སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གྲྭ་བ་གཉིས་ལས་མེད་པའི་བོད་ཀྱི་དགོན་ཆེན་ཏེ་འཇང་དགོན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-26 11:21:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     བོད་དུ་ཆེས་དམིགས་བསལ་གྱི་དགོན་པ་ཞིག་ཡོད་པ་ནི་འཇང་དགོན་པ་སྟེ། དེ་རུ་རྒྱུན་ཏུ་གྲྭ་བ་མེད་ན་ཡང་དགེ་ལུགས་པའི་ཚད་མའི་ཆོས་ཐོག་ཆེན་མོ་འཇང་དགུན་ཆོས་ཞེས་པ་དེ་ཚོགས་ས་ཡིན་པས་གྲགས་པ་ཕྱོགས་སུ་ཁྱབ། འོན་ཀྱང་མང་བོ་ཞིག་གི་འཇང་དགོན་པ་མི་ཤེས་ལ་འཇམ་དབྱངས་དགུན་ཆོས་ཞེས་ན་དེ་མ་ཐག་ཏུ་ཤེས་འགྲོ། དོན་དུ་འཇམ་དབྱངས་དགུན་ཆོས་ཞེས་པ་འཇང་དགུན་ཆོས་ཀྱི་བརྡ་འགྱུར་བ་ཞིག་དང་ཚིག་དེ་ཇེ་ལེགས་སུ་བཏང་བ་ཞིག་རེད།
     དགོན་པ་དེ་ན་གྲྭ་བ་མེད་ན་ཡང་གནས་འགངས་ཆེན་དེར་བདག་འགྲོ་བའི་འདུན་པ་ལྡོག་ཏུ་མེད་པ་ཞིག་ཡོད། དེ་བས་འཇང་སྨད་དུ་རླངས་འཁོར་ལས་བབས་ཏེ་ལྟ་དུས་འཇང་དགོན་པ་ནི་སྤྱི་ལེ་གསུམ་བཞི་ཙམ་གྱི་ནུབ་བྱང་གི་རི་འདབས་སུ་ཡོད་པ་མཐོང་བྱུང་། རྐང་འགྲོས་སོང་ནས་དེར་སླེབས་དུས་མཛེ་བོའི་རྒན་གསོ་ཁང་ཞིག་ཡོད་པ་མཐོང་བས་ཅིའི་ཕྱིར་མཛེ་བོ་དག་དགོན་པ་དང་འདབས་འབྲེལ་དུ་གནས་དགོས་པ་ཡིན་ནམ་སྙམ་ནས་ཧ་ལས་བྱུང་།
     ར་སྒོར་ཞིག་གི་སྒོ་བརྡུང་བས་ཨ་མ་རྒན་མོ་ཞིག་ཡོང་ནས་སྒོ་ཕྱེས་ནས་ནང་དུ་ཁྲིད་ནས་མཆོད་མཇལ་བྱེད་དུ་བཅུག དེ་རུ་གྲྭ་བ་ཞིག་ཡོད་ཅིང་ཁོས་དགོན་པ་འདི་སྲུང་མཁན་གྱི་གྲྭ་བ་གཉིས་མ་གཏོགས་མེད་ཟེར། ཁང་བ་དེའི་ནང་དུ་འཇང་དགུན་ཆོས་ཀྱི་དམ་བཅའི་རེའུ་མིག་སྦྱར་འདུག
     ལ་ལས་འཇང་ཞེས་པ་ནི་འཇང་ས་དམ་གྱི་ཡུལ་ཡིན་ཟེར་མོད། གཏམ་དེས་བདག་གི་བློ་སྒོ་འབྱེད་མ་ཐུབ་སྟེ་འཇང་ས་དམ་གྱི་ཡུལ་ནི་ཡུན་ནན་ས་ཆའི་ལི་ཅང་གཙང་བོ་ཡོད་ས་དེ་རེད། འོ་ན་ས་ཆ་འདིར་ཅིའི་ཕྱིར་འཇང་ཞེས་བཏགས་པ་ཡིན།
