སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོང་སྟག་ཆུ་ཁོལ་དགོན་པད་མ་མདོ་སྔགས་གླིང་གི་ལོ་རྒྱུས་རགས་བསྡུས།
རྩོམ་པ་པོ། རོང་ཆེན་ལྷ་རྒྱལ་དཔལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-5 10:34:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     དེ་ཡང་ཆུ་ཁོལ་དགོན་པད་མ་མདོ་སྔགས་གླིང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཡུལ་དར་མཚོ་ཕྱུག་མོའི་རོང་བོ་བློན་ཆོས་བོང་སྟག་གོང་མའི་སའི་ཆ་རུ་ཡུལ་སྐྱོང་རྨ་རྒྱལ་སྦོམ་རའི་རི་ཕྲན་གཉན་ཆེན་སྨུག་རིང་གི་རི་འདབས་སུ་ལྷང་ངེར་བཞུགས་ཤིང་། བོད་རབ་བྱུང་བཅུ་དྲུག་པའི་ས་མོ་ལུག(1979)ལོར་ཁམས་གསུམ་རྣམ་འདྲེན་དབང་གི་རྒྱལ་བོ་གནས་བཞི་གྲུབ་ཆེན་སྐུ་ཕྲེང་ལྔ་བ་ཆོས་དབྱངས་རང་བྱུང་རྡོ་རྗེ་དཔལ་བཟང་བོས་སྐུ་དངོས་སུ་ཕྱག་འདེབས་མཛད་ཅིང་། བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ལུག(1991) ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་ཆོས་ལུགས་ཅུས་ཡིག་ཆ་སྤེལ་ནས་ཆོས་ལུགས་བྱ་འགུལ་ས་ཚིགས་སུ་ཆོག་མཆན་གནང་བ་མ་ཟད། ཆུ་ཕོ་སྤྲེལ(1992) ལོར་ཁུལ་དང་རྫོང་མི་དམངས་སྲིད་གཞུང་མི་རིགས་ཆོས་ལུགས་ཅུས་སྔ་བཞུག་ཏུ་ཡིག་ཆ་སྤེལ་ནས་བོད་རྒྱུད་ནང་བསྟན་ཆོས་ལུགས་དགོན་པའི་གྲས་སུ་ཆོག་མཆན་བཀོད། ད་ལྟ་ཚོགས་ཆེན་གྲྭ་ཚང་དང་སྨན་པ་གྲྭ་ཚང་སོགས་བཙུགས་ཡོད་ཅིང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁུངས་སུ་ནང་བ་སངས་རྒྱས་པའི་ཆོས་ལུགས་གསང་སྔགས་སྔ་འགྱུར་བ་དང་རི་བོ་དགེ་ལུགས་པའི་གྲུབ་མཐའ་རིས་མེད་མཉམ་གནས་སུ་གྱུར་པའི་ཆོས་སྡེ་ཆེན་པོ་ཁོ་ན་ཡིན། པད་མ་མདོ་སྔགས་གླིང་དུ་དགེ་འདུན་པ་བཞི་བཅུ་ལྷག་ཙམ་བཞུགས་ཤིང་། དེའི་ནང་ན་བླ་སྤྲུལ་དྲུག དབུ་མཛད་གཉིས། དགེ་བསྐོས་གཉིས། དགེ་གཡོག་གཉིས། གཉེར་བ་གཉིས་སོགས་ཡོད་པ་དང་། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་ལ་ཁུངས་མི་ལྔ་ལས་གྲུབ་པ་སྟེ། ཐུབ་དབང་བསྟན་པའི་མངའ་བདག་ཆེན་མོ་གནས་བཞི་གྲུབ་ཆེན་རིན་པོ་ཆེས་ཀྲུའུ་རིན་གྱི་ཕྱག་འགན་ཞལ་བཞེས་གནང་བ་དང་། གངས་ལྗོངས་མཁན་སློབ་ཆོས་གསུམ་གྱི་ཡ་གྱལ་མཁན་ཆེན་ཞི་བ་འཚོ་སྐུ་ཕྲེང་བཞི་བ་མཆོག་སྤྲུལ་འཇིགས་མེད་སེང་གེ་མཆོག་གིས་ཀྲུའུ་རིན་གཞོན་པའི་ཕྱག་འགན་ཞལ་བཞེས་གནང་བ། དགེ་སློང་དཀོན་མཆོག་གྲགས་པ་དང་། དཀོན་མཆོག་བསྟན་འཕེལ། ཚུལ་ཁྲིམས་འོད་ཟེར་སོགས་ཁུངས་མིའི་གྲས་སུ་བཞུགས། བླ་སྤྲུལ་ཆེ་ཁག་དྲུག་བཞུགས་པ་སྟེ། རྒྱལ་བསྟན་དཔལ་མགོན་མཆོག་གི་གཙུག་རྒྱན་ཡིད་བཞིན་ནོར་བུ་གནས་བཞི་གྲུབ་ཆེན་རིན་པོ་ཆེ་ཆོས་དབྱངས་རང་བྱུང་རྡོ་རྗེ་དཔལ་བཟང་པོ་དང་། ཚོགས་ཆེན་མཁན་ཁྲི་དང་པོ་མཆོག་སྤྲུལ་འཇིགས་མེད་སེང་གེ་ཚང་། སྐུ་རྒྱབ་མཁན་པོའམ་རྒྱལ་ཀུན་གཅིག་འདུས་ངོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་གྱི་ངེས་སྤྲུལ་དམ་པ་སྔགས་སའི་དགེ་བཤེས་ཆེན་མོའི་སྐུ་ཕྲེང་གསུམ་པ་བློ་བཟང་འགྱུར་མེད་བསྟན་པའི་ཉི་མ་མཆོག་གིས་སྔར་བཞིན་ཁོང་གི་གདན་ས་ཁྱད་པར་བ་སྔགས་སའི་མཚམས་ཐོག་བཀྲ་ཤིས་དགེ་འཕེལ་བྱང་ཆུབ་གླིང་གི་དགོན་བདག་བླ་མ་དང་པོར་མངའ་གསོལ་བ་དང་། སྤྱི་ཁྱབ་མཁན་པོའམ་ཁ་ཤིས་རྒྱལ་པོ་སྐུ་ཕྲེང་ལྔ་བ་བློ་བཟང་ངག་དབང་རྒྱལ་མཚན་ཚང་གིས་ཀན་སུའུ་ཞིང་ཆེན་སྟག་ཚང་ལྷ་མོ་གསེར་ཁྲི་དགོན་བཤད་སྒྲུབ་ནོར་བུའི་གླིང་གི་དགོན་བདག་བླ་མ་གཉིས་པར་མངའ་གསོལ་བ། ནང་ཆེན་སྤྲུལ་སྐུ་དཀོན་མཆོག་འོད་ཟེར་ཚང་གིས་པད་མ་མདོ་སྔགས་གླིང་གི་མ་དགོན་དུ་གྱུར་བ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་རོང་གནས་བཞི་དགོན་བསམ་འཕེལ་ནོར་བུའི་གླིང་གི་སྐུ་རྒྱབ་མཁན་པོར་མངའ་གསོལ་བ། སྤྲུལ་སྐུ་ཆོས་གྱི་རྒྱ་མཚོ་ཚང་གིས་རང་དགོན་པད་མ་མདོ་སྔགས་གླིང་གི་སྨན་པ་གྲྭ་ཚང་དུ་སྨན་པའི་བླ་མར་མངའ་གསོལ་བ། ཁམས་ཞོ་བླ་སྤྲུལ་སྐུ་དཀོན་མཆོག་བློ་བཟང་ཚང་གིས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་རྒུ་རུ་དགོན་གསོ་རིག་བདེ་ལྡན་གླིང་གི་དགོན་བདག་བླ་མ་དང་པོར་མངའ་གསོལ་ནས་བཞུགས་པ་བཅས་སོ།།
     གྲུབ་མཐའ་རིས་མེད་གྱི་ཆོས་སྡེ་ཆེན་པོ་པད་མ་མདོ་སྔགས་གླིང་གསར་བཞེངས་བྱས་པ་ནས་བཟུང་སྟེ་སྨན་པ་གྲྭ་ཚང་གི་དབུ་བསྙེས་པ་དང་ཞིན་ཧེ་རྫོང་མི་དམངས་སྲིད་གཞུང་གིས་ཡིག་ཆ་སྤེལ་ནས་ཆུ་ཁོལ་བོད་སྨན་གསོ་རིག་སློབ་གྲྭ་ཞེས་ཆོག་མཆན་གནང་ཞིང་། ད་ལྟ་རིམ་བཞིན་སློབ་མ་ཉི་ཤུ་ལྷག་གིས་རྒྱུན་ཆད་མེད་པར་བོད་ཀྱི་གསོ་བ་རིག་པའི་གནས་ལ་སྦྱངས་བརྩོན་འབད་འབུངས་བྱེད་བཞིན་ཡོད་པ་མ་ཟད། ཉེ་བའི་ལོ་འགའི་རིང་ལ་ཆེད་སྦྱོང་འབྲིང་རིམ་ལག་རྩལ་ལྡན་པའི་སྨན་པ་ཉི་ཤུ་རྩ་གྲངས་མཐར་ཕྱིན་ནས་རང་ཞིང་གི་མཚོ་ནུབ་དང་། མགོ་ལོག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ། སི་ཁྲོན་ཞིང་ཆེན་སོགས་རོང་འབྲོག་ས་ཁུལ་དུ་རྒྱ་ཆེའི་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ། བོད་གྱི་གསོ་བ་རིག་པའི་ལས་རིགས་སུ་འཚར་ལོངས་བྱུང་བཞིན་ཡོད།།
     བདག་ཅག་གི་བཀའ་དྲིན་གསུམ་ལྡན་གྱི་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ་མཚན་གྱི་རོལ་མོ་ཕྱོགས་བཅུར་རྒྱས་པའི་བསྟན་པའི་མངའ་བདག་ཆེན་པོ་གནས་བཞི་གྲུབ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་འགྱུར་མེད་དར་རྒྱས་རྒྱ་མཚོ་འམ་ཆོས་དབྱིངས་རང་བྱུང་རྡོ་རྗེ་དཔལ་བཟང་བོའི་མཚན་གཞན་ལ་ལྷ་རྗེ་གདུགས་དཀར་སྐྱབས་དང་། རྡོ་སོལ་ཨ་ལགས་སོགས་གསོལ་བའང་དུས་དང་བསྐལ་བའི་དབང་གིས་གྱུར་བ་ལས་མ་འདས་ཤིང་། ཁོང་ལ་སྐུ་ཕྲེང་སྔ་ཕྱི་བྱོན་པ་ལས་དང་པོ་ཨ་སྐྱིད་རོང་གི་གྲུབ་པའི་དབང་བྱུག་ཆེན་མོ་ཀུན་སྤངས་ངག་དབང་སྟོབས་ལྡན་ཚང་དང་། སྐུ་ཕྲེང་གཉིས་པ་མགོ་ཚ་གྲུབ་ཆེན་ཀུན་དགའ་ཆོས་ཀྱི་ཉི་མ་ཚང་། སྐུ་ཕྲེང་གསུམ་པ་རྟ་སྒང་གྲུབ་ཆེན་སྟོབས་ལྡན་ལྷ་ཆེན་དབང་རྒྱལ་ཚང་། སྐུ་ཕྲེང་བཞི་བ་ཨ་ཁྱབ་གྲུབ་ཆེན་བསོད་ནམས་ཡོན་ཏན་རྒྱ་མཚོ་སོགས་གྲུབ་ཆེན་དམ་པ་རིམ་པར་བྱོན་ནས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་གླིང་དཀར་སྟོད་ཀྱི་ཨ་སྐྱིད་རོང་ཞེས་པའི་སའི་ཆ་རུ་གནས་བཞི་དགོན་བསམ་འཕེལ་ནོར་བུའི་གླིང་གི་བསྟན་པའི་བདག་པོར་མངའ་གསོལ་བ་དང་། དགོན་མ་ལག་ཏུ་གྱུར་ཞིང་ཆོས་འབྲེལ་ཟབ་མོའི་ཆོས་སྡེ་ཆེ་ཆུང་བཞི་བཅུ་རྩ་གྲང་ལས་འདས་པ་དེ་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་ཞིང་ཆེན་གྱི་མངས་ཁུངས་སུ་ཁྱབ་ཅིང་། ཐུབ་དབང་བསྟན་པའི་མངའ་བདག་ཆེན་མོ་གནས་བཞི་གྲུབ་ཆེན་རིན་པོ་ཆེའི་མཚན་སྙན་གྱི་བ་དན་དཀར་པོ་ཨ་སྔོན་མཁའ་དབྱིངས་སུ་རྣམ་པར་གཡོ་བཞིན་བཞུགས། བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི(1958)ལོར་རང་རྒྱལ་དུ་ཆོས་ལུགས་བཅོས་སྒྱུར་སོགས་གཡོན་ཐལ་ཆེ་བའི་ལམ་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