སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཤིས་ཚང་བླ་རི་མགུལ་དགའ་ལྡན་བཀྲ་ཤིས་ཆོས་འཕེལ་གླིང་གི་ལོ་རྒྱུས་མདོར་བསྡུས།
རྩོམ་པ་པོ། རྫ་ཤུལ་བློ་བཟང་རྒྱ་མཚོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-29 11:48:00 རྩོམ་ཁུངས། དགོན་པའི་ལོ་རྒྱུས་པད་དཀར་ཕྲེང་བ་ལས་བཤུས། ཀློག་གྲངས།

དང་པོ།  ཆོས་སྡེ་འདི་ཕྱག་འདེབས་གནང་ཚུལ་སོགས་བཤད་པ།
     དེ་ཡང་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་ས་དམ་པ། གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་གྲྭ་ཆེན་པོ་དགའ་ལྡན་བཀྲ་ཤིས་ཆོས་འཕེལ་གླིང་འདི་ནི་ད་ལྟའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀླུ་ཆུའི་རྫོང་མཁར་ནསཤར་ལྷོའི་ཕྱོགས་སུ་སྤྱི་ལེ་སུམ་ཅུའི་མཚམས་ཀྱི་བླ་རི་མགུལ་གྱི་གནས་ཕུན་སུམ་ཚོགས་པ་གཙང་ཞིང་དབེན་ལ་ཡིད་དུ་འོང་བ། ས་གཞི་མེ་ལོང་གི་ངོས་ལྟར་ཁོད་སྙོམས་ཤིང་དགེ་བཅུའི་ལང་ཚོ་མ་ལུས་པ་རང་བཞིན་ལྷུན་གྱིས་གྲུབ་པ་ཀུན་རྫོབ་ས་ཡི་སྲུང་བ་ཆེན་པོ་བཞི་དང་། ས་ཡི་ཀ་བཞིས་མཛེས་པར་བརྒྱན་པ་སོགས་འཇིག་རྟེན་བྱེད་པོས་ཆེད་དུ་བཟོས་པ་ལྟར་ཡོངས་སུ་ཚང་བའི་གནས་སུ་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་དཔལ་བཟང་པོ་དེ་ཉིད་ཀྱིས་རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག1712ལོར་ཕྱག་བཏབ། ལོ་དེ་ནས་བཟུང་གཞུང་བ་རབ་འབྱམས་པ་བསྟན་པས་ཁུར་བླངས་ཤིང་ཐང་དགེ་ལྷུན་གྲུབ་ཀྱིས་སྣ་དྲངས་ནས་འདུ་ཁང་གི་རྨང་གཞི་བཏིང་། ཐུགས་སྲས་རབ་འབྱམས་པ་བསྟན་པ་མཆོག་གི་ཞལ་སྔ་ནས་དུས་འཁོར་ནས་བཤད་པའི་ཀླུ་གནས་སྤོ་བའི་ཆོ་ག་མཛད། ས་རྡོ་དང་ཤིང་སོགས་ཉེ་ལོགས་ཐམས་ཅད་ན་ཡོད་པའི་ཀ་ཤུལ་སྲོག་ཏོས་མདོ་བ་ཐང་འཁོར་སོགས་མཆོད་གཞིས་གཙོ་བོ་ཡིན་པའི་དད་ལྡན་མང་ཚོགས་ཀྱིས་འདུ་ཁང་གི་ཤིང་ཆ་དང་རྩིག་རྡོ་སོགས་མཛོ་དང་གཡག་ལ་བཀལ། ཐང་དགེ་ལྷུན་གྲུབ་ཁོང་རང་གིས་གཙོ་བྱས་རྒན་དར་གཞོན་གསུམ་གྱི་རྒྱབ་ཏུ་ཁུར་ནས་འདུ་ཁང་ཆེན་མོ་ཀྭ་རིང་བཞི་དང་ཀ་བ་བརྒྱད་ཅུ་རྩ་གྲངས་ཅན་སྟེང་ཤོད་མགོན་ཁང་དང་། གྲྭ་ཤག་ཐམས་ཅད་ལེགས་པར་གྲུབ། དེ་དུས་འདུ་ཁང་གཡོན་ཕྱོགས་ཀྱི་རྩིག་རྡོའི་གསེང་དུ་ཐང་དགེ་ལྷུན་གྲུབ་ཅེས་མིང་རྡོ་གྲུ་བཞི་ངོས་མཉམ་པ་ཞིག་གི་སྟེང་བརྐོས་ཡོད་པ་ད་ལྟའི་བར་སྐྱེ་བོ་ཀུན་གྱི་མཐོང་ལམ་དུ་མངོན་བཞིན་ཡོད་པ་འདི་ཡིན་ནོ། །