     དགོན་དེ་ནི་ཐོག་མར་འཇང་སྔོན་མཁྱེན་པའམ་འཇམ་དབྱངས་མངོན་མཁྱེན་པ་ཞེས་པས་བཏབ། སྙེ་ཐང་ར་སྟོད་ཀྱིས་གནས་དེར་དགུན་ཆོས་འཚོགས་གནང་བས་སློབ་གཉེར་ཤིན་ཏུ་འཕེལ། དེ་རྗེས་གདན་ས་གསུམ་དང་མངའ་རིས་དྭགས་པོ་གྲྭ་ཚང་བཅས་ལོ་ལྟར་བོད་ཟླ11ཚེས1ནས་བོད་ཟླ12ཚེས15བར་ཟླ་བ་ཕྱེད་དང་གཉིས་རིང་དགེ་འདུན་ལྔ་སྟོང་ཙམ་གནས་དེར་འཛོམས་གནང་ནས་རྣམ་འགྲེལ་གཙོ་བོ་འཆད་རྩོད་གནང་སྟེ་རྩོད་པའི་བརྡར་ཤ་ཕལ་ཆེར་གནས་དེ་ནས་ཆོད་པར་བྱེད། གནས་དེར་གཙོ་བོ་ཚོགས་ཆེན་གཅིག་དང་། གདན་ས་སོ་སོའི་ཚོགས་ཆེན། གྲྭ་ཚང་། ཁང་ཚན་དང་བཅས་པའི་ཁང་བ་སོ་སོར་ཡོད།
     གཞན་ཡང་གནས་དེར་རྟེན་ཁྱད་པར་ཅན་ཇོ་བོ་མཐོང་བ་དོན་ལྡན་དང་། གྲོགས་ཁྱད་པར་ཅན་དགེ་འདུན་འདུས་པ་རྒྱ་མཚོ། ཁྲོ་ཁྱད་པར་ཅན་ཚོགས་ཁྲོ་སངས་རྒྱས་བེམ་པོ་ཞེས་སོགས་དང་། ལྷག་པར་དུ་གནས་དེར་འཇང་རྡོ་བཅལ་སྔོན་མོ་ཞེས་ཚོགས་ཆེན་རྡོ་གཅལ་གྱི་འོག་ཏུ་རྗེ་བཙུན་འཇམ་དབྱངས་ཀྱི་རལ་གྲི་རྒྱུ་བཞིན་ཡོད་པས་དེ་སྟེང་དུ་ཕྱག་འཚལ་བ་དང་འོག་ཏུ་རལ་གྲི་རྒྱུ་བ་དུས་མཚུངས་ན་ཤེས་རབ་འཕེལ་ཞེས་ཉིན་ལྟར་དགེ་འདུན་རྣམས་ཚོགས་གྲོལ་མ་ཐག་རྡོ་གཅལ་སྟེང་དུ་ཕར་སྤོས་ཚུར་སྤོས་བྱས་ནས་ཕྱག་འཚལ་བ་ཡིན།
     གནས་དེར་སོང་ནས་ངས་ཀྱང་སྨོན་ལམ་ཞིག་བཏབ་ཅིང་དྷི་སྐད་ཅིག་བཏང་བ་ཡིན། ཆོས་གྲྭ་ཆུང་ངུ་འདིར་མཚམས་རེས་མཁས་པ་གང་མང་ཞིག་འཛོམས་ནས་རྩོད་པ་བྱེད་པ་དང་། མཚམས་རེར་མི་གཅིག་ཀྱང་མེད་པར་དལ་ཅག་གེར་གནས་པ་འདི་ཇི་འདྲའི་ཆ་མི་མཉམ་པ་ཞིག་རེད་ཨང་། དལ་ཅག་གེར་གནས་པ་ནི་ཆེད་དུ་སུ་ཞིག་གིས་བསམ་གཞིག་གཏོང་བ་ལ་གོ་སྐབས་ཤིག་ཕྱེས་པ་འདྲ།
