཀའ་མ་ལོག་རྫོང་བཅས་ཀྱི་སྡེ་ཚོ45ཙམ་སྟེ། ཆེས་མང་བ་ནི2012ལོའི་དགུན་གནང་གི་སྡེ་ཚོ68དང་ཆེས་ཉུང་བ་ནི2009ལོའི་དབྱར་གནང་གི་སྡེ་ཚོ18། ཁྱོན་བསྡོམས་ད་ལྟའི་བར་དུ་ས་གནས468ཙམ་དུ་སྤེལ།

3 བྱ་འགུལ་གྱི་ནང་དོན།
     སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཆུ་ཚད་དང་འཚམ་པར་བོད་ཡིག་དང་། རྒྱ་ཡིག་དབྱིན་ཡིག་བཅས་ཟུར་ཁྲིད་ཀྱི་ཞོར་དུ་བྱིས་པའི་དགའ་ཕྱོགས་དང་མཐུན་པའི་ནུས་རྩལ་སྦྱོང་བརྡར་བྱས། གཞན་ཡང་མང་ཚོགས་ཀྱི་ཡིག་རྨོངས་སེལ་བའམ་ཡུལ་སྲོལ་སླར་གསོའི་རིག་རྩལ་བྱ་འགུལ་ཡང་ཐེངས་མང་སྤེལ།
4 ཞིབ་ཕྲའི་གནས་ཚུལ།
     དུས་ཚོད། དང་བླངས་དགེ་རྒན། ས་གནས། སློབ་མ།
2006ལོའི་དགུན་གནང་ནས་བཟུང་སྐབས་རེ་རེར་གཞི་རིམ་དུ་བསྐྱོད་ཡོད་མོད་སྔ་མ་རྣམས་ཀྱི་ཡིག་ཚགས་མི་གསལ་བས་འདིར་ཞིབ་ཕྲ་མ་བཀོད།

5 བྱ་འགུལ་གྱི་དམིགས་ཡུལ།
     བྱ་འགུལ་སྤེལ་ཡུལ་གྱི་ངོས་ནས་གཞི་རིམ་གྱི་སློབ་གསོ་ལ་རམ་འདེགས་དང་། བྱིས་པའི་དགའ་ཕྱོགས་སྐྱེད་སྲིང་། ཡུལ་སྲོལ་གོམས་གཤིས་སླར་གསོ་སོགས་ལ་དམིགས་པ་དང་། བྱ་འགུལ་སྤེལ་མཁན་གྱི་ངོས་ནས་བོད་ཀྱི་སློབ་ཆེན་པའི་ནུས་རྩལ་སྦྱོང་བརྡར་དང་སྤྱི་ཚོགས་ཞབས་ཞུའི་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ་སོགས་སློབ་ཆེན་པ“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་དགོངས་དོན་ལག་ལེན་དུ་བསྟར་ཕྱིར་ཡིན།
6 བྱ་འགུལ་གྱི་གྲུབ་འབྲས།
     སློབ་གྲྭ་དང་འགོ་ཁྲིད་ཀྱི་མཐོང་ཆེན་དང་། སྦྱིན་བདག་རྣམས་ཀྱི་ལྷག་བསམ། མང་ཚོགས་རྣམས་ཀྱི་རྒྱབ་སྐྱོར། ཚོགས་པ་རང་གི་ཉམས་མྱོང་དང་ནན་ཏན་བཅས་ལ་བརྟེན་ནས་བྱ་འགུལ་ཐེངས་མང་སྤེལ་བར་ས་གནས35ཙམ་གྱི་མང་ཚོགས་ཡོངས་ནས་དགའ་བསུ་ཆེན་པོ་ཐོབ་ཅིང་་སློབ་གྲྭས་ཀྱང་གཟེངས་བསྟོད་ཐེངས་མང་གནང་།
གསུམ་པ། བྱ་འགུལ་གྱི་འཆར་གཞི་དང་དཀའ་ཁག
1 མ་འོངས་པའི་འཆར་གཞི།
     དེང་གི་དུས་འདིར་སྲིད་ཇུས་བཟང་པོའི་ཉི་འོད་ཡངས་པའི་རྒྱལ་ཁམས་ཀུན་ལ་འཕྲོས་ཏེ་རྒྱལ་ཁབ་དང་མི་རིགས། གྲོང་ཁྱེར་དང་གཞི་རིམ་སོ་སོས་རང་གི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་ཁྱད་ཆོས་ཉམས་པ་སླར་གསོ་དང་། མ་ཉམས་དར་སྤེལ་ལ་རེམ་པའི་གོ་སྐབས་བཟང་པོ་འདིར། སློབ་ཆེན་པའི་སྡེ་ནས་ཀྱང་སློབ་ཆེན་པའི་འོས་འགན་ལ་ངོས་ཟིན་ཐོབ་ཅིང་། སྤྱི་ཚོགས་ཀྱི་ཞབས་ཞུ་ལ་ཀུན་སློང་གཙང་བའི་སྔོན་འགྲོའི་སྟེང་། རང་གི་རིག་གནས་ཀྱི་རིན་ཐང་རྟོགས་ཤིང་། མ་འོངས་ཕ་ཡུལ་ལ་རེ་སྨོན་ཆེ་བའི་ལྷག་བསམ་དཀར་པོས་སྐད་ཡིག་དར་སྤེལ་རྩ་བ་དང་། གཞི་རིམ་སློབ་གསོ་རྨང་གཞིར་བལྟས་ཏེ་སློབ་གྲྭའི་ཕྱི་ནང་གཉིས་སུ་ཚོགས་པའི་སྔར་ཡོད་ཀྱི་བྱ་འགུལ་རྣམས་ཇེ་བཟང་ཇེ་རྒྱས་དང་།འགོ་ཁྲིད་དང་སྦྱིན་བདག་མང་ཚོགས་སོགས་ཀྱི་རེ་བ་ལྟར་བྱ་འགུལ་གསར་བ་གང་མང་གང་ལེགས་ཀྱིས་སྤེལ་འཆར་ཡོད།

2 ཚོགས་པའི་དཀའ་ཁག
     ང་ཚོའི་ཐེངས་རེའི་འགྲོ་གྲོན་ལ་དང་བླངས་པ་མི་རེར་ལམ་གླ་དང་འཚོ་བའི་རོགས་དངུལ་སྒོར1000དང་། ཟླ་གཅིག་གི་མི་ལུས་ཉེན་སྲུང་ལ་སྒོར40རེ། བསླབ་གཞི2000ལ་ཉེ་བ། སྒོ་སམ་དང་ས་སྨྱུག་མེད་སར་དེ་དག་ཉོ་བ་སོགས་ཐེངས་རེ་རེར་དམངས་སྒོར་ཁྲི10ཡས་མས་དང་། ལོ་གཅིག་ལ་བསྡོམས་པས་དམངས་སྒོར་ཁྲི20ཙམ་གྱི་འགྲོ་གྲོན་ཡོད་ལ། ཚོགས་པར་ངེས་གཏན་གྱི་སྦྱིན་བདག་དང་ཚོགས་པའི་མ་དངུལ་ཡོང་ཁུངས་གང་ཡང་མེད་པས་སྐབས་རེ་རེར་སྦྱིན་བདག་རྣམ་པའི་རོགས་སྐྱོར་ལ་བརྟེན་ནས་ད་ལྟའི་བར་དུ་རྒྱུན་བསྐྱངས། ད་ལོར་མཚོན་ནའང་དབྱར་གནང་སྐབས་སུ་གཞི་རིམ་དུ་བསྐྱོད་པའི་གྲ་སྒྲིག་སྟེ། སྡེ་བར་འབྲེལ་གཏུགས་དང་། དང་བླངས་པ་སྡུད་འདེམ། ཉེན་སྲུང་ཉོ་བ། གོང་རིམ་ལ་རེ་ཞུ། སློབ་དེབ་དང་སྒོ་སམ། ས་སྨྱུག་སོགས་ཉོ་བ་རྣམས་མགོ་བརྩམས་ཟིན་ཀྱང་།དང་བླངས་པའི་ལམ་གླ་དང་འཚོ་བའི་རོགས་དངུལ་ཐད་དཀའ་ཁག་ཆེན་པོར་འཕྲད་ཡོད་པས་སྤྱི་ཚོགས་ཡོངས་ཀྱི་གཞུང་སྒེར་གང་ཡིན་ཡང་འཆར་སྒོ་ཡངས་པའི་ཉམས་མྱོང་ཅན་དང་། དགེ་ལ་སྤྲོ་བའི་འབྱོར་བ་ཅན། མ་འོངས་དཔྱོད་པའི་མིག་རྒྱང་ཅན། ཁ་བཤད་མིན་པའི་ལག་ལེན་ཅན་རྣམས་ཀྱིས་ཕྱོགས་གང་ཐད་ནས་རོགས་སྐྱོར་ཡོང་བའི་རེ་བ་སྙིང་ནས་ཞུ།
བཞི་བ།  ཟུར་བཀོད།

2014ལོའི་དགུན་གནང་སྐབས་ཀྱི་སྦྱིན་བདག་རྣམས་ཀྱི་མཚན་ཐོ།


2014ལོའི་དབྱར་གནང་སྐབས་ཀྱི་སྦྱིན་བདག་རྣམས་ཀྱི་མཚན་ཐོ།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...