གཉིས་པ། ཆོས་སྡེ་འདིར་བཤད་སྒྲུབ་ཀྱི་སྲོལ་བཙུགས་ཚུལ།
     ལྷག་པར་དུ་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་མཆོག་ལ་རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་ཞབས་ནས་ཀྱང་རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་ལ་བསྔགས་བརྗོད་རྒྱ་ཆེར་མཛད་པ་ཡང་ཡང་གསན་པ་དང་། ལྷག་ཏུ་དགེ་ལུགས་པའི་སྙན་བརྒྱུད་ཀྱི་མན་ངག་ཕལ་ཆེ་བའི་རྒྱུད་ཀྱང་ནུབ་ཏུ་ཉེ་བར་འདུག་པ་གཟིགས་པའི་རྐྱེན་བྱསནས་ལྕང་སྐྱ་རྡོ་རྗེ་འཆང་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་གཉིས་ཆོས་རྒྱུན་འཚོལ་བའི་ཆེད་བཀའ་གྲོས་མཛད་ནས་ལྕང་སྐྱ་རིན་པོ་ཆེ་དབེན་ས་དང་། ཀུན་མཁྱེན་རིན་པོ་ཆེ་སྲད་རྒྱུད་དུ་ཕེབས་ནས་རྡོ་རྗེ་འཛིན་པ་དཀོན་མཆོག་ཡར་འཕེལ་གྱི་ཞབས་ལ་གཏུགས་ནས་རི་བོ་དགེ་ལྡན་པའི་སྙན་བརྒྱུད་ཀྱི་གདམས་པ་ཡོངས་སུ་རྫོགས་པ་ཞུ་བར་མཛད་པ་དང་། རྡོ་རྗེ་འཛིན་པ་ཉིད་ནས་ཀྱང་ཀུན་མཁྱེན་རིན་པོ་ཆེ་མཆོག་ཁོ་བོའི་བླ་མ་དཀོན་མཆོག་རྒྱ་མཚོའི་སྐྱེ་བར་ངོས་འཛིན་མཛད་ཅིང་། མཎྜལ་ཁྲུ་གང་བ་ཞིག་ལ་དུང་ཕྲན་དང་འགྲོན་བུ་བསྟར་ལ་བརྒྱུས་པའི་ཚོམ་བུ་བཀོད་པ་དང་། ནང་མཆོད་ཀ་པཱ་ལ་གཅིག་བཅས་གནང་སྟེ་ཁྱེད་ཉིད་མདོ་སྨད་དུ་ཕེབས་ནས་དགོན་པ་ཞིག་འདེབས་ན་ངེས་པར་དུ་རྒྱུད་གྲྭ་ཞིག་འདེབས་རྒྱུ་གལ་བོ་ཆེ་ཞེས་པའི་ཞལ་བཀོད་གནང་བ་བཞིན་གདན་ས་འདི་ལའང་གཙང་གི་སྲད་དགའ་ལྡན་རྩེ་ནས་དགེ་རྒན་རྣམ་གཉིས་གདན་དྲངས་ནས་བོད་རབ་བྱུང་བཅུ་གཉིས་པའི་ཤིང་ལུག1715ལོར་གཙང་གི་སྟོད་རྒྱུད་པའམ་སྲད་རྒྱུད་ལྟར་བདེ་གསང་འཇིགས་གསུམ་གྱི་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་འདོན་རྟ་དབྱངས། ཐིག་རྡུལ་ཚོན། རྡུང་རོལ་མོ་བཅས་ཚུགས་པ་དང་། དཔལ་ལྡན་འབྲས་སྤུངས་ལྟར་གྱི་དབྱར་དགག་དབྱེ་དུས་འབྲེལ་གྱི་གསོ་སྦྱོང་། ཆོ་འཕྲུལ་སྨོན་ལམ་ཆེན་མོ་སོགས་ཀྱང་ཀུན་མཁྱེན་དང་