     འཇང་དགུན་ཆོས་ཚོགས་པའི་ཡུན་ལ་སྡེ་བ་གཞུང་ནས་ཆོས་ཐེབས་གནང་ཞིང་། ར་སྟོད་ནས་འདུ་བཀོད་གནང་། རྒྱུན་གཏན་ཚོགས་ཆེན་གྱི་སྐུ་གཉེར་ཡང་ར་སྟོད་ནས་གཏོང་གནང་དགོས་མོད། འཚོ་བའི་ཆ་རྐྱེན་ཞན་ཞིང་དམ་བཅའ་དང་དཔེ་ཁྲིད་སོགས་ཤིན་ཏུ་ལྕི། རྣམ་འགྲེལ་གྱི་རིགས་པའི་གསང་ཚིག་ཡ་མཚན་པ་དག་ཀྱང་གནས་དེ་ནས་ཤེས་ངེས་རེད།
     ཚད་མའི་ཁུངས་རྒྱ་གར་ཡིན་མོད་བོད་དུ་འཕེལ་བ་འདི་འདྲ་ཞིག་འཛམ་བུའི་གླིང་དུ་བྱོན་མེད། སྔོན་ཆད་བོད་དུ་དར་བའི་ཚད་མ་རྣམ་ངེས་ཡིན་མོད། ད་ལྟ་རྗེ་རིན་པོ་ཆེ་ནས་རྣམ་འགྲེལ་ལ་འཆད་ཉན་བྱེད་པ་གཙོ་བོར་འཛིན། ལྷག་པར་དགེ་ལུགས་པའི་རྣམ་འགྲེལ་ལ་འཆད་ཉན་བྱེད་པ་འདི་འདྲ་གཞན་ལ་མེད་པའི་ཚོད་ཡིན། དེ་ཡང་རྗེ་རིན་པོ་ཆེ་ཚད་མ་རྣམ་འགྲེལ་འདི་ནང་དོན་རིག་པའི་བསྟན་བཅོས་རྨད་དུ་བྱུང་བ་ཞིག་ཏུ་ངོས་འཛིན་བྱས་པ་ལས་བྱུང་བ་སྟེ། རྗེའི་སྔོན་དུ་ཚད་མ་རིག་པ་ཕྱི་རོལ་པའི་རྩོད་པ་བཟློག་པའི་ཆེད་ལས་ཐར་བ་དོན་གཉེར་ལ་མི་མཁོ་བར་འདོད་པ་ཤས་ཆེ།
     རིག་གསར་སྐབས་དབེན་པའི་དགོན་པ་འདི་ཡང་རྩ་མེད་དུ་བཏང་མོད། ད་ལྟ་སྔོན་གྱི་ཚོགས་ཆེན་འདུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་འཇིམ་སྐུ་གསར་བཞེངས་གནང་བ་དང་། གདན་ས་ཁག་གི་འདུ་ཁང་ཡང་གསར་བཞེངས་གནང་ཡོད།
     བདག་ཕྱིར་ལོག་པའི་ལམ་དུ་ཞུགས། སྔོན་བྱོན་མཁས་པ་མང་བོ་བྱོན་མྱོང་བའི་ལམ་དེ་ད་ལྟ་ཨར་འདམ་གྱིས་བླུགས་པའི་ལམ་ཆེན་ཞིག་ལས་ཡོད་ན་ཡང་འགྲོ་མཁན་ངེད་གཉིས་མ་གཏོགས་གཞན་སུ་ཞིག་ཀྱང་མི་འདུག ལམ་དེའི་གཡས་གཡོན་ལ་སྡོང་བོ་བཙུགས་ཡོད་ཅིང་དེའི་ནང་དུ་ཁྱི་རྒན་འགའ་རེས་སོས་དལ་གྱིས་ཉལ་ནས་གནས་སྐོར་བ་བདག་གི་རྣམ་འགྱུར་ལ་བལྟས་འདུག

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...