་དང་རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་བསྐལ་བའི་མེ་དཔུང་གི་དབང་གིས་ཧ་ལམ་དགུང་གྲངས་བཅུ་དྲུག་སོན་པ་ཙམ་གྱིས་ཁོང་ཉིད་གདན་ས་ཆེན་པོ་དང་ཕྱག་ཡུལ་སོགས་ལ་དུས་ཡུན་རིང་པོར་ཁ་བྲལ་ནས། གཞན་ཡུལ་དུ་འཁྱམས་ཤིང་། སྐུ་ཚེགས་འོ་བརྒྱལ་གང་མང་བཞེས་མཐར་མཚོ་སྔོན་དུ་གཏན་བཞུགས་གནང་དགོས་པར་བྱུང་ནའང་ཁོང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ངོ་མཚར་མཛད་རྗེས་སྣ་ཚོགས་བསམ་ཡུལ་ལས་འདས་པ་དང་། བོད་བརྒྱུད་ནང་བསྟན་རིག་པའི་གནས་ལ་ཧ་ཅང་མཁས་ཤིང་ཉམས་རྟོགས་མཐོ་ཞིང་འགྲོ་བ་གང་ཟག་ཐམས་ཅད་ལ་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་པ། བོད་ཀྱི་གསོ་བ་རིག་པའི་གནས་ལ་ཕྱག་ལེན་ཟབ་ཅིང་བྱིན་བརླབས་ཀྱི་ཚན་ཁ་མ་ཉམས་པར་འགྲོ་བ་མིའི་རིགས་ལ་ནད་གདོན་གྱི་དུ་ཁས་མནར་བའི་སྡུག་བསྔལ་སྣ་ཚོགས་ལས་གྲོལ་པར་མཛད་པ། སྤྲུལ་བའི་བྱང་ཆུབ་སེམས་དཔའ་ཆེན་མོ་དང་རྒྱལ་སྲས་ཆེན་པོའི་ཀུན་སློང་ཟབ་མོས་ཆོས་དང་འཇིག་རྟེན་ཀུན་ལའང་མཁྱེན་དཔྱོད་ཀྱི་མཐུ་སྟོབས་ལྡན་ཞིང་འགྲོ་དོན་ཧ་ཅང་རྒྱ་ཆེར་མཛད་པས། སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་ཞིང་ཆེན་གསུམ་གྱི་མངའ་ཁུངས་སུ་སྙན་གྲགས་ཆེས་ཆེ་བ་བཅས་གྱི་དབང་གིས་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཞིན་ཧེ་རྫོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལིས་ཧྲི་སོགས་ཕྱག་འགན་བཞེས་མྱོང་བ་དང་། ད་ལྟ་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། ཁུལ་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་། གསོ་དཔྱད་རིག་པའི་འབུམ་རམས་པ་གཞོན་པ་བཅས་ཀྱི་མཚན་གྱིས་གཟེངས་སུ་བསྟད་ནས་རང་རེའི་རྒྱལ་ཁབ་ཆེན་མོའི་སྲིད་ཕྱོགས་སུ་ཕྱག་ལས་ལེགས་པར་མཛད་བཞིན་བཞུགས་སོ།།
     པད་མ་མདོ་སྔགས་གླིང་གི་རྟེན་བཞེངས་གཙོ་བོའི་སྐོར་ལ་ཐོག་མའི་རྟེན་འབྲེལ་མཚོན་ཕྱིར་སྐུ་འབུམ་བྱམས་པ་གླིང་གི་གསེར་གདུང་ཆེན་མོའི་ཕྱི་དབྱིབས་ཟུར་ཆགས་ཀྱི་ཚོགས་ཆེན་འདུ་ཁང་རྒྱ་ཁྱོན་ལ་ཁང་མིག་ཉི་ཤུ་ཅན་སྤེན་རྒྱན་དང་དུང་ཕྲེང་། རྒྱ་ཕིབས་ཆུ་སྲིན་མགོ་ཅན་གན་ཇི་རའི་གསེར་ཏོག