པོའི་སྐུ་རིང་ལ་ཚུགས་པར་མངོན། དེ་ནས་ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་རིང་ལ་བཤད་སྒྲུབ་ཀྱི་སྲོལ་བཟང་པོ་རིམ་པར་ཚུགས་པ་ཡིན་ལ། དེ་དག་གི་ཆོས་སྤྱོད་སྤེལ་བའི་དུས་རྣམས་ནི་ལོ་གཅིག་ལྟ་བུར་མཚོན་ན། ཟླ་རེའི་དུས་བཟང་གི་ཆོས་སྤྱོད་ལ། ཚེས་གཉིས་དང་བརྒྱད་ལ་གནས་ཆུང་ལྷ་ཚེས། ཚེས་ལྔ་ལ་པཎ་ཆེན་བདེ་ལམ། ཚེས་བརྒྱད་ལ་འཇིགས་བྱེད་ལྷ་བཅུ་གསུམ་དང་འདོན་ཆའི་རྒྱུགས་ཁེར་ལེན། བཅུ་གསུམ་ལ་ཕྱག་རྡོར་འཁོར་ཆེན། བཅོ་ལྔ་ལ་གསང་འདུས། ཉེར་གཉིས་ལ་མགོན་ཆོས་ལྔའི་བསྐང་གསོ་དང་རྒྱུགས་སྔར་ལྟར། ཉེར་ལྔ་ལ་བདེ་མཆོག ཉེར་དགུ་ལ་བསྐང་གསོ་དྲུག་ཅུ་བ། དགོང་མོའི་རྡོ་གཅལ་སྐུ་རིམ་མཚན་གསོལ། ཧོར་ཟླ་དང་པོའི་ཚེས་གཅིག་གི་ནངས་སྔ་བར་སྲིད་གསུམ་བདག་མོའི་ཚེས་གཏོར་དང་། ཚེས་བདུན་ནས་བཅུ་དྲུག་བར་ཆོ་འཕྲུལ་སྨོན་ལམ་ཆེན་མོ། བཅུ་དྲུག་ལ་སྨོན་ལམ་གཏོར་རྒྱག གཉིས་པའི་ཚེས་ཉེར་གཉིས་ནས་ཉེར་བརྒྱད་བར་རྡུལ་ཚོན་ལ་བརྟེན་པའི་བདེ་མཆོག་སྒྲུབ་མཆོད། གསུམ་པའི་ཚེས་ཉེར་དགུ་ནས་ཟླ་ཕྱི་མའི་ཚེས་ལྔ་བར་ལམ་རིམ་ཆོས་ཐོག བཞི་བའི་ཚེས་དགུ་ནས་བཅུ་དྲུག་བར་མ་ཎི་རིལ་སྒྲུབ། དྲུག་པའི་ཚེས་བཅོ་ལྔ་ནས་ཉེར་གཅིག་བར་འཇིགས་བྱེད་བདག་འཇུག་རྡུལ་ཚོན་དང་བཅས་པ། གཞན་དྲུག་པའི་བཅོ་ལྔ་ནས་བརྒྱད་པའི་ཚེས་གཅིག་བར་དབྱར་གནས། བདུན་པའི་ཚེས་བཅོ་ལྔ་ནས་ཉེར་གཅིག་བར་གསང་འདུས་བདག་འཇུག་རྡུལ་ཚོན་དང་བཅས་པ། ཉེར་དགུར་དབྱར་གཏོར་རྒྱག བརྒྱད་པར་རྣམ་སྲས་གཡང་འབོད༼དུས་ངེས་གཏན་མེད།༽ཚེས་ཉེར་བདུན་ནས་ཟླ་ཕྱི་མའི་ཚེས་མགོ་བར་མགོན་པོ་རྒྱས་པའི་གཏོར་སྒྲུབ། བཅུ་བའི་ཚེས་ཉེར་ལྔ་ནས་ཉེར་བརྒྱད་བར་དགའ་ལྡན་ལྔ་མཆོད་ཆེན་མོ། བཅུ་གཉིས་པའི་ཚེས་ཉེར་གཅིག་ནས་ཉེར་བརྒྱད་བར་བགེགས་གཏོར་ཆོས་ཐོག་དང་ཉེར་དགུའི་ཉིན་གཏོར་རྒྱག གཞན་ཡང་ཧོར་ཟླ་གཉིས་པའི་ཚེས་ལྔ་ཉིན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གདུང་མཆོད། ཚེས་ཉེར་གཉིས་ཉིན་ཀུན་མཁྱེན་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་གདུང་མཆོད། ཚེས་ཉེར་གསུམ་ཉིན་ཀུན་མཁྱེན་བསྟན་པའི་རྒྱལ་མཚན་གྱི་གདུང་མཆོད། ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་ཐང་དགེ་ལྷུན་གྲུབ་ཀྱི་གདུང་མཆོད། གསུམ་པའི་ཉེར་དགུའི་ཉིན་འབའ་ལིང་དཀོན་མཆོག་ཆོས་འཕེལ་གྱི་གདུང་མཆོད། དགུ་བའི་ཚེས་དྲུག་ལ་ཀུན་མཁྱེན་འཇིགས་མེད་རྒྱ་མཚོའི་གདུང་མཆོད། བཅུ་བའི་ཉེར་བདུན་ལ་སྐྱབས་མཆོག་འཇིགས་མེད་དབང་པོའི་གདུང་མཆོད། བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན་མཚོ་ཁ་བ་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་གདུང་མཆོད། བཅུ་གཉིས་པའི་ཉེར་བདུན་ཉིན་གཞུང་བ་རབ་འབྱམས་པ་བསྟན་པའི་གདུང་མཆོད་བཅས་དང་། སྐབས་གང་བབས་ལ་ཀུན་རིག་དང་ཆོས་སྤྱོད་གང་ཡོད་སོགས་དང་བཅས་པ་བཤད་སྒྲུབ་ཀྱི་ཆོས་སྤྱོད་ངོས་གཙང་སྤེལ་བཞིན་པ་དང་། དུས་རྒྱུན་དུ་བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས། ལམ་རིམ་བློ་སྦྱོང་། སྒྲ་སྙན་ངག རྩིས་ས་རིས་སོགས་ལ་ཐོས་བསམ་བྱེད་པའི་སྲོལ་བྱུང་བ་དང་། ཟླ་རེར་རྒྱུགས་ཐུང་གཉིས་དང་ལོ་རེར་རྒྱུགས་རིང་གཅིག་བཅས་པའི་སྲོལ་བྱུང་བ་ད་ལྟའི་བར་མ་ཉམས་པར་གནས་ཡོད་དོ། །
     གཞན་ཡང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན་གྱིས་གཙོས་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོལ་མེ་དཔལ་བཟང་པོ་དང་། མཛོད་དགེ་ཨ་ཁུ་རིན་པོ་ཆེ་མཁས་གྲུབ་བསྟན་འཛིན་པ་ཚང་། ཀུན་མཁྱེན་ལྔ་བ་ཆེན་པོའི་ཡོངས་འཛིན་དགེ་བའི་བཤེས་གཉེན་ཆེན་པོ་གྲགས་པ་ཚང་། གུང་ཐང་སྐུ་འཕྲེང་དྲུག་པ་རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག་དཔལ་བཟང་པོ། ཁྲི་ཆེན་རབ་བརྟན་རྒྱ་མཚོ་རྗེ་བསྐལ་བཟང་ཐུབ་བསྟན་རྒྱ་མཚོ་ཚང་། ཁྱབ་བདག་རྡོ་རྗེ་འཆང་བདེ་ཐང་ཞབས་དྲུང་དཀོན་མཆོག་མཁྱེན་རབ་རྒྱ་མཚོ་མཆོག འཇམ་མགོན་སྡེ་ཁྲི་རིན་པོ་ཆེ་རྗེ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་སོགས་སྐྱེས་བུ་དམ་པ་མང་པོ་གདན་ས་འདིར་ཕེབས་ཤིང་བྱིན་རླབས་ཀྱི་མེ་ཏོག་གཏོར།
གསུམ་པ། ཆོས་སྡེ་འདིའི་གདན་རབས་རིམ་པར་བྱོན་ཚུལ།
