སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མགོ་ལོག་རྣམ་རྒྱལ་དགོན་ངོ་སྤྲོད་མདོར་བསྡུས།
རྩོམ་པ་པོ། ཨོ་ཐོག་མྱུག་དགའ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-23 9:20:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     མགོ་ལོག་སྟོད་ཟེར་བའི་ས་ཆ་དེ་ནི་ཉག་ཆུ་རྫོང་ནས་ལེ་བར་དྲུག་ཆུ་ཙམ་གྱི་སར་གཞིས་ཆགས་ཤིང་། སྔོན་གྱི་དུས་སུ་ཨོ་ཐོག་དཔོན་ཚང་གི་རྫོང་གཞིས་ཆགས་ས་དང་དུས་རབས་ཞིག་གི་བརྐྱོགས་མཚམས་ནས་ཨོ་ཐོག་དཔོན་གྱི་མངའ་ཐང་རབ་ཏུ་དར་སའང་གནས་འདི་ག་རང་ཡིན་པས་ཕྱོགས་བཞིའི་ས་དཔྱད་ལེགས་པ་མེ་ཏོག་པད་མ་འདབ་བརྒྱད་ཀྱི་རི་མོ་རྣམ་པར་བཀྲ་བ། ཉིན་སྲིབ་གྱི་ནགས་ཚལ་དང་སྤངས་ལྗོངས་ཉམས་དགའ་བ། རྒྱབ་རི་སྒྲོལ་མ་ལྗང་ཁུ་པད་ཟླའི་གདན་ལ་བཞུགས་པ་ལྟ་བུའི་མིང་དོན་གྱི་ཆོས་ཀུན་ནས་མཚུངས་བའི་སྒྲོལ་མའི་གནས་རིའི་ཉེ་འདབས་སུ་དེང་དུས་ལྷ་སྡེ་དང་། སེ་མདའ། བར་གྲོང་བཅས་གྲོང་ཚོ་ཆུང་ཆུང་གསུམ་ཡོད་པ་དེ་ལ་མགོ་ལོག་སྟོད་ཟེར། གྲོང་ཚོ་དེའི་ལྟག་ན1993ལོར་སྐྱབས་གཅིག་ཐུབ་བསྟན་ཉི་མ་མཆོག་གིས་ཨོ་ཐོག་དཔོན་རབས་མང་པོའི་ལོ་མང་གི་ཕ་མེས་ཀྱི་གཞིས་ཁྱིམ་དྲོད་མོའི་བཙན་རྫོང་ཡིན་པ་དང་། གནམ་སའི་ཆགས་དབྱིབས་ལེགས་པ། ས་བབས་ཀྱི་མཐོ་ཚད་དང་མཁའ་དབུག་གི་འབྱུང་འཕྲོད་བཟང་བ་བཅས་ལ་གཟིགས་ནས་ཡུལ་སྡེ་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དུ་མགོ་ལོག་རྣམ་རྒྱལ་དགོན་ཞེས་པའི་དགོན་པ་འདི་ཕྱག་བཏབ་པ་དང་། དགོན་པ་མ་བཏབ་པའི་ཡར་སྔོན་ས་དེར་ཨོ་ཐོག་དཔོན་ཚང་གི་དུས་སུ་ཡང་ལི་ཐང་སྐྱབས་མགོན་བཞུགས་སའི་མཚམས་ཁང་རི་ཁྲོད་ཞིག་ཡོད་ལ་སྐྱབས་མགོན་རང་གིས་དབུས་གཙང་ནས་གདན་ཞུ་གནང་བའི་སོག་པོའི་དགེ་བཤེས་ཞི་བ་ལ་གནས་དེར་སྒྲུབ་པ་མཛད་ནས་ཡུན་རིང་བཞུགས་མྱོང་སའི་གནས་ཁྱད་པར་བ་ཞིག་ཡིན།
     དུས་ཕྱིས་མདོ་དབུས་ཁམས་གསུམ་གྱིས་མཚོན་པའི་ས་ཁུལ་གང་སར་རིག་གསར་གོད་ཆགས་ཆེན་པོའི་རྗེས་ཀྱི་ཆོས་སྒོ་ཕྱེ་བ་དང་ཆབ་གཅིག་ཨ་ཁུ་བློ་སྦོ་ལགས་ནས་ས་དེར་མཚམ་ཁང་ཞིག་བཞེངས་ནས་ཡུལ་ལུང་དེའི་བྱིས་པ་སྐོར་ཞིག་ལ་ཡི་གེ་འབྲི་ཀློག་བསླབས་པ་སོགས་ཀྱིས་རྣམ་དཀར་གྱིས་བྱ་བར་སྐུ་ལས་མང་དུ་བསྐྱོན་ནས་བཞུགས་མྱོང་བ་མ་ཟད་ཕྱིས་སུ་ཁོང་ཨོ་ཐོག་དགོན་པའི་ཚོགས་ཆེན་ཞལ་ངོ་སོགས་མཛད་ཅིང་། རི་རྒྱལ་ལྷུན་པོ་ལྟར་ད་དུང་ཡང་གནས་དེར་སྐུ་འཚོ་བཞུགས་མཛད་ནས་ཡོད། དེ་ལྟར་དགོན་པ་དེ་ཕྱག་བཏབ་པ་ནས་ད་བར་མི་ལོ་ཉེར་བརྒྱད་ཙམ་ཞིག་སོང་ཡོད་ལ། རྟེན་གཙོ་རྗེ་ཙོང་ཁ་པའི་སྐུ་བརྙན། བཀའ་བསྟན་གྱི་གསུང་རབ་དང་སྐུ་བརྙན་སྣ་ཚོགས། དགུན་དུས་སུ་ཨོ་ཐོག་དགོན་ཐེག་ཆེན་བྱང་ཆུབ་ཆོས་གླིང་གི་དཔེ་ཆ་བ་དག་གིས་དགུན་ཆོས་སློབ་གཉེར་གནང་སའི་གནས་རྩ་ཆེན་ཞིག་ཀྱང་ཆགས་གྱི་ཡོད་པ་རེད། དགོན་དེའི་གཡོན་ཕྱོགས་སུ་ལེ་བར་གཉིས་ཙམ་གྱི་ས་ན་བླ་མ་རིན་པོ་ཆེ་ནས་བཀྲ་ཤིས་འཁྱིལ་ཟེར་བའི་རི་ཁྲོད་ཞིག་ཕྱག་བཏབ་ཡོད་ལ་དེ་ན་ཆུ་གཏེར་རྩ་ཆེན་ཞིག་ཀྱང་བླངས་ནས་ཡོད་པ་ད་དུང་ཡང་མཇལ་དུ་ཡོད།
དགོན་དང་རི་ཁྲོད་དམངས་ཀྱི་དད་པར་བསྟེན། །
སྡེ་དཔོན་འཚོ་ཤོག་མ་ལུས་དེ་ལ་དད། །
ཡུལ་ལུང་ཞིག་གི་ཆགས་འཇིག་གནས་གསུམ་གྱི། །
ལོ་རྒྱས་མང་པོ་མ་བྲིས་འདི་ན་གསལ། །
ཅེས་པ་འདི་ནི་ཨོ་ཐོག་མྱུག་དགའ་རུ་འབོད་པ་དེས་སྦྱར་བའོ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...