སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྔ་བ་ཁུལ་རྔ་བ་རྫོང་ཁོངས་ཀྱི་བསེ་དགོན་པ་ངོ་སྤྲོད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-13 10:31:00 རྩོམ་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། ཀློག་གྲངས།

     ན་མོ་གུ་རུ། འདིར་བསེ་དགོན་པའི་ལོ་རྒྱུས་ཅུང་ཟད་བརྗོད་པ་ལ། བསེ་མཁར་གཉིས་སྔོན་ནས་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་ལྟ་སྒོམ་སྤྱོད་གསུམ་དང་དབང་ལུང་མན་ངག་གི་བརྒྱུད་འཛིན་པའི་དགོན་པ་གཉིས་ཡིན་ཞིང་། དགོས་པ་ཁྱད་པར་བ་ཞིག་གིས་རྨེ་རྒྱལ་པོ་ལྕགས་ཐར་འབུམ་གྱིས་བསྟན་བདག་གི་རྒྱལ་བོ་བྱས་ཏེ། རྗེ་བཙུན་ཏཱ་ར་ན་ཐཱའི་ལྕམ་ཀུན་དགའ་འཕྲིན་ལས་དབང་མོའི་ལུང་བསྟན་ལྟར། རྔ་ཡུལ་མེ་ལོང་འཁྱིལ་དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་ཏུ་རབ་བྱུང་བཅུ་བཞི་པའི་ཆུ་ཕོ་ཁྱི་ལོ(1862)ལོར་འབྲོག་དགེ་ཡོན་ཏན་རྒྱ་མཚོ་མཆོག་གིས་ས་འདུལ་མཛད་དེ་བསེ་མཁར་གཉིས་ཀྱི་གཙོས་སྐྱེས་ཆེན་དམ་པ་རྣམས་ཀྱིས་བསེ་མཁར་གཉིས་གཅིག་ཏུ་བསྒྱུར་ཏེ་མཚན་ལ་དཔལ་ཐུབ་བསྟན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་ཞེས་གསོལ། (སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་གི་ཤར་ཕྱོགས་སུ་ཆགས་ཡོད།) ད་ལྟ་ཡོངས་གྲགས་ལ་བསེ་དགོན་པ་ཞེས་གྲགས། དེ་ཡང་བསེ་ཚང་གི་གདུང་རྒྱུད་དུ་བསེ་དབོན་ཀུན་དགའ་ལྷུན་འགྲུབ་དང་། བསེ་སྙིང་བོ་རྒྱལ་མཚན། བསེ་དབོན་འཕྲིན་ལས་སྙིང་རྒྱན། འཕྲིན་ལས་རྒྱ་མཚོ། བསེ་བྱང་ཆུབ་ཚང་། སྤྲུལ་དབོན་ངག་དབང་བསྟན་པ། དཀོན་མཆོག་ཡོན་ཏན་ལྷུན་འགྲུབ། རྣམ་སྣང་ཉི་མ། ངག་དབང་རྟ་འཛིན། གུ་རུ་བསྟན་པ། བསེ་ངག་དབང་རྒྱ་མཚོ། ཀུན་བཟང་གཞན་ཕན་ཆོས་ཀྱི་རྒྱལ་མཚན་སོགས་མཁས་བཙུན་བཟང་གསུམ་ལྡན་པའི་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་བྱོན་པ་དང་། ད་ལྟ་གདུལ་བྱའི་བསོད་ནམས་ཀྱི་ཞིང་དུ་བཞུགས་བཞིན་པ་ཀུན་དགའ་ཕུན་ཚོགས་འདིའོ།།

     མཁར་ཚང་གི་གདུང་རྒྱུད་དུ་མཁར་བླ་ཀུན་དགའ་དར་རྒྱས་དང་། དང་པོའི་སངས་རྒྱས་ཤར་མཚོ་ནམ་མཁའ་རྒྱལ་མཚོ། དགའ་ལྡན་ཤར་རྩེ་མཁན་པོའི་ཡང་སྤྲུལ་ཀུན་དགའ་ངག་དབང་འཕྲིན་ལས། མཁར་བླ་བསམ་འགྲུབ་རྒྱ་མཚོ། མཁར་བླ་བསྟན་པ་ཆོས་འཕེལ། སྐུ་དབོན་བསྟན་པའི་རྒྱལ་མཚན། ཀུན་དགའ་འགྱུར་མེད་ཆོས་ཀྱི་དབང་ཕྱུག མཁར་རྡོ་རྗེ་འཆང་ཤེས་རབ་ཆོས་འཕེལ་བཅས་མཁས་བཙུན་བཟང་གསུམ་ལྡན་པའི་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་མང་བོ་བྱོན། ད་ལྟ་གདུལ་བྱའི་བསོད་ནམས་ཀྱི་ཞིང་དུ་བཞུགས་བཞིན་པ་མཆོག་སྤྲུལ་བཀྲ་ཤིས་དོན་ཁོའོ།། དེ་ནས་རྗེ་བཙུན་ཏཱ་ར་ན་ཐཱའི་ཡང་སྤྲུལ་རིག་འཛིན་རྣམ་སྣང་རྡོ་རྗེ་གྲོང་མང་དུ་འཁྲུངས་ཏེ་སྒྲུབ་རྒྱུད་ངེས་དོན་གྱི་བསྟན་པ་རིན་པོ་ཆེ་ཟབ་མོ་རྒྱུད་སྡེ་སྤྱི་དང་ཁྱད་པར་དུ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་དང་དཔལ་འཁོར་ལོ་སྡོམ་པའི་གདམ་ངག་ཉམས་སུ་ལེན་པའི་སློབ་བུ་ཀུན་སྤངས་ཀུན་དགའ་འོད་ཟེར་སོགས་མང་བོ་བྱོན། མགོན་ཁང་ཨུ་ཙ་ལ་བཞེངས་ཏེ་འཕྲིན་ལས་རྣམ་བཞི་བསྒྲུབ་ལ་ཐོགས་པ་མེད་པ་བྱུང་།

     གཞན་ཡང་སྒར་ཁག་ཅ་བ་བླ་མ་ངག་དབང་ཡོན་ཏན་ནས་དཀོན་མཆོག་རྟ་འཛིན་བར་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཁྲི་བ་མཛད་པ་སོགས་ཆོས་སྲིད་གཉིས་ལ་ཕྱག་རྗེས་རླབས་ཆེ། དགོན་འདིར་ཅ་བ་བླ་མ་ངག་དབང་སོགས་ཁྲི་རབས་རིམ་བྱོན་དང་། དཀོན་མཆོག་ཆོས་ཀྱི་རྒྱ་མཚོ་སོགས་རྡོ་རྗེ་སློབ་དཔོན་རིམ་བྱོན་དང་། ཤེར་བཟང་ཚང་སོགས་མཁན་རབས་རིམ་བྱོན་རྣམས་གདན་རབས་ལས་ཤེས་པར་བྱའོ།།
     འདིར་དུས་མཆོད་དང་འབྲེལ་བདེ་གསང་འཇིགས་གསུམ་དང་དཔལ་དུས་ཀྱི་འཁོར་ལོ་སོགས་ཀྱི་བདུན་བསྒྲུབ་དང་། སྒྲུབ་ཁང་བསམ་གཏན་གླིང་གི་སྦྱོར་དྲུག་ཉམས་སུ་ལེན་ཚུལ་དང་།ཐོས་བསམ་གླིང་གི་ཀུན་མཁྱེན་དོལ་པོ་བའི་རི་ཆོས་ངེས་དོན་རྒྱ་མཚོ་སོགས་ཡིག་ཆ་དང་། རྗེ་བཙུན་སྒྲོལ་བའི་མགོན་པོའི་ཐེག་མཆོག་རབ་ཏུ་རྒྱས་པ་སོགས་ལ་འབའ་མདའ་ཡབ་སྲས་ཀྱི་ཡིག་ཆས་ཟུར་བརྒྱན་ཏེ་ཁྲིད་པ་སོགས་ཀྱང་རྒྱས་པ་གདན་རབས་རྫོགས་ལྡན་ཆོས་སྒྲ་ལས་ཤེས་པར་བྱའོ། དགོན་འདིའི་ཐུན་མོང་མ་ཡིན་པའི་ཆོས་སྐྱོང་ནི་མགོན་པོ་དྲཀཤད་དང་གནས་ཆུང་ཡིན་པ་དང་། དེ་ལྟར་འགོ་ན་སྒར་ཁག་དང་རྡོ་རྗེ་སློབ་དཔོན་མཁན་ཁྲི་སོགས་བཞུགས་པ་དང་། བར་ན་གསང་ཆེན་རྒྱུད་སྡེའི་ཁང་ཚན་བཞི་ཡིས་གྲྭ་ཚང་གིས་བཅའ་འབུད་རྡུང་གསུམ། གར་ཐིག་དབྱངས་གསུམ་ཚད་ལྡན་དང་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་གྱི་གོ་རིམ་མ་འཆོལ་བར་མཛད་པའི་གྲྭ་ཚང་བརྒྱད་བརྒྱ་དང་ལྷ་འབངས་དཀར་པོ་སྟོང་ཕྲག་ལས་བརྒལ་བས་གྲུབ་པའི་དགོན་ཆེན་ཞིག་ཡིན་ནོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...