     དེ་ཡང་མཁས་གྲུབ་བྱེ་བའི་གཙུག་རྒྱན་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་མཆོག་གིས་ཆོས་སྡེ་འདི་ཉིད་ཕྱོགས་འདིའི་ལུས་ཅན་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དུ་ཕྱག་བཏབ་པ་ནས་རབ་གནས་ཆུ་འབྲུག་ལོ་བར་བགྲང་བྱ་སུམ་བརྒྱ་འཁོར་བའི་ཡུན་ལ་སྡེ་འདིར་མཁས་གྲུབ་གསེར་རིའི་ཕྲེང་བ་ཟམ་མ་ཆད་པར་བྱོན་ནས་ཆོས་ཁྲི་བསྐྱངས་ཤིང་བསྟན་འགྲོའི་དོན་རླབས་ཆེན་མཛད་པ་ལགས་ནའང་། ལོ་རྒྱུས་ཀྱི་གོད་ཆག་ལས་དེ་དག་རེ་རེ་ནས་འབྲིར་རྔོ་མི་ཐོག་པས། ཆོས་འབྱུང་དང་དེབ་ཐེར་སོགས་ལས་ལག་སོན་བྱུང་བ་རྣམས་མདོར་བསྡུས་སུ་བརྗོད་པ་ལ། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་མཆོག 2ཐུགས་སྲས་རབ་འབྱམས་པ་བསྟན་པ། 3དཔའ་རིས་དཀོན་མཆོག་བདེ་ཆེན། 4རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན། 5བཀའ་འགྱུར་བ་དཀོན་མཆོག་དཔལ་འཛིན། 6དགེ་བའི་བཤེས་གཉེན་ལེགས་བཤད་ཚང་། 7འབའ་ལིང་ཞབས་དྲུང་དཀོན་མཆོག་ཆོས་འཕེལ། 8མཁན་པོ་ངག་དབང་ཐུབ་བསྟན་རྒྱ་མཚོ། 9མཚོ་ཁ་བ་སྐལ་བཟང་བསྟན་པའི་རྒྱལ་མཚན། 10རབ་བརྟན་རྒྱ་མཚོ་དཀོན་མཆོག་བསྟན་འཛིན་རྒྱ་མཚོ། 11ཀོའུ་དགེ་སྤྲུལ་བའི་སྐུ་འཇིགས་མེད་བསམ་གྲུབ་རྒྱ་མཚོ། 12ཤིས་ཚང་ཞབས་དྲུང་དཀོན་མཆོག་མཁྱེན་རབ་རྒྱ་མཚོ། 13དམེ་ཤུལ་མུ་ཏོ་སྐལ་བཟང་སྦྱིན་པ་རྒྱ་མཚོ། 14སྒྱིས་དགེ་ཚང་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ། 15ཁྲི་ཆེན་རབ་བརྟན་རྒྱ་མཚོ་སྐལ་བཟང་ཐུབ་བསྟན་རྒྱ་མཚོ། 16ཨ་མཆོག་ཧོར་སྐལ་བཟང་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ། 17གྱོ་ར་འཇམ་དབྱངས་བསྟན་འཛིན་འཕྲིན་ལས། 18ཁཱ་ཤཱི་སྐལ་བཟང་བསྟན་པ་དར་རྒྱས། 19ཨ་མཆོག་ཧོར་སྐལ་བཟང་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ། 20ཁཱ་ཤཱི་སྐལ་བཟང་བསྟན་པ་དར་རྒྱས། 21ཁ་གྱའི་འགྱིང་ཕྲུག་སྐལ་བཟང་དམ་ཆོས་རྒྱ་མཚོ། 22ཧན་སྐལ་བཟང་དམ་ཆོས་རྒྱ་མཚོ། 23ཐང་རིང་སྤྲུལ་བའི་སྐུ་རྗེ་སྐལ་བཟང་བསྟན་པའི་རྒྱལ་མཚན། 24དགེ་བའི་བཤེས་གཉེན་ཆེན་པོ་སྐལ་བཟང་འཕྲིན་ལས་ཚང་། 25དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་གྲགས་པ་ཚང་། 26དགེ་བའི་བཤེས་གཉེན་ཆེན་པོ་སངས་རྒྱས་རྒྱ་མཚོ་ཚང་། 27ཁྭ་ཤཱི་མཆོག་སྤྲུལ་འཇམ་དབྱངས་འཇིགས་མེད་གྲགས་པ་མཆོག 28ཡར་སྤུངས་བློ་བཟང་ཆོས་དཔལ་རྒྱ་མཚོ་མཆོག་ད་ལྟ་ཁྲི་ལས་ཐོག་གི་སྐབས་སོ། །
