སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་གྱི་གནས་ནང་དགོན།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད་ཀྱིས་རྩོམ་བསྒྲིགས་བྱས། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-9-11 10:31:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་གྱི་གནས་ནང་དགོན།

     གནས་ནང་ཕུན་ཚོགས་ཆོས་གླིང་ཞེས་པའི་དགོན་པ་འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཡོད་ཅིང་། 《ཆོས་འབྱུང་མཁས་པའ་དགའ་སྟོན》ལས་སྤྱི་ལོ1321ལོར་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེའི་སློབ་མ་ཞྭ་དམར་བ་སྐུ་ཕྲེང་དང་པོ་རྟོགས་ལྡན་གྲགས་པ་སེང་གེས་ཕྱག་བཏབ། གྲུབ་མཐའ་ཀརྨ་བཀའ་བརྒྱུད་ཡིན། དགོན་འདི་ནི་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་ཞྭ་དམར་ནག་ཁྲ་གསུམ་གྱི་ཡ་གྱལ་དུ་གྱུར་བ་ཞྭ་ཁྲ་གངས་ཅན་བོད་དུ་སྐྱེ་བ་བཞེས་པའི་དཔའ་བོ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཡིན།

     དཔའ་བོ་ཞེས་པའི་མཚན་གྱི་འབྱུང་ཁུངས་ཡང་། དཔའ་བོ་སྐུ་ཕྲེང་དང་པོ་ཆོས་དབང་ལྷུན་གྲུབ་ཀྱིས་ཀརྨ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ་དང་ལྷུན་བདེ་རབ་འབྱམས་པ་སོགས་མཁས་གྲུབ་དུ་མ་ལས་ཟབ་ཆོས་མང་དུ་གསན་ཅིང་གྲུབ་པའི་བརྟུལ་ཞུགས་ཁོ་ན་མཛད་པས་བླ་མ་དཔའ་བོར་གྲགས། དཔའ་བོ་སྐུ་ཕྲེང་ལྔ་བའི་སྐུ་དུས་སུ་རྒྱལ་དབང་ལྔ་བ་ཆེན་པོས་དཔའ་བོ་རིན་པོ་ཆེར་གདན་ས་འདི་ཉིད་ཕྱག་རྟགས་སུ་བསྩལ་བ་ནས་བཟུང་ད་བར་དཔའ་བོ་སྐུ་ཕྲེང་རིམ་པས་བདག་སྐྱོང་མཛད། དེའི་ནང་ནས་བོད་ཀྱི་ལོ་རྒྱུས་ཐོག་གྲགས་ཆེ་ཤོས་ནི་གཉགས་ཀྱི་རིགས་ལས་འཁྲུངས་པའི་སྐུ་ཕྲེང་གཉིས་པ་གཙུག་ལག་ཕྲེང་བ(1504-1566)ཡིན། སྐུ་ཉིད་མདོ་སྔགས་རིག་གནས་སྤྱི་ལ་ཐོས་བསམ་དཔྱིས་ཕྱིན་པ་གནང་བས་མཁས་པའི་ཡང་རྩེར་སོན་ཏེ་སྙན་པའི་གྲགས་པ་རབ་ཏུ་འབར། གསུང་རྩོམ་ལས《ཆོས་འབྱུང་མཁས་པའ་དགའ་སྟོན》ཞེས་པ་ནི་བོད་ཀྱི་ལོ་རྒྱུས་ཀྱི་དཔྱད་ཡིག་ཁུངས་བཙན་ཞིག་ཏུ་གྱུར། དགོན་འདི་རིག་གསར་སྐབས་སུ་རྩ་ཐོར་སོང་ནས་སྤྱི་ལོ1985ལོ་ནས་ཉམས་གསོ་དབུ་ཚུགས་ཞུས་པ་དང་། དགོན་འདིའི་རྟེན་གཙོར་སྐུ་རྒྱུ་དྲི་བཟང་འཇིམ་པ་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་དང་། མཁའ་འགྲོ་མའི་ལྷུང་བཟེད་ལ་སོགས་པའི་བྱིན་ཅན་གྱི་རྩ་ཆེའི་རིག་དངོས་སོགས་དུ་མ་མཇལ་རྒྱུ་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...