སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཨོ་ཐོག་དགོན་ཁམས་ན་ལེནྜ་ཐེག་ཆེན་བྱང་ཆུབ་ཆོས་གླིང་།
རྩོམ་པ་པོ། ཨོ་ཐོག་མྱུག་དགའ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-16 11:26:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཨོ་ཐོག་དགོན་ཁམས་ན་ལེནྜ་ཐེག་ཆེན་བྱང་ཆུབ་ཆོས་གླིང་ནི་རྒྱལ་མཆོག་བདུན་པ་སྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དམ་པ་ཁྲི་ཆེན་ངག་དབང་མཆོག་ལྡན་པས་གུར་དཀར་བོའི་དགོན་པ་བཅུ་གསུམ་ཕྱག་བཏབ་པའི་ཡ་གྱལ་ཏེ་ཨོ་ཐོག་དགོན་བཀྲ་ཤིས་དར་རྒྱས་གླིང་ཞེས་སྙན་པའི་གྲགས་པ་འབར་ཞིང་། མདོ་ཁམས་ཕྱོགས་ཀྱི་མདོ་སྔགས་འཆད་ཉན་གྱི་ཆོས་སྡེ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་རུང་ཕྱིས་སུ་དུས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་འཕེལ་འགྲིབ་གྱི་དབང་གིས་གཏོར་བརླགས་ཆེན་པོ་རབ་དང་རིམ་པ་བྱུང་ཡོད་པ་དང་། དགོན་པ་འདི་ནི་སི་ཁྲོན་ཞིང་ཆེན་དཀར་འཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་ནས་ལེ་བར་དགུ་ཅུ་ཙམ་གྱི་རྒྱང་ཐག་དང་། ས་བབས་རྒྱ་མཚོའི་ངོས་ལས་རྨིས་གྲུ་བཞི་མ་བཞི་སྟོང་ལྷག་ཙམ་གྱི་ཉམས་དགའ་བའི་མེ་ཏོག་གི་ཞིང་ཁམས་སྔོ་ལྗང་གི་སྤངས་ཐང་སྟེ། འཛམ་གླིང་ན་མཐོ་ཤོས་ཀྱི་གྲོང་བརྡལ་སྟེ་ཧོར་ལུང་གྲོང་བརྡལ་གྱི་མཛེས་ལྗོངས་ན་རྟག་བརྟན་གྱི་ལྷུན་པོ་བཞིན་བཀྲོང་ངེར་འགྱིང་ནས་ཡོད།

     དགོན་སྡེ་འདི་མི་ལོ་ཉིས་བརྒྱ་བརྒྱད་ཅུའི་ཡར་སྔོན་ཏེ་སྤྱི་ལོ1730ལོར་གུར་དཀར་བོའི་དགོན་པ་ཞིག་གསར་བཞེངས་གནང་བ་དང་། རིག་གསར་གྱི་གོད་ཆགས་ཆེན་པོའི་སྐབས་སུ་རྩ་ཆེའི་ཕྱག་རྫས་དང་སྐུ་གསུང་ཐུགས་རྟེན་བོར་བརླགས་དང་ཉམས་ཆག་ཆེན་པོ་སོང་རུང་། སླར་ཡང་གོད་ཆག་དེའི་རྗེས་ཀྱི་ཆོས་དད་རང་མོས་ཀྱི་སྲིད་ཅུས་གསར་བའི་འོག་1980ཡས་མས་ཞིག་ལ་ཆོས་སྡེ་རང་གི་འདུལ་བ་འཛིན་པ་ཆེན་མོ་དགེ་བའི་བཤེས་གཉེན་རྒན་ཨ་ཚོགས་ཆོས་འཛིན་དང་། ཨ་ཁུ་བློ་རིས་སོགས་ཀྱིས་གཙོ་སྐྱོང་འོག་སྤྱི་ཚོགས་རྙིང་བའི་སྔར་སྲོལ་བཞིན་ལྕང་དམར་ཁོག་དང་ཁུ་ལའི་འབུང་བ་སྣ་སོགས་སུ་ལོ་རེ་བཞིན་རིམ་གྱི་ཨོ་ཐོག་གྲྭ་ཚང་འཚོགས་ཐུབ་པ་བྱུང་ཞིང་། ལོ་དང་པོ་དེར་རྒ་རྗེ་ཨ་ཁུ་མཆོག་གིས་འོ་མཛད་ཆེན་མོ་གནང་ནས་ཨོ་ཐོག་གྲྭ་ཚང་གི་དབྱར་གཞི་གསུམ་གྱི་ཆོ་ག་སོགས་ཚོགས་ཐུབ་པ་བྱུང་ཞིང་། དེ་ནས་བཟུང་ལོ་རེ་བཞིན་དུག་ཚ་ཨ་ཉ་དང་ཨ་ཁུ་གཏའ་སྦེ་དང་ཨ་ཁུ་ཚུལ་ཁྲིམས་ཟླ་བ་ཨ་ཁུ་ཚེ་རིང་གཏན་རྒྱས་བཅས་སྤྱི་ཚོགས་རྙིང་བའི་བླ་རྒན་རྣམས་ཀྱིས་འོ་མཛད་ཆེན་མོའི་ཕྱག་ལས་མཛད་དེ་ལོ་གསུམ་བཞི་ཞིག་དབྱར་གནས་ཐང་དཀར་མའི་མཆོད་རྟེན་ཐང་དུ་འཚོགས་ཤིང་། ལོ་ལྟར་སྒྲུབ་མཆོད་ཆེན་མོ་འགུ་ཐང་གཞུང་ལ་ཚོགས་ཀྱི་ཡོད་པ་རེད།
     ཁྲོམ་ཐོག་ཚེ་འཕེལ་མཆོག་གིས་མཁན་པོ་གནང་བའི་སྐབས་སུ་ཐང་དཀར་མའི་རྣམ་རྒྱལ་མཆོད་རྟེན་ཆེམ་མོ་རབ་གནས་མཛད་ཡོད་པ་དང་། བསྟན་པ་ཕྲ་ཉག་གི་དུས་དེར་ཨོ་ཐོག་དགོན་ཡུལ་གཉིས་ལ་བཀའ་དྲིན་ཧ་ཅང་ཆེ་བའི་སྐྱེས་ཆེན་དམ་པ་བླ་མ་ཨ་ཆེན། ཅོ་འབྲུག་དམ་ཆོས་ཚེ་འཕེལ། སྦ་སར་རྒན། རྒ་རྗེ་འཕྲིན་ལས་འོད་ཟེར། འཕྲིན་ལས་ཆོས་འཕེལ་རྒན་བློ་བྱམས། སོགས་བསམ་གྱི་མི་ཁྱབ་པ་མང་པོ་བཞུགས་པར་གྲགས། 1986ལོའི་དབྱར་ཟླ་ར་བར་པཎ་ཆེན་ཨེར་ཏི་ནི་མཆོག་གིས་དགོན་པ་རྒྱག་རྒྱའི་ཆོག་ཆེན་གནང་བ་མ་ཟད་ཁམས་ན་ལེནྜ་ཐེག་ཆེན་བྱང་ཆུབ་ཆོས་གླིང་ཞེས་མཚན་གསར་དང་ཐམ་ཀ་གནང་། སྐྱབས་རྗེ་མཐོང་བ་དོན་ལྡན་མཆོག་གིས་བསྟན་པ་སླར་གསོ་དང་ཞལ་ཡས་ཁང་རྟེན་དང་བརྟེན་པ་བཅས་འཛུགས་བསྐྲུན་བྱས་ཏེ་དེ་ནས་གཟུང་དབྱར་གནས་དགོན་པ་དེ་ག་རང་ནས་འཚོགས་རྒྱུ་གཏན་འཁེལ་དང་ཨ་ཝུ་བསྟན་འཛིན་དར་རྒྱས་ཀྱིས་དབུ་མཛད་གནང་ནས་དབྱར་ཆོས་འཚོགས། ཕྱིས་སུ་ཆོས་སྡེ་འདིའི་གཙུག་ལག་ཁང་རྟེན་བརྟེན་པ་བཞེངས་གྲུབ་རྗེས་དབྱར་གནས་དང་། སྒྲུབ་མཆོད། ལོ་སར་སྨོན་ལམ་ཆེན་མོ། དགུ་བའི་ལྷ་བབས་དུས་ཆེན་བཅས་དུས་ཆེན་ཆེན་པོ་བཞི་དང་། དགའ་ལྡན་ལྔ་མཆོད་ཆེན་མོ་སོགས་ཁྱད་པར་གྱི་དུས་ཆེན་དང་ནམ་རྒྱན་གྱི་ནང་བསྟན་གནས་ལྔ་རིག་པའི་སློབ་གཉེར་ཡོངས་རྫོགས་གནས་འདི་ནས་གནང་གི་ཡོད་པ་རེད། ཡང་བླ་སྤྲུལ་གྲྭ་བཙུན་ཐོབ་ཐང་འདྲ་མཉམ་གྱི་ལོ་རེའི་ལས་གནས་རེས་མོས་ངང་བཀོད་བཞག་དང་། སྐབས་དེ་དུས་ཀྱི་བླ་གྲྭ་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་གྱི་སྙིང་སྟོབས་བཙན་པོའི་གོ་ཆ་དང་། ཆོས་སྡེ་འདིའི་བསྟན་དོན་ལ་དམིགས་པའི་ལྷག་བསམ་ནི་སུས་ཀྱང་མགྲན་ཟླ་དང་བྲལ་བ་ཞིག་སྟེ། རིག་གནས་གསར་རྗེས་ཀྱི་ལས་འགུལ་རླུང་ནག་འཚུབ་མ་དེའི་ཁྲོད་ནས་ཨོ་ཐོག་དགོན་པའི་གྲྭ་རྒན་གཞོན་མང་པོ་ཞིག་གིས་སྐུ་སྲོག་འཕང་མེད་ཀྱིས་ཆོས་སྡེ་འདིའི་ཆོ་ག་ཕྱག་ལེན་དང་འབུད་རྡུང་བཀྲོལ་གསུམ་གྱི་སྲོལ་རྒྱུན་ཇི་ལྟ་བ་བཞིན་དུ་མཚན་མོའི་མར་མེའི་འོད་ཀྱི་གུར་ཁང་ནས་མི་ལོ་གང་མང་ཞིག་མི་ཁྱི་སུས་ཀྱང་མི་མཐོང་སའི་རྫ་རི་དང་གངས་རི་སོགས་རི་གང་མཐོ་དང་ས་གང་འཁྱག་གི་དབེན་པའི་ལུང་སྟོང་རྐྱང་རྐྱང་ནས་ལོ་ཟླ་འཁོར་མོ་རེ་རེའི་དགོན་པ་རང་གི་ཆོ་ག་ཆོས་སྤྱོད་ཀྱི་རྒྱུན་ཆགས་ཀྱི་རིམ་པ་རྣམ་ཉིན་གཅིག་ཙམ་ཡང་ཆད་མ་མྱོང་བར་རྒྱུན་མཐུད་ཡོད་པའི་བཀའ་དྲིན་དེ་ནི་ང་ཚོས་ནམ་ཡང་རྗེད་མི་ཐུབ་པ་ཞིག་རེད།