བཞི་བ། གཙུག་ལག་ཁང་དང་ནང་རྟེན་གྱི་ལོ་རྒྱུས་མདོར་བསྡུས།
     འདུ་ཁང་ཆེན་མོའིནང་སྔོན་གྱི་རྟེན་རྙིང་བྱིན་ཅན་བཀྲ་ཤིས་དོ་མའི་གཙོས་དབུས་སུ་ཡོངས་རྫོགས་བསྟན་པའི་མངའ་བདག་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་ཁྲི། དེའི་མདུན་དུ་དཔོན་སློབ་ཁྲི་རིན་པོ་ཆེའི་བཞུགས་ཁྲི། ཤིང་བཟང་ལས་གྲུབ་པའི་ཇོ་སྐུ་ཆེ་བ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྐུ་བརྙན་མི་ཚད་ཅན། ཤིང་བཟང་ལས་གྲུབ་པའི་བྱམས་སྐུ། ས་ཡི་སྙིང་པོ་དང་ནམ་མཁའི་སྙིང་པོ། འཕགས་པ་ཀུན་ཏུ་བཟང་པོ། འཇམ་དབྱངས། བྱམས་སྐུའི་གཡས་སུ་རྗེ་རིན་པོ་ཆེ་མི་ཚད་ཅན་དང་མདུན་དུ་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། ཀུན་མཁྱེན་རིམ་བྱོན་དང་བྱམས་པ་ཆོས་འཁོར་མ། གཡོན་གྱི་གྲལ་མགོར་ཐུབ་སྐུ་མི་ཚད་ཅན་དང་ཉན་ཐོས་གཉིས། འཇམ་དབྱངས་དམར་སེར་མི་ཚད་ཅན། ཚེ་ལྷ་རྣམ་གསུམ། ཇོ་བོ་ལོ་ཀེ་ཤྭ་ར། རྗེ་སྐུ་དང་ཙན་དན་ལས་གྲུབ་པའི་རྒྱལ་ཚབ་རྗེ། རྗེ་གཙང་བ་དགེ་ལེགས་མ་སོགས་ལི་མ་དང་སྨན་སྐུ། ཤིང་སྐུ་སོགས་སྐུ་བརྙན་ཆུང་བ་ཧ་ཅང་མང་པོ་བཞུགས། རྗེ་ཡབ་སྲས་ཀྱི་གྱན་ཐང་དང་སངས་རྒྱས་སྟོང་སྐུ། བཤགས་ལྷ་སོ་ལྔ། གནས་བརྟན་བཅུ་དྲུགལམ་རིམ་བླ་བརྒྱུད། བདེ་གསང་འཇིགས་གསུམ་དང་དུས་འཁོར་། འཁོར་ཆེན། ཀུན་རིག མགོན་ཆོས་གསུམ། ཕྱག་རྡོར། སྲིད་པའི་འཁོར་ལོ། རྒྱལ་ཆེན་བཞི་སོགས་གྱན་ཐང་དུ་མ་བཞུགས་པ་དང་། གནས་བརྟན་བཅུ་དྲུག་དང་བདེ་གསང་འཇིགས་གསུམ་གྱི་དཀྱིལ་འཁོར།སྐྱབས་འགྲོའི་ཚོགས་ཞིང་། སྔོན་གྱི་ཐང་དགེ་ལྷ་མོ་གོས་གྲུབ་མ་བྱིན་ཅན། ཙོང་ཁ་བརྒྱད་ཅུ། པཎ་ཆེན་འཁྲུངས་རབས། ཀུན་མཁྱེན་འཁྲུངས། ཤམ་བྷ་ལའི་ཞིང་བཀོད། འོད་དཔག་མེད་ཀྱི་ཞིང་བཀོད། མི་འཁྲུགས་པའི་ཞིང་བཀོད། ལོ་གྱོན་མ་སོགས་ཞལ་ཐང་མང་པོ་བཞུགས། གསུང་རྟེན་ལ་རྩེ་ཞོལ་དཔར་གྱི་བཀའ་འགྱུར་དང་བསྟན་འགྱུར། རྗེ་ཡབ་སྲས་ཀྱི་གསུང་འབུམ་དང་ཀུན་མཁྱེན་ཡབ་སྲས་ཀྱི་གསུམ་འབུམ་སོགས་གསུང་རབ་པོདསྟོང་ཕྲག་ཁ་ཤས་བཞུགས། རྣམ་རྒྱལ་མཆོད་རྟེན་དང་། གཙོས་གསེར་ཁྲིའི་སྐུ་གདུང་མཆོད་རྟེན་སོགས་བྱིན་རྟེན་མང་པོ་བཞུགས་པ་དང་གཞན་མཆོད་རྫས་ཡོ་བྱད་རྩ་ཆེན་མང་པོ་མཆིས་སོ། །