ཆོས་འཁོར་རི་དྭགས་ཕོ་མོ་རྒྱལ་མཚན་ཆེན་མོ་བཞིས་རབ་ཏུ་རྒྱན་དེ་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྤྲེལ(1980)ལོར་བཞེངས་མགོ་བརྩམས་ཏེ། རབ་བྱུང་བཅུ་བདུན་པའི་མེ་མོ་ཡོས(1987)ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཟང་ལ་ཡོངས་སུ་གྲུབ་ནས་ཆོས་སྟོན་གྱི་མཛད་སྒོ་རྒྱ་ཆེན་པོ་སྤེལ་བ་མ་ཟད། རིམ་བཞིན་ཞི་ཁྲོའི་ལྷ་ཁང་དང་མགོན་ཁང་། བདུད་འདུལ་མཆོད་རྟེན། དབྱེན་སྡུམ་མཆོད་རྟེན། མཆོད་རྟེན་བརྒྱད་པ། འཁོར་ཁང་ལ་ཁང་མིག་ཉི་ཤུ་ཅན་འཁོར་ཤུབས་སྤུས་ལེགས་གསེར་ཟངས་ལས་གྲུབ་པའི་ཆོས་འཁོར་ཉིས་བརྒྱ་ལྷག་དང་། དུང་འཁོར་ཆེན་པོ་བརྒྱད། སྨན་པ་གྲྭ་ཚང་ལྷ་ཁང་དང་སྨན་ཁང་སོགས་ཁང་མིག་ཉི་ཤུ་ཅན། བླ་བྲང་ཆེ་ཁག་གསུམ་གྱིས་གཙོ་བྱས་པའི་ནང་ཆེན་ཁང་མིག་བརྒྱ་ཕྲག གྲྭ་ཤག་བཅུ་ཕྲག་སོགས་བཞུགས། དུས་མཚུངས་སུ་དགོན་པའི་སྐུ་གསུང་ཐུགས་རྟེན་གཙོ་བོ་ལ་རྗེ་ཡབ་སྲས་གསུམ་དང་། རྗེ་གཟིགས་པ་ལྔ་ལྡན། མཁན་སློབ་ཆོས་གསུམ། གུ་རུ་མཚན་བརྒྱད། ཨོ་རྒྱན་སྟོང་སྐུ། སློབ་དཔོན་ཡབ་ཡུམ་གསུམ། ཚེ་ལྷ་རྣམ་གསུམ། སྨན་བླ་བདེ་གཤེགས་མཆེད་བརྒྱད། མཁའ་འགྲོའི་སེང་གདོང་། གནས་བརྟན་བཅུ་དྲུག རྒྱལ་ཆེན་སྡེ་བཞི། ཆོས་སྐྱོང་བག་རྩེ། སློབ་དཔོན་རིན་པོ་ཆེའི་གོས་སྐུ་ཆེན་མོ། ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་དང་བཅས་པ་སྨན་སྐུ་ཆེ་ཆུང་། ཟངས་སྐུ་ལི་མ། གྱན་ཐང་སྣ་ཚོགས་ངོ་མཚར་ལྷུན་གྱིས་གྲུབ་ཅིང་། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་སོགས་བཀའ་ཆོས་གསུང་འབུམ་སྣ་ཚོགས་གྲངས་ལས་འདས་པར་བཞུགས། གཞན་ཡང་དུས་རབས་བརྒྱད་པའི་ནང་ལ་སློབ་དཔོན་རིན་པོ་ཆེ་གངས་ལྗོངས་ཡུལ་དུ་ཕྱག་ཕེབས་ནས་ལྷ་སའི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལ་རབ་གནས་མཛད་པའི་སྐབས་ཀྱི་རྡོ་དྲིལ་ཆ་ཚང་དང་། དམ་སྲི་སྤུན་དགུ་དམ་ལ་བཏགས་སྐབས་ཀྱི་གནམ་ལྕགས་རྡོ་རྗེ་རྩེ་དགུ་ཅན། བྲམ་ཟེ་སྐྱེ་བ་བདུན་གྱི་དབུ་ཐོད། རྟ་མགྲིན་ཡང་གསང་གི་སྒྲུབ་ཕུར་བྱིན་རླབས་ཅན་གནམ་གང་དང་བཅོ་ལྔ་སོགས་ཚེས་བཟང་དག་ལ་བདུད་རྩི་རང་འབབ་ངོ་མཚར་ཅན། གསེར་བཙོ་མས་གྲུབ་པའི་རི་དྭགས་ཤྭ་བ་དང་སྤུས་ཕོར་སྤུས་ལེགས་ཅན་སོགས་གནའ་རྫས་འགངས་ཅན། གདུགས་དང་རྒྱལ་མཚན་ཀ་ཕན་ལ་སོགས་ངོ་མཚར་ལྷ་མིའི་ཕྱག་སོར་ལས་གྲུབ་པའི་མཆོད་རྫས་བཅུ་ཕྲག