སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཨ་མཆོག་བདེ་མོའི་ཐང་དགའ་ལྡན་ཆོས་འཁོར་གླིང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-29 11:18:00 རྩོམ་ཁུངས། དགེ་ལུགས་པའི་དྲ་བ། ཀློག་གྲངས།

     ཆོས་ཀྱི་སྡེ་ཆེན་པོ་ཨ་མཆོག་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་ནི་ད་ལྟའི་བསང་ཆུ་རྫོང་ཁོངས་སུ་ཆགས་ཤིང་། དེ་ཡང་ཐོག་མར་རབ་བྱུང་བཅུ་གཉིས་པའི་ས་གླང(སྤྱི་ལོ1709)ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་དབལ་ཤུལ་ངག་དབང་བརྩོན་འགྲུས་ཀྱིས་བཀྲ་ཤིས་འཁྱིལ་གསར་འདེབས་ཀྱི་སྐར་འཛིན་དང་བཀྲ་ཤིས་གསོ་སྦྱོང་སོགས་ཕྱོགས་འདིའི་སྲིད་པ་ཆགས་པའི་ལྷ་ཆེན་གཉན་རྗེ་གོང་སྔོན་གྱི་རི་ཞོལ་དུ་གནང་བཅུག་ཅིང་། (སྐབས་དེ་དུས་ཀྱི་བཞུགས་ཁྲིའི་ཤུལ་ད་ལྟའང་མཇལ་རྒྱུ་ཡོད།) དེའི་ཕྱི་ལོར་ཀུན་མཁྱེན་བླ་མ་སྟོན་འཁོར་རྣམས་ཏོག་ཏིའི་བདེ་མོ་ཐང་ལ་དངོས་སུ་ཕེབས་ཏེ་བཀྲ་ཤིས་གསོ་སྦྱོང་དང་། ས་བརྟག་བསླང་། ལྟོ་འཕྱེའི་ཐིག་བཏབ་པ་སོགས་རྒྱུད་སྡེའི་དགོངས་པ་ལྟར་གྱི་ས་འདུལ་མཛད། གཉན་རྗེའི་བསང་ཡིག་བཀའ་རྩོམ་དུ། དགེ་འདུན་མཆོད་གཞིས་མི་ནོར་འཁོར་བཅས་རྣམས།། ཁྱེད་ལ་གཉེར་གཏད་ཅེས་དང་། དགེ་འདུན་བཤད་སྒྲུབ་དགོན་གནས་རྒྱས་པ་སོགས།། ཞེས་འཕྲིན་བཅོལ་ལུང་བསྟན་གྱི་ཚུལ་དུ་བསྩལ། ཞལ་ནས་ཀྱང་ད་ལན་ཁོ་བོ་སྐུ་ན་བགྲེས་པས་ཁོམ་ལོང་མེད་ཅིང་ཕྱིས་སུ་ཆོས་སྡེ་ཞིག་འདེབས་པར་འོང་ཞེས་དྲི་མེད་གསུང་གི་ལུང་བསྟན་དང་། དེའི་རྗེས་ཀུན་མཁྱེན་བར་བ་དབུས་ཕེབས་སྔ་མའི་དུས་སུ་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་ཀྱིས་དབུས་ཀྱི་ཆོས་འཁོར་རྒྱལ་གྱི་དོད་ཐུབ་ལྟ་བུར་མདོ་སྨད་དུ་ཆོས་སྡེ་ཞིག་འདེབས་སྐུལ་གནང་བ་སོགས་ཚད་མའི་སྐྱེས་བུ་དག་གི་ལུང་བསྟན་དུས་བབ་ཀྱི་བསླུ་མེད་རྟེན་འབྱུང་ལས། བོད་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་(སྤྱི་ལོ1760)ལོར་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་མ་ཧཱ་པཎྜི་ཏ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་བོས་ཡུལ་འདིའི་སྔར་ཡོད་དགོན་ཕྲན་ཁག་ཕྱོགས་བསྡུས་མཛད་ཅིང་། ཡ་རུའི་ལམ་རིམ་གྲྭ་ཚང་དང་མ་རུའི་རྒྱུད་སྟོད་གྲྭ་ཚང་གཉིས་སྔ་མ་སོར་བཞག་ཐོག་མཚན་ཉིད་གྲྭ་ཚང་རྨད་བྱུང་ཐོས་བསམ་གླིང་གསར་དུ་བཙུགས་ཏེ་ཏོག་ཏིའི་བདེ་མོ་ཐང་དུ་ཕྱག་འདེབས་མཛད། གྲྭ་བ་དྲུག་བརྒྱ་ཙམ་འཚོགས། འདུ་ཁང་གྲྭ་ཁང་བཅས་ལ་བཀོད་ཁྱབ་བསྩལ། བཅའ་ཡིག་མདོར་བསྡུས་བཞག དྲུག་པའི་སྨོན་ལམ་གསར་ཚུགས་ཀྱི་ཚོགས་མགོན་དུ་ཆག་མེད་བྱོན། གྲྭ་ཚང་གསུམ་གར་སྦྲུལ་ལོ་བར་བརྩི་བཞག་ཀྱང་ཉིད་ནས་གནང་སྟེ་དམ་པའི་ཆོས་ཀྱི་གདན་ཁྲི་བྱིན་གྱིས་བརླབས་པར་མཛད་དེ་གདན་ས་ཕར་ཚུར་ཁྱད་མེད་དུ་བསྐྱངས།
     དུས་དེ་ནས་བཟུང་དམ་པའི་སྐྱེས་བུ་ཟམ་མ་ཆད་པར་བྱོན་པ་རྣམས་ཀྱིས་གདན་ས་ཡར་ལྡན་དུ་བསྐྱངས་ཤིང་། ལྷག་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་སྐྱབས་མགོན་རྡོ་རྗེ་འཆང་ལ་ཉིད་ཀྱི་མིང་ཅན་ཞིག་གིས་དགོན་པ་བསྐྱང་འོང་ཞེས་པའི་ལུང་བསྟན་བཞིན། དབལ་མང་དཀོན་མཆོག་རྒྱལ་མཚན་པའི་སྐུ་ཕྲེང་རིམ་བྱོན་གྱིས་དགོན་པའི་འཆད་ཉན་སྒྲིག་ལམ་སྔར་མེད་གསར་འཛུགས་དང་ཉམས་པ་དག་ཐེར་གནང་སྟེ་གང་ཅིའི་ཐད་འཐུས་ཚང་ཡར་རྒྱས་སུ་བཏང་བ་མ་ཟད། གྲོང་བའི་ཁྲོད་ནས་རྐུན་ཇག་གི་རྒྱུན་བཅད་པ་སོགས་ཆོས་སྲིད་ལུགས་གཉིས་ཀྱི་མཛད་འཕྲིན་ཡུན་རིང་བསྐྱངས་པས་གཞན་ལས་སྐུ་དྲིན་ཆེ།
     1919ལོར་མཱ་ཆི་དཔུང་དམག་གི་འཇབ་རྒོལ་ཐེབས་ཏེ་བླ་བྲང་ཚང་དང་གུང་ཐང་ཚང་ནང་ཆེན་མ་གཏོགས་པའི་ལྷ་ཁང་དང་འདུ་ཁང་། གྲྭ་ཤག མ་ཎི་འཁོར་ཁང་དང་བཅས་མེར་སྲེག་བཏང་སྟེ་ཤུལ་མེད་དུ་བཟོས། སྐྱ་སེར་ཕོ་མོ་བདུན་བརྒྱ་ལྷག་དམར་གསོད་བཏང་། 1926ལོ་ནས་སླར་དབལ་མང་ཆུང་བ་སྐུ་ཕྲེང་བཞི་བ་སྐལ་བཟང་བསྟན་འཛིན་རྒྱ་མཚོའམ་སྐལ་བཟང་བསྟན་འཛིན་རབ་རྒྱས་མཆོག་གིས་ཚོགས་ཆེན་འདུ་ཁང་དང་། སྐྱོར་དཔོན་སྐུ་ཕྲེང་བཞི་བ་འཇིགས་མེད་བཀྲ་ཤིས་རྒྱ་མཚོས་རྒྱུད་པའི་འདུ་ཁང་། ཡོངས་འཛིན་རིན་པོ་ཆེ་སྐལ་བཟང་དཔལ་འབྱོར་བཟང་བོས་ལམ་རིམ་འདུ་ཁང་དང་གདུགས་དཀར་ལྷ་ཁང་བཅས་བསྐྱར་བཞེངས་མཛད། དབལ་མང་ཆེ་བ་འཇིགས་མེད་ཚུལ་ཁྲིམས་རྣམ་རྒྱལ་ཚང་གིས་ཚོགས་ཆེན་དང་རྒྱུད་པའི་འདུ་ཁང་གཉིས་ལ་ཚོན་རྩི་བཏང་། དེ་བཞིན་དུ་ཚོ་བ་བརྒྱད་སྐྱ་སེར་ཐུན་མོང་གི་འབད་རྩོལ་ལ་བརྟེན་ནས་གསེར་ཁང་དང་རྟ་མགྲིན་ལྷ་ཁང་། དཔར་ཁང་བཅས་རིམ་པར་བཞེངས། གྲྭ་ཤག་དག་ཀྱང་སྔ་སོར་བཞིན་ལེགས་གྲུབ་བྱུང་། དེ་ནས་རིང་བོ་མ་ལོན་པར་དབལ་མང་པཎྜི་ཏའི་གསུང་འབུམ་གྱི་པར་སླར་བརྐོས་ཟིན་ལ་ཉེ་མཚམས་སུ། རབ་རྒྱལ་ས་ཁྱི(སྤྱི་ལོ1958)ལོའི་བསྟན་འགྲོ་སྤྱིའི་གོད་ཆག་གི་དུས་འགྱུར་བྱུང་བ་སྟེ། ཧོར་ཟླ2ཚེས15ཉིན་ཡང་བསྐྱར་དགོན་པ་ཧྲིལ་བོ་ཐེངས་གཉིས་པའི་སྲེག་ཟའི་ཕུང་བོར་བསྟིམས།
     1981ལོ་ནས་བསྟན་པ་ཡང་དར་གྱི་དབུ་བརྙེས་པ་དང་བསྟུན། ལོ་ངོ་ཉི་ཤུ་ལྷག་གི་ལོ་ཟླ་དཀའ་སྡུག་གིས་བསྐྱལ་བའི་དགེ་འདུན་པ་ཉུང་ཤོས་ཤིག་གིས་ཐོག་མར་རས་གུར་ཕིབས་ནས་ཚོགས་ལ་འཚོགས་ཤིང་། དེ་ནས་དཔར་ཁང་གསར་བཞེངས་གྲུབ་འཕྲལ་དེར་ཚོགས་ཆོས་ལ་འཚོགས་ཏེ་སྔ་སོར་བཞིན་ཆོས་ཀྱི་བྱེད་སྒོ་ཁག་རྒྱུན་ཆགས་སུ་སྤེལ། སྐབས་དེ་ནས་སྒྲོག་ཆུ་དང་དོག་ཆུ་འདྲེས་མཚམས་ལྷོ་ངོས་སུ་ཆགས་པའི་སྔར་གྱི་བོར་ཆུང་རི་ཁྲོད་ཀྱི་གྲྭ་རྒྱུན་རྣམས་དགོན་པའི་ཚོགས་གྲས་སུ་ཞུགས་ཤིང་། ཀུན་མཁྱེན་དྲུག་པ་ཆེན་པོ་རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱིས་ཞབས་བརྟན་གྲྭ་ཚང་བཀྲ་ཤིས་ཆོས་འཕེལ་གླིང་ཞེས་ཕྱག་འདེབས་མཛད་དེ་གྲྭ་ཚང་བཞིའི་བདག་ཉིད་ཅན་དུ་གྱུར། 1987ལོར་ཀུན་མཁྱེན་སྐུ་ཕྲེང་གཉིས་པའི་སྔོན་གྱི་ཐུགས་བཞེད་དང་ད་ལྟའི་དུས་དབང་སོགས་རྐྱེན་དུ་མར་གཟིགས་ཏེ་ཀུན་མཁྱེན་རིན་པོ་ཆེའི་གསུང་བཀོད་ནང་བཞིན་དགོན་གནས་བདེ་མོ་ཐང་གི་གཡོན་ངོས་ད་ལྟའི་འདིར་གནས་སྤོ་བྱས།
     དེང་གི་ཆར་གྲྭ་ཚང་བཞི་ཡོད་པ་ལས་མཚན་ཉིད་གྲྭ་ཚང་ངམ་རྨད་བྱུང་ཐོས་བསམ་གླིང་དུ་གཞུང་ཆེན་བཀའ་པོད་ལྔར་ཐོས་བསམ་སློབ་གཉེར་བྱེད་པའི་ནང་གསེས་འཛིན་གྲྭ་བཅུ་ཡོད་ལ། དེ་རེ་རེར་ཆོས་ཐོག་སོ་སོའི་རྩོད་པ་རྩོད་ཡིག་དང་། རིགས་ལུང་དང་བརྩི་བཞག་གི་རྒྱུགས་གང་ཞིབ། ཕར་ཕྱིན་དམ་བཅའ་དང་རིགས་གྲྭའི་ཚོགས་ལངས། འཛིན་གྲྭ་གཏུགས། མཛོད་རྩའི་དུས་བཟང་སོགས་འཆད་ཉན་གོང་འཕེལ་གྱི་ལམ་སྲོལ་མང་དུ་ཚུགས། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ནི་མུ་ཏོ་དཔོན་སློབ་སྐལ་བཟང་རྒྱ་མཚོས་སྤྱི་ལོ1664ལོར་ཕྱག་འདེབས་གནང་ཞིང་ཐོག་མའི་མཚན་ལ་མ་རུའི་རྒྱུད་སྟོད་ཅེས་གྲགས། (ད་ལྟའི་ཨ་མཆོག་དགོན་པའི་ཉེ་འདབས་སྒར་རྙིང་ཐོ་མགོ་ཞེས་པའི་སར་ཆགས་ཤུལ་ཡོད།) རྒྱུད་གྲྭ་འདིར་གསང་བདེ་འཇིགས་གསུམ་གྱི་རྡུལ་ཚོན་ལ་བརྟེན་པའི་དཀྱིལ་འཁོར་སྒྲུབ་མཆོད་དང་། ནཱ་རོ་མཁའ་སྤྱོད་མ་སོགས་ཀྱི་ཚོགས་འདོན་ཕྱག་ལེན་ངོས་གཙང་། ལོ་ལྟར་གྲྭ་བ་རྒན་པ་འོས་བབ་ཅན་གྲྭ་ཚང་སོ་སོ་རེས་མོས་ཀྱིས་ཚོགས་ཞུགས་ཐོག་སྔགས་རིམ་དམ་བཅར་བཞག་སྟེ་སྔགས་རམས་པ་ཐོན་སྲོལ་ཡོད། བྱང་ཆུབ་ལམ་རིམ་གྲྭ་ཚང་ནི་རབ་བྱུང་བཅུ་གཉིས་པའི་ནང་སྟེ། སྤྱི་ལོ1724ལོར་རྔ་རྒོད་ནམ་མཁའ་སེང་གེས་ཕྱག་འདེབས་མཛད། (ད་ལྟའི་ཨ་མཆོག་དགོན་པའི་གཡས་ངོས་སྒར་ཆགས་གདོང་སྣེ་རུ་སྔར་གྱི་ཆགས་ཤུལ་ཡོད།) ཕྱིས་སུ་ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་གྱི་དུས་སུ་དཔལ་དུས་ཀྱི་འཁོར་ལོ་དང་། ཀུན་རིག ཐུགས་རྗེ་ཆེན་པོ། འཇམ་དཔལ་གསང་ལྡན་སོགས་ཀྱི་རྡུལ་ཚོན་དཀྱིལ་འཁོར་སྒྲུབ་མཆོད་སོགས་འདོན་ཆོག་ཆ་ལག་ཚང་བ་བཙུགས། ཞབས་བརྟན་གྲྭ་ཚང་བཀྲ་ཤིས་ཆོས་འཕེལ་གླིང་གི་ཚོགས་འདོན་ལ། འཇིགས་བྱེད་དང་འཁོར་ཆེན། གདུགས་དཀར། རྣམ་རྒྱལ་མའི་བདག་འཇུག་བཅས་ཀྱི་ཕྱག་ལེན་ངོས་གཙང་ཚུགས།