     གཞན་ཡང་ཚོགས་ཆེན་མགོན་ཁང་དང་། བློས་བསླང་ལྷ་ཁང་། བླ་བརྒྱུད་ལྷ་ཁང་། ཀུན་མཁྱེན་གཟིམ་ཁང་། རྗེ་ལྷ་ཁང་། ཆོས་ཁྲི། གནས་ཆུང་བཙན་ཁང་སོགས་སུ་བྱིན་རྟེན་མང་པོ་བཞུགས་པ་མ་ཟད། ཁཱ་ཤཱི་ཚང་གི་ནང་ཆེན་དང་ཤིས་ཚང་ཞབས་དྲུང་གི་ནང་ཆེན་བཅས་སུ་བྱིན་རྟེན་མང་པོ་བཞུགས་སོ། །
     ཞར་བྱུང་། དགོན་པའི་ནང་རྟེན་གྱི་གཙོ་བོ་རྗེ་བཀྲ་ཤིས་དོ་ཁ་མའི་ལོ་རྒྱུས་མདོར་བསྡུས།
     དེ་ཡང་ཆོས་སྡེ་འདིའི་ནང་རྟེན་གྱི་གཙོ་བོ་ས་གསུམ་ན་རྙེད་པར་དཀའ་བ7རྗེའི་སྐུ་བརྙན་བྱིན་ཅན་བཀྲ་ཤིས་དོ་ཁ་མར་གྲགས་པ་འདི་ནི་མཁས་གྲུབ་བྱེ་བའི་གཙུག་རྒྱན་དམ་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་དེ་ཉིད་ཀྱི་དགུང་ལོ་ང་བརྒྱད་པ་རབ་བྱུང་བདུན་པའི་ཤིང་རྟ1414ལོར་མི་དབང་གྲགས་པ་རྒྱལ་མཚན་པས་གསོལ་བ་བཏབ་ནས། འོན་གྱི་བཀྲ་ཤིས་དོ་ཁར་གདན་དྲངས་པ་ལྟར་ཕེབས་ནས་དབྱར་ཞལ་བཞེས་མཛད། དུས་དེར་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་རྗེའི་ཞབས་ཐོག་མར་ཟིན་ཞིང་། སེམས་དཔའ་ཆེན་པོ་ཀུན་བཟང་བ་དང་། ཤེས་རབ་སེང་གེ་སོགས་ཀྱིས་རྗེ་དགེ་འདུན་གྲུབ་ཀྱི་ཐུགས་རབ་ལ་བསྔགས་པ་ཕུལ་བས་རྗེ་ཐམས་ཅད་མཁྱེན་པས་ཀྱང་ཐོབ་པར་མཛད། གནས་དེར་སྡེ་སྣོད་འཛིན་པ་བརྒྱ་ཕྲག་མང་པོ་ལ་ལམ་རིམ། དབུ་ཚད། སྤྱོད་འཇུག་ལ་སོགས་པ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བས་གདན་སའི་སྤྱན་སྔ་རིན་པོ་ཆེས་ཐོག་དྲངས། མི་དབང་གྲགས་པ་རྒྱལ་མཚན་འཁོར་དང་བཅས་པ་ཐམས་ཅད་མཆོག་ཏུ་དད་ཅིང་དགེ་བའི་ས་ལ་འགོད་པར་མཛད། སྐབས་དེར་བཀྲ་ཤིས་དོ་ཁ་མར་གྲགས་པའི་སྐུ་བརྙན་བྱིན་རླབས་ཅན་འདི་ཡང་ལྷའི་བཟོ་བོ་པཎ་ཆེན་བྱམས་པ་གླིང་བས་ཕྱག་བཟོ་མཛད་དེ་སྐུ་བརྙན་བརྒྱད་བཞེངས། རྗེ་རང་ཉིད་ཀྱིས་དབུ་སྐྲ་བུབས་རེ་སྐུ་བརྙན་རེ་རེའི་གཟུངས་བཞུགས་སུ་ཕུལ་ཏེ་རབ་གནས་མཛད། སྐུ་བརྙན་བྱིན་ཅན་འདི་ཉིད་བཞེངས་མཁན་ལ་བཞེད་པ་མི་མཐུན་པ་མང་ཡང་། པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་བཀྲ་ཤིས་ལྷུན་པོའི་ཕྱིའི་མཆོད་རྟེན་དཀར་ཆག་ཏུ། བཀྲ་ཤིས་དོ་ཁ་མར་གྲགས་ཆོས་ཀྱི་རྗེ། །བྱམས་པ་གླིང་བའི་ཕྱག་བཟོ་ལས་བྱུང་བ། །རྗེ་བཙུན་བླ་མའི་སྐུ་འདྲ་བྱིན་རླབས་ཅན། །ཞེས་དང་། གཞན་རོང་བོ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་དང་བྱ་ཁྱུང་གདན་རབས་སོགས་ལས་པཎ་ཆེན་བྱམས་པ་གླིང་བ་ཡིན་པར་གསུངས་སོ། །
     དེ་ལྟ་བུའི་སྲིད་ན་དཀོན་པའི་སྐུ་བརྙན་བྱིན་ཅན་འདི་གདན་ས་འདིར་ཇི་ལྟར་གདན་དྲངས་པ་ཡིན་ཞེ་ན། ཕྱོགས་འདིར་འཁྲུངས་པའི་མཁའ་རིག་བླ་མ་འོད་ཟེར་བཟང་པོ་ཞེས་པ་དབུས་སུ་ཕེབས་ཏེ་ཐུགས་གཉེར་མཛད། རྒྱལ་དབང་འཇམ་དཔལ་རྒྱ་མཚོ་དང་ཐུགས་འབྲེལ་ཧ་ཅང་ཟབ། ངག་རྒྱུན་ལ་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་མཚན་ཉིད་ཞབས་ཞུ་ཡིན་ཟེར། རབ་བྱུང་བཅུ་གསུམ་པའི་ས་རྟ1798ལོར་ཁོང་མདོ་སྨད་དུ་ཕེབས་ཁར་རྒྱལ་དབང་རིན་པོ་ཆེར་བདག་རང་ཡུལ་དུ་འགྲོ་བར་བྱིན་རྟེན་ཁྱད་པར་བ་ཞིག་གནང་བར་ཞུ་ཞེས་ཞུ་བ་ནན་ཆེར་ཕུལ་བར་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་ཐུགས་དམ་གྱི་རྟེན་གཙོ་རྗེ་བཀྲ་ཤིས་དོ་ཁ་མ་འདི་གནང་ནས་གདན་ས་འདིར་གདན་དྲངས་ཤིང་འདུ་ཁང་ཆེན་མོར་བཞུགས་སུ་གསོལ། རབ་རྒྱལ་ས་ཁྱི་ལོ་ནས་བཟུང་ལོ་ངོ་བཅུ་ཕྲག་ལྷག་གི་རིང་བོད་ཁམས་ཡོངས་སུ་ཆོས་དང་རིག་གནས་ལ་གོད་ཆག་ཚབ་ཆེན་བྱུང་བར་ཆོས་སྡེ་འདིའི་དད་ལྡན་སེར་སྐྱ་འགས་ལུས་སྲོག་ལ་མ་འཛེམ་པར་རྗེ་བཀྲ་ཤིས་དོ་ཁ་མའི་སྐུ་བརྙན་བྱིན་ཅན་འདི་བྲག་ཁུང་དུ་སྦས་སྐུང་བྱས་ནས་གནོད་སྐྱོན་གྱི་དྲི་མ་ཙམ་ཡང་མ་བྱུང་། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་བྱ1981ལོའི་ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་ཕྱོགས་འདིའི་སེར་སྐྱ་ཡོངས་ཀྱིས་ཆིབས་བསུ་སེར་སྦྲེངས་དང་བཅས་གདན་ས་འདིར་གདན་དྲངས་ནས་སྔོན་ལྟར་བྱིན་རླབས་ཀྱི་གཟི་འོད་འབར་ཞིང་འཕྲིན་ལས་ཀྱི་མཇུག་མ་བསྡུས་པར་དད་ལྡན་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས་བཞིན་མཆིས་སོ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...