སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཕོ་བྲང་ཞིག་རོ་གཉིས་བར་གྱི་རྣམ་ཤེས་གསོན་པོ་འཕྱོངས་རྒྱས་རི་བོ་བདེ་ཆེན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-31 12:32:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     འཕྱོངས་རྒྱས་རི་བོ་བདེ་ཆེན་ཞེས་འབོད་པའི་དགོན་པ་འདི་འཕྱོངས་རྒྱས་པའི་གོང་དུ་ཡོད་ཅིང་། ཕྱིང་བ་སྟག་རྩེའི་ཞོལ་དུ་ཡོད། སྲོང་བཙན་བང་སོ་ནས་བལྟས་ནས་གཟི་ཉམས་ཤིག་ཀྱང་ཡོད། འཕྱོངས་རྒྱས་ཞོལ་གྱི་རྒྱབ་རིར་ཡོད་པའི་སྔོན་གྱི་དགོན་རྙིང་གི་གྱང་གོག་དང་། འཕྱོངས་རྒྱས་ཕྱིང་བ་སྟག་རྩེའི་ཤུལ་དང་སྟག་རྩེ་རྫོང་ཤུལ་བཅས་ཀྱིས་སྐྱོ་བ་མི་ཟད་པ་ཞིག་ཀྱང་སློང་བཞིན་པ་འདྲ།
     དགོན་དེ་ནི་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་དངོས་སློབ་ཉི་ཁྲི་འཛིན་པ་བློ་གྲོས་དཔལ་བཟང་གིས་ཕྱག་བཏབ། སྐབས་དེར་འཕྱོངས་རྒྱས་སྡེ་བ་ཟ་ཧོར་གྱི་རིགས་རྒྱུད་རྡོ་རྗེ་ཚེ་བརྟན་རྣམ་རྒྱལ་བྱ་བ་དང་། གཙང་བའི་སྡེ་བའི་བར་འཁྲུག་རྩོད་ཆེན་པོ་བྱུང་། རྗེས་སུ་སྡེ་བ་དེ་གཉིས་མཐུན་པར་གྱུར་ཏེ་ཕན་ཚུན་ལ་རོགས་རམ་བྱས། གཙང་བཀྲ་ཤིས་ལྷུན་པོ་བཞེངས་པར་འཕྱོངས་རྒྱས་ནས་རྡོ་བཟོ་དང་ཤིང་བཟོ་མང་བོ་བཏང་། ལོ་བཅུའི་རིང་རི་བོ་བདེ་ཆེན་གཙུག་ལག་ཁང་བཞེངས་པར་གཙང་ནས་རྡོ་བཟོ་དང་ཤིང་བཟོ་མང་བོ་ཡོང་སྟེ་བཞེངས་པས་འདིའི་གཙུག་ལག་ཁང་གི་དབྱིབས་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དང་འདྲ་ཟེར།
     སྔོན་དགེ་འདུན་ཞལ་གྲངས་དྲུག་བརྒྱ་ལྷག་ཙམ་གྱིས་དགེ་ལུགས་སྔགས་ཆོག་ཕྱག་བཞེས་གནང་གི་ཡོད། སྔོན་གྱི་འདུ་ཁང་རྙིང་པར་ཀ་བ་བདུན་ཅུ་ཡོད་པའི་ནང་གི་རྟེན་གཙོར་གསེར་ཟངས་ཀྱི་བྱམས་པ་མཐོང་གྲོལ་ཐོག་སོ་གཅིག་ཙམ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་སོགས་རྟེན་སྐུ་ཁྱད་དུ་འཕགས་པ་དུ་མ་མཇལ་རྒྱུ་ཡོད་