     1993ལོའི་ཧོར་ཟླ་བཅུ་གཅིག་པའི་ནང་དུ་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་དཀོན་མཆོག་མཁྱེན་རབ་རྒྱ་མཚོས་ཞི་བྱེད་གཅོད་ཀྱི་ཞབས་བརྟན་བཙུགས་ཤིང་། གྲྭ་བ་གཉིས་རེ་གཙོས་ལོ་རྒྱུན་ལྟར་གཉན་ཁྲོད་ཆུ་མིག་ལ་ཕེབས་པའི་སྲོལ་བཏོད་པ་ད་ལྟའི་བར་མ་ཉམས་པར་གནས། སྤྱིར་སློབ་གཉེར་རིམ་བགྲོད་ཀྱི་ཡོན་གནས་ཐོན་ཚུལ་ལ། གཞུང་ཆེན་བཀའ་པོད་ལྔར་སྦྱངས་པ་མཐར་ཕྱིན་པ་ལ། སྨོན་ལམ་རབ་འབྱམས་པ་དང་བཀའ་རམས་པ། སྔགས་ཕྱོགས་རྒྱུད་སྡེ་བཞིའི་དམ་བཅའ་བཞག་ཟིན་རྣམས་ལ་སྔགས་རམས་པའི་མཚན་གནས་ཐོབ་སྟེ། མདོར་ན་མདོ་སྔགས་གཉིས་ཆར་གྱི་གཞུང་ལུགས་ཁག་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་སློབ་གཉེར་ཆ་ཚང་བྱེད་སྲོལ་ཡོད་པའི་མདོ་སྔགས་ཟུང་དུ་འབྲེལ་བའི་དགོན་སྡེ་ཞིག་ཡིན་ནོ།།
     སྔོན་གྱི་དུས་སུ་ཚོགས་ཆེན་འདུ་ཁང་ལས་གཞན། ལམ་རིམ་དང་རྒྱུད་པའི་འདུ་ཁང་། གདུགས་དཀར་དང་རྟ་མགྲིན་ལྷ་ཁང་། དཔར་ཁང་། གསེར་ཁང་། བཙན་ཁང་ཆེ་ཆུང་དུ་མ་ཡོད་ཅིང་། གཙུག་ལག་ཁང་དེ་དག་ཏུ་སྐུ་གསུང་ཐུགས་རྟེན་གྱིས་ཕྱུར་བུར་གཏམས་ཡོད་ཀྱང་མང་ཆེ་བ་དགོན་པ་ཆག་འཇིག་སྔ་ཕྱིའི་སྐབས་མེད་བརླག་ཏུ་གྱུར་པ་སྟེ། སྨྲྀ་ཏིའི་ཕྱག་ཚ་ཐུབ་སྐུ། དབུ་མ་ལུང་རིགས་སྒྲོན་མེའི་རྩོམ་གདན་ཕྱག་དཔེ། ཀློང་རྡོལ་བླ་མའི་ཕྱག་ཚ་ཐུབ་སྐུ། ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་འགག་ན་བཟའ་སོགས་བྱིན་རླབས་ཀྱི་ཚན་ཁ་གཅིག་བུ་མ་ཟད་རིག་དངོས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པ་ཡང་མི་ཉུང་བ་ཞིག་དགོན་པ་ཆག་འཇིག་དང་བོའི་སྐབས་མི་མངོན་དབྱིངས་སུ་རྒྱས་བཏབ་ཟིན། དེ་ལྟ་ན་ཡང་ 1962ལོར་ཀུན་མཁྱེན་དྲུག་པ་ཆེན་པོས་གནང་བའི་ཀུན་མཁྱེན་འཇིགས་མེད་དབང་བོའི་འདྲ་སྐུ་གསུང་འབྱོན་མ། ཀུན་མཁྱེན་བཞི་བའི་དབུ་སྔས་སུ་བཞུགས་པའི་འོད་དཔག་མེད་ཀྱི་ཞིང་བཀོད་ཐང་ག སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་ཇོ་སྐུ་བྱིན་ཅན་གསུམ་དང་། གཞན་ཡང་བསོད་གྲགས་ཚང་གིས་བཞེངས་པའི་འཕགས་པ་ཀུན་བཟང་། ཡོངས་འཛིན་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན། གོས་སྐུ་ཆེན་མོ་ཁྱད་འཕགས་སོགས་བྱིན་རྟེན་རྙིང་བ་ཁག་ཅིག་ད་ལྟ་དངོས་སུ་བཞུགས་ཤིང་། ཤིང་དཔར་ལ་ཉི་སྣང་དང་རྒྱན་སྣང་། དཔེ་ཆོས་རྩ་འགྲེལ། གཏམ་རྒྱུད་རིན་ཆེན་འཕྲེང་བ། རྒྱུད་སྟོད་ཊཱིཀ་ཆེན། དབལ་མང་པཎྜི་ཏའི་གསུང་འབུམ། འགོས་ལོའི་དེབ་སྔོན། བསླབ་བཏུས། མདོ་སྨད་ཆོས་འབྱུང་། ལམ་རིམ་མཆན་གཅིག་མ། དག་ཡིག་ཤེས་བྱ་རབ་གསལ་སོགས་བཀྲ་ཤིས་འཁྱིལ་གྱི་དཔར་དུ་མ་ཐེབས་པའི་རིགས་ཀྱི་དཀོན་ཆོས་གང་ཡོད་ཁ་གསབ་ཀྱི་ཚུལ་དུ་འདི་གར་པར་བརྐོས་བྱས་ཡོད་ཚུལ་དབལ་མང་པཎྜི་ཏའི་རྣམ་ཐར་དུ་འབྱུང་ཞིང་། བཀྲ་ཤིས་འཁྱིལ་གྱི་དགོན་མ་ལག་བརྒྱ་རྩ་བརྒྱད་ཀྱི་ནང་གི་དཔར་ཁང་ཆེན་མོ་གསུམ་གྱི་གྲས་སུའང་གཏོགས།
     ནང་ཆེན་ལ། ཀུན་མཁྱེན་བླ་བྲང་དང་། གུང་ཐང་ཚང་། སྡེ་བ་ཚང་། མཁན་པོ་ཚང་། སྙན་གྲགས་ཚང་། ཡོངས་འཛིན་ཚང་། དབལ་མང་ཆེ་བ་ཚང་། དབལ་མང་ཆུང་བ་ཚང་། བསོད་གྲགས་ཚང་། སྐྱིད་ཐང་ཚང་། སེ་ར་ཚང། རྔ་རྒོད་ཚང་། འབྲིང་བ་ཚང་། ཧོར་ཚང་། སྒོ་མང་ཚང་། རྒྱལ་ཚང་། གླིང་རྒྱའི་མུ་ཏོོ་ཚང་། མུ་ཏོ་ཆེ་བ་ཚང་། སུག་ཐུང་ཚང་། རྔ་བ་ཚང་། ཟམ་ཚའི་དུས་འཁོར་ཚང་། གླིང་ཚང་། བསེ་ཚང་སོགས་ནང་ཁག་ཉེར་གཉིས་ཙམ་ཡོད།
     འདིར་བཞུགས་དགེ་འདུན་པའི་ཞལ་གྲངས་ལ་ཆེར་རྒྱས་དུས་སྟོང་ཕྲག་ལྷག་ལས་བརྒལ་ཞིང་། སྐབས་དེ་དག་ལ་གྲྭ་ཤག་གི་ཁང་བའི་ཝ་མཆུ་ལྕགས་རིའི་ཕྱི་ངོས་སུ་དོད་ལུགས་ངག་རྒྱུན་དུ་གྲགས་པ་མ་ཟད། དགོན་ས་རྙིང་བའི་ཆགས་ཤུལ་གྱིས་ཀྱང་གསལ་རྟོགས་ཐུབ་པར་ཡོད། ང་བརྒྱད་ཡར་སྔོན་དུ་གྲངས་འབོར་ལྔ་བརྒྱ་ལྷག་དང་། ད་ལྟའང་ལྔ་བརྒྱ་མ་ཟིན་ཙམ་བཞུགས། གྲྭ་རྒྱུན་ཡོང་ཁུངས་ནི་ཨ་མཆོག་རང་ཡུལ་གཙོས་པའི་ཀླུ་ཤོད་དང་། གྱི་ལིང་། (དགོན་པ་འདིའི་གྲྭ་བ་རྣམས་སྔོན་དྲུག་པའི་སྨོན་ལམ་ལ་ཕེབས་སྲོལ་ཡོད།) འབོ་ར། ཙ་ཡུས། སྒྱིས་ཚང་། ཁོ་ཚེ། (ཁོ་ཚེ་ཐེམ་པ་ཞེས་པ་ཡོད།) མ་ངེ་། རྒྱ་སྒུར། རྔ་བ། གཞན་ཡང་རྒྱ་དང་སོག་པོའང་འགའ་ཞིག་མཆིས་སྐད་དོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...