     ཆོས་སྡེ་འདིའི་རྟེན་གྱི་གཙོ་བོ་ནི་ཇོ་བོ་ལོ་ཀྭའི་ཤྭ་རའི་སྐུ་བརྙན་སྲིད་ན་དཀོན་པ་ཞིག་དང་། རྒྱལ་བ་བྱམས་པའི་སྐུ་བརྙན་མཐོང་གྲོལ་མ་ཞིག བཀའ་བསྟན་གསེར་བྲིས་དངུལ་བྲིས་སོགས་རིག་དངོས་རྩ་ཆེན་མང་པོ་ཡོད། དཀྱིལ་ན་ཚོགས་ཆེན་འདུ་ཁང་གསར་རྙིང་གཉིས་ན་ཟངས་གསེར་ལས་གྲུབ་པའི་སྟོན་པ་གཙོ་འཁོར་གསུམ་དང་། རྗེ་ཡབ་སྲས་གསུམ་། སྤྱན་རས་གཟིགས་ཕྱག་བཞི་བ་དང་། ཕྱག་ན་རྡོ་རྗེ་སོགས་རྟེན་རྩ་ཆེན། རྒྱབ་ན་གཟིམས་ཆུང་ཀུན་དགའ་ར་བ། འཚམས་ཁང་། མགོན་ཁང་ནང་དུ་མགོན་པོ་གསུང་བྱོན་མ་དང་། མདུན་དུ་ཇོ་བོ་སྟོང་གསུམ་རྒྱན་གཅིག་བཞུགས་སའི་ཇོ་ཁང་། གཡས་གཡོན་དུ་ཁམས་ཚན་དྲུག་དང་གྲྭ་ཤགས་མང་མས་མཐའ་ནས་སྐོར་བ། སློབ་གཉེར་གཙོ་བོ་ཚད་མ་དང་ནང་དོན་རིག་པ་ལ་སྦྱང་མཁན་མཚན་ཉིད་ཐོས་བསམ་གླིང་དང་། རྒྱུད་སྡེ་བཞི་སོགས་སྔགས་ཕྱོགས་ལ་ཉམས་བཞེས་མཛད་མཁན་གསང་སྔགས་ཆོས་གྲྭ་ཆེན་པོ་དང་། མདོ་སྔགས་གཉིས་ཀྱི་རྨང་གཞི་སྒྲ་དང་སྙན་ངག་སྡེབ་སྦྱོར་རྩིས་རིག་བཅས་དེང་རབས་རིག་གནས་ལ་སྦྱང་མཁན་རིག་གསན་སློབ་གླིང་བཅས་ཡོད།
     ད་ལྟ་ཡང་བླ་གྲྭ་བརྒྱ་ཕྲག་ལྔ་ནས་དྲུག་བར་གྱིས་བཤད་སྒྲུབ་ཐོས་བསམ་ལ་བརྩོན་བཞིན་ཁོར་ཡུག་སྲུང་སྐྱོབ་དང་། སྤྱི་ཚོགས་ཞབས་ཞུའི་ཆེད་གཙུགས་ཟབ་སྦྱོང་སློབ་གྲྭ། ནང་ཆོས་ངོ་སྤྲོད་སོགས་རྣམ་དཀར་གྱི་བྱ་བ་མང་པོ་ཞིག་གི་སྣེ་ཁྲིད་དང་ལམ་སྟོན་ལ་འབད་འབུང་དྲག་པོས་རང་རིགས་སྤྱི་དང་དེའི་ངོ་བོ་སྐད་དང་ཡེ་གེ་སོགས་ལ་གཞོལ་བཞིན་ཡོད།
          གངས་ཅན་བོད་པའི་ཆོས་དང་རིག་གཞུང་གི །
          བཅུད་ཆགས་མེ་ཏོག་ནང་གི་ཟེའུ་འབྲུ་ཉིད། །
          ལྷ་སྡེ་རང་གི་ཏོག་དུ་བཀུར་བ་ཡི། །
          དགོན་སྡེ་འདི་ཡི་ལོ་རྒྱུས་ཅིས་ཀྱང་མཁོ། །ཅེས་བགྲང་བྱ་བཅུ་ཕྲག་གཅིག་ཙམ་གྱི་ཡར་སྔོན་ནས་བདག་གིས་མཚོ་སྔོན་པོའི་དྲ་བར་བཀོད་པའི་ཨོ་ཐོག་དགོན་པའི་ལོ་རྒྱུས་གཞིར་བཞག་ལ་འཁྲི་བསྣོན་ཕྲན་བུ་རེ་བྱས་པ་འདི་ནི་ཨོ་ཐོག་མྱུག་དགའ་རུ་འབོད་པ་དེས་སྦྱར་བའོ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...