རྔ་སྤུག་དང་ཙི་དུང་ལ་སོགས་ཆོས་ལུགས་རོལ་དབྱངས་སྣ་ཚོགས། དུང་ཕོར་ཆེ་ཆུང་སྟོང་ཕྲག མཆོད་སྐོང་ཆེ་ཆུང་བརྒྱ་ཕྲག་གསུམ་ཙམ། དངུལ་སྐོང་ཆེ་ཆུངསུམ་ཅུ་རྩ་གྲངས་སོགས་མཆོད་པའི་ཡོ་བྱེད་བསམ་གྱིས་མི་ཁྱབ། ཁྱད་པར་དུརབ་བྱུང་བཅུ་བདུན་པའི་ཤིང་ཕོ་སྤྲེལ(2004)ལོར་གནས་བཞི་རིན་པོ་ཆེའི་གཟིམ་ཆུང་ལྔ་ཐོག་ཅན། ཟངས་མདོག་དཔལ་རིའི་ཕོ་བྲང་གསར་བཞེངས་མཛད་པའི་མགོ་བརྩམས་ཤིང་། ཕོ་བྲང་གསར་བ་འདིའི་ནང་རྟེན་གཙོ་སྐུ་ལ་ཙན་ཏན་ཤིང་གི་རྒྱུ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ་གཙོ་འཁོར་གསུམ་དང་། གཡས་སུ་ཚེ་ལྷ་རྣམ་གསུམ། གཡོན་དུ་རིགས་གསུམ་མགོན་པོ་སོགས་སྣང་བསྙན་རེ་རེ་བཞིན་མཐོ་ཚད་ལ་ཁང་ཚད་སུམ་ཐོག་ཏུ་བསྙེགས་པ་སྤྱི་ཁྲི་དགུ་རེ་ཅན་བཞུགས་ཤིང་། གྱན་ཐང་ཆེན་མོ་བཅུ་གསུམ་དང་། གུ་རུ་རིན་པོ་ཆེའི་སྐུ་འབུམ་ཉིས་བརྒྱ། རྒྱལ་བ་ཚེ་དཔག་མེད་གྱི་སྐུ་འབུམ་ཉིས་བརྒྱ། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་ཚར་བཅུ་གསུམ། རྗེ་ཡབ་སྲས་གསུང་འབུམ། རྗེ་མི་ཕམ་མགོན་པོའི་གསུང་འབུམ། རིན་ཆེན་གཏེར་མཛོད། ཀློང་ཆེན་མཛོད་བདུན། རྙིང་ཐིག་ཡ་བཞི་སོགས་གྲུབ་མཐའ་གསར་རྙིང་གི་ཀླག་བུམ་དུམ་པ་སྟོང་ཕྲག  གསེར་དངུལ་ལས་གྲུབ་པའི་མཆོད་རྫས་ཆ་ཚང་སོགས་ཧ་ལམ་དམངས་སྒོར་བྱེ་བ་གཉིས་ཙམ་བཏངས་ནས་རབ་བྱུང་བཅུ་བདུན་པའི་ཤིང་མོ་བྱ2005ལོར་རྟེན་བཞེངས་ཡོངས་སུ་ལེགས་གྲུབ་བྱུང་བ་དང་། དུས་མཚུངས་སུ་ཁོ་བོས《རྡོ་རྗེ་སེམས་དཔའ་ཆེན་མོའི་མཆོད་རྟེན་གྱི་དཀར་ཆག་ངོ་མཚར་གསེར་གྱི་མཆོད་སྡོང་ཞེས་བྱ་བ》ལས། ཀུན་བཟང་ཧེ་རུ་ཀའི་རྒྱུད་ཀྱི་རྡོར་སེམས་མཐོང་གྲོལ་ཀུན་འཇོམས་ཆེན་མོའི་མཆོད་རྟེན་འདི་ནི་སློབ་དཔོན་རིན་པོ་ཆེའི་རྒྱལ་ཚབ་དམ་པར་མངའ་གསོལ་བ་གནས་བཞི་གྲུབ་པའི་དབང་ཕྱུག་མཆོག་གིས་མཆོད་རྟེན་འདིའི་རྩ་ཚིག་དང་། ཐིག་རྩའི་དཔེ་རིས་སོགས་དགོངས་པའི་ཀློང་ནས་ཤར་མར་ཕབ་ཅིང་། མཁན་ཆེན་ཞི་བ་འཚོ་སྐུ་ཕྲེང་བཞི་བ་མཆོག་སྤྲུལ་འཇིགས་སེང་རིན་པོ་ཆེས་སྐུ་དངོས་སུ་ཐུགས་ཁུར་མཛད་ནས་གཙོ་འགན་ལྷུར་བཞེས་གནང་ཞིང་། བསྟན་པའི་སྦྱིན་བདག་ཆེན་པོ་བན་ཀྱ་ཚོ་བ་གཙོ་བྱས་ཏེ་། ཆུ་རིང་དང་ཆུ་འགག