སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བཙུན་དགོན་བདེ་ཆེན་ཆོས་གླིང་གི་ངོ་སྤྲོད་མདོས་བསྡུས།
རྩོམ་པ་པོ། ཨོ་ཐོག་མྱུག་དགའ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-20 10:35:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     བཙུན་དགོན་བདེ་ཆེན་ཆོས་གླིང་འདི་ནི1991ལོ་ཡས་མས་ཞིག་ལ་སྐྱབས་རྗེ་ཐུབ་བསྟན་ཉི་མ་མཆོག་གིས་འཛོམ་གྱི་ཇོ་དར་སྒོ་ཟེར་བའི་ས་དེར་ཕྱག་བཏབ་པ་ཞིག་ཡིན་ལ། སྤྱིར་ས་ཡིག་གང་དང་གང་གི་ནང་ན་ཡང་ས་དཔྱད་ཐོག་མ་མིང་ལ་བརྟགས་གསུང་བ་ལྟར་ས་མཁན་གྱིས་ཐོག་མ་ས་མིང་ཡག་པོ་ཡོད་མེད་ལ་བལྟ་དགོས་པ་གལ་འགང་ཆེ་བར་གསུང་བས་རིན་པོ་ཆེ་ཁོང་རང་ཉིད་དང་ཁོང་གི་ཡོངས་འཛིན་དེས་ཚ་རྒན་བསྟན་འཛིན་འཕྲིན་རྣམ་པ་གཉིས་ཀྱིས་ཡང་ས་འདིའི་མིང་དོན་ཀུན་ལ་གཟིགས་ནས་གནས་འདིར་དགོན་པ་དེ་འདེབས་རྒྱུའི་ཐུགས་སྨོན་མཛད་པ་ཞིག་ཡིན།
     འཛོམ་ཁོག་ཟེར་བའི་ས་མིང་དེ་ཇི་ལྟར་ཐོག་པ་ཡིན་ཟེར་ན་སྔོན་ཨོ་ཐོག་དཔོན་གྱི་མངའ་ཐང་ཆེས་ཆེར་དར་བའི་སྐབས་སུ་སྡེ་བ་སོ་སོའི་འགོ་དཔོན་དང་རུ་ཁག་མང་པོའི་རུ་དཔོན་དག་ལོ་རེར་སྒང་འཛོམ་དང་ཐེངས་རེར་འདུ་འཛོམ་བྱེད་སའི་ས་གནས་གཙོ་བོར་ཆགས་ཀྱི་ཡོད་པས་ས་དེར་འཛོམ་གཞིའི་ཁོག་གམ་འཛོམ་ཁོག་ཟེར་ཞིང་། དེའི་གཡས་གཡོན་གྱི་ས་གནས་དག་ལ་འཛོམ་གྱི་ཇོ་དར་སྒོ། འཛོམ་གྱི་རྟ་ར་སུམ་མདོ། ལུང་བ་དེའི་ཆུ་ལ་འཛོམ་ཆུ་ཞེས་དུས་ད་ལྟ་ཡང་མིང་དེ་ག་རང་འབོད་ཀྱིན་ཡོད་ལ་དེང་སྐབས་ཨོ་ཐོག་སྟོད་གནས་སྡེ་བའི་སའི་ལྟེ་བ་ཆགས་ཡོད། བཙུན་མའི་དགོན་པ་འདི་ལི་ཐང་དང་ཉག་ཆུ་ཕྱོགས་ཀྱི་བཙུན་དགོན་ཐོག་མ་ཞིག་ཏུ་ཆགས་ཀྱི་ཡོད་ལ་དགོན་པ་དེར་ད་ལྟ་བཙུན་མ་བདུན་ཅུ་ལྷག་ཙམ་ཞིག་གིས་མདོ་དང་སྔགས་ཀྱི་ཆོས་སྤྱོད་ལ་ཉམས་ལེན་དང་། ནང་བསྟན་མཚན་ཉིད་རིག་པ། ཚད་མ་དང་བསྡུས་གྲྭའི་རིག་ལམ་སོགས་ལ་ཐོས་བསམ་སྒོམ་གསུམ། ཐ་སྙད་རིག་གནས་དང་དེང་རབས་རིག་གནས་ལ་ཟུར་སྦྱང་གིས་བརྩོན་པ་ལྷོད་མེད་ཀྱིས་སྒོ་ནས། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་བཤད་སྒྲུབ་འཆད་ཉན་གྱི་བག་ཆགས་བཟང་པོ་རེ་འཇོག་པའི་བསྐལ་བ་ཡར་ལྡན་གྱི་ཕྱག་ལས་མང་པོ་ཞིག་མཛད་དང་མཛད་མུས་ཡིན་ལ།
     དགོན་པ་འདིའི་རྟེན་གཙོ་རྗེ་ཡབ་སྲས་གསུམ་དང་། སངས་རྒྱས་སྟོང་སྐུ། བཀའ་བསྟན་གྱི་གསུང་རབ་སྣ་ཚོགས། རྗེ་བཙུན་སྒྲོལ་མ་ལ་སོགས་པའི་སྐུ་བརྙན་འདྲ་མིན། བསྟན་སྲུང་དཔལ་ལྡན་ལྷ་མོ། བཅས་མཇལ་དུ་ཡོད།
རྒྱ་ལོ་ཉེར་གཅིག་ཕོ་མོ་འདྲ་མཉམ་བཞིན། །
སྐྱེས་པ་ཕོ་ལ་ཐར་ལམ་སྒྲུབ་པའི་གནས། །
དགོན་དང་རི་ཁྲོད་ཡོད་པ་དེ་བཞིན་དུ། །
ཟ་མ་མོ་ལའང་དགོས་པ་འདྲ་མཉམ་ཡིན། །
ཅེས་པ་འདི་ནི་ཨོ་ཐོག་མྱུག་དགའ་རུ་འབོད་པ་དེས་སྦྱར་བའོ།། །།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...