ཧོད་ཁ། ཆོས་ཚ། ཚ་ཁོ། ཆབ་ཆ། གསེར་ཐང་། དགོན་པའི་མཐའ་བ་སོགས་ཕྱུག་པོའི་རི་སྡེ་ཁག་གིས་ཧ་ལམ་དམངས་སྒོར་སུམ་འབུམ་ལ་ཉེ་བའི་ཞལ་འདེབས་ཕུལ་ནས་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་སྤྲེལ(2004)ལོའི་ཟླ7པའི་ཚེས25ཉིན་ལ་གསར་དུ་བཞེངས་ནས་ལེགས་པར་གྲུབ་ཅིང་གཟུངས་འཇུག་ལ་རྡོ་རྗེ་སེམས་དཔའ་ཆེན་མོའི་སྐུ་འབུམ་བརྒྱད་བརྒྱ་ལྷག་དང་། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་ཚར་བཅུ་བདུན་སོགས་གསུང་རབ་སྟོང་ཕྲག་དྲུག དངུལ་དཀར་རྒྱ་མ་ཉེར་གཅིག་ལས་གྲུབ་པའི་རྡོ་རྗེ་སེམས་དཔའ་ཆེན་མོའི་གཟུངས་སྔགས། མཆོད་རྟེན་ཆ་བརྒྱད། དུང་དཀར་གཡས་འཁྱིལ། རིན་ཆེན་གསེར་དངུལ། མུ་མེན་མུ་ཏིག གཡུ་བྱུར་དང་སྨན་རྫས་སྣ་ཚོགས། འཛམ་བུ་གླིང་ན་བཞུགས་པའི་བྱིན་ཅན་རྟེན་འདུས་རིལ་བུ་གྲངས་ལས་འདས་པ་སོགས་སྐོར་ཚད་བདུན་སྟོང་ལྔ་བརྒྱ། རྒྱང་ཕྱག་ཆིག་སྟོང་དགུ་བརྒྱའི་ཕན་ཡོན་བྱིན་རླབས་དང་བཅས་པ་དད་ལྡན་ཐར་ལམ་བསྐྱོད་པའི་རྒྱུ་རུ་བཞུགས་པ་མ་ཟད། འཕགས་པ་ཀུན་ཏུ་བཟང་པོའི་མཆོད་རྟེན་ཆེན་མོ་མཐོ་ཚད་ལ་ཁྲི་ཙི་བདུན་ཅུ་དང་ཞེང་ལ་ཁྲི་ཙི་སོ་གསུམ་ཅན། གཟུངས་འཇུག་ལ་རྒྱལ་བའི་བཀའ་བསྟན་ཚར་བཞི་བཅུ་རྩ་གྲངས། ཨཱ་ཡིག་དུང་ཕྱིར་བརྒྱད། འཕགས་པ་ཐར་བ་ཆེན་པོའི་མདོ་ཚར་ཆིག་སྟོང་སོགས་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་དེ་ཡང་གསར་དུ་བཞེངས་པ་དང་བཞེངས་ནས་ལེགས་པར་གྲུབ།།
     པད་མ་མདོ་སྔགས་གླིང་གི་ཐུན་མོང་མ་ཡིན་པའི་ཆོས་སྤྱོད་ཕྱག་ལེན་ཕྱོགས་ལ་མ་གྱུར་སེམས་ཅན་འགྲོ་དྲུག་སྤྱི་དང་ཁྱད་པར་དུ་ཤི་བོ་ཆོས་མེད་རྣམས་ཀྱི་ཆེད་དུ་ཉིན་རེར་བཞིན་སངས་རྒྱས་སྨན་བླའི་སྒོ་ནས་ཚེ་འདས་ལྷོ་སྒོ་ཆགས་མེད་གསུང་བཞིན་པ་སོགས་རྒྱུན་ཚོགས་དང་། ལོ་རེའི་ཧོར་ཟླ་དང་པོའི་ཚེས་ལྔ་ནས་བཅོ་ལྔ་ཉིན་ལྷ་ལྡན་སྨོན་ལམ་ཆེན་མོ་སྟེ། ཚེས་བཅུ་གསུམ་ཉིན་ལ་གོས་སྐུ་ཆེན་མོ་བཤམས་ནས་མཆོད་མཇལ་དང་ཆོས་ཀྱི་རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་སོགས་ངོ་མཚར་ལྷ་འཆམ་འཁྲབ་སྟོན་མཛད་པ། ཚེས་བཅོ་ལྔ་ཉིན་ལ་བྱམས་པ་གླིང་སྐོར་སོགས་དང་། ཟླ་གསུམ་པའི་ཚེས་བརྒྱད་ནས་བཅོ་ལྔ་བར་ལ་ཞི་ཁྲོའི་དབང་སྟོང་། ཟླ་བཞི་བའི་ཚེས་བཅུ་གཉིས་ནས་བཅུ་གསུམ་ཉིན་ལ་བཞི་བའི་མཆོད་པ། ཚེས་བཅུ་བཞི་ནས་བཅོ་ལྔ་ཉིན་ལ་སྨྱུང་གནས། ཟླ་དྲུག་པའི་ཚེས་བཅུ་གཅིག་ལ་ལབ་ཙེ་བསྟོད་ཅིང་གཏེར་འབུལ་མཛད་པ། ཚེས་བཅུ་གཉིས་ནས་བཅུ་བཞི་ཉིན་ལ་དགོན་པ་གཞུང་གི་ཤིང་སློང་དུས་ཆེན་ཡིན་ཞིང་རིག་རྩལ་དང་ལུས་རྩལ་སྣ་ཚོགས་གྱི་འདྲན་སྡུར་སྤེལ་ནས་བྱ་དགའ་གནང་བ། ཚེས་བཅོ་ལྔ་ཉིན་ནས་བདུན་པའི་ཚེས་ཉེར་དགུ་ཉིན་ལ་དབྱར་གནས། ཟླ་བརྒྱད་པའི་ཚེས་གཅིག་ཉིན་ལ་བརྒྱད་པའི་འབྱུང་སྟོན། ཟླ་བ་བཅུ་བའི་ཚེས་ཉེར་གསུམ་ནས་ཉེར་ལྔ་ཉིན་ལ་བཅུ་བའི་ལྔ་མཆོད་ཆེན་མོ་དང་རྗེ་སྟོང་མཆོད། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ནས་ཉེར་དགུ་ལ་མཁའ་འགྲོའི་སེང་གདོང་མའི་གཏོར་ཟློག་དང་རྟ་མགྲིན་ཡང་གསང་གི་གཏོར་ཟློག རྟ་མགྲིན་ལྷ་འཆམ་འཁྲབ་སྟོན་སོགས་ཆོས་ཐོག་རྒྱུན་སྲོལ་བཞིན་དུ་ཚུགས་ཤིང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་སོགས་འདུལ་དགོན་དད་ལྡན་འགྲོ་བའི་མིག་རྒྱན། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་ཆེན་པོ་ཞིག་ཏུ་གྱུར་བ་དང་འགྱུར་བཞིན་པའི་སྐབས་འདི་རུ་བཀྲ་ཤིས་དགེ་མཚན་འབུམ་ཕྲག་ལྡན་གྱུར་ནས་ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག་ཞེས་པ་འདི་ཡང་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྣམ་པར་སྤྲུལ་བ་སྔགས་སའི་དགེ་བཤེས་རིན་པོ་ཆེ་སྐུ་ཕྲེང་བཞི་བ་བློ་བཟང་བསྟན་པའི་ཉི་མ་མཆོག་གིས་བཀྲ་ཤིས་ལྷ་རྫས་་དང་བཅས་པས་བསྐུལ་ངོར་རོང་ཆེན་འཇམ་དབྱངས་བློ་བཟང་འཕྲིན་ལས་སམ་རོང་བོ་ལྷ་རྒྱལ་དཔལ་གྱིས1999ལོའི་ཟླ8པར་གངས་ལྗོངས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཆབ་འགག་གསེར་གཞོང་རིང་མོའི་གྲོང་བརྡལ་གྱི་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་རྒྱལ་ཆོས་གླིང་ནས་བྲིས་ཞིང་ཏེ 《མཚོ་ལྷོ་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས》 སྟེང་དུ་བབཀོལ་ནས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཤིང་། ཕྱིས་སུ་ཞུ་དགདང་ཁ་སྣོན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱིས་བསྒྲིགས་པའི《སྔགས་མང་དཔེ་ཚོགས》སྟེང་དུ་བཀོལ་ཏེ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཟིན་པ་སོགས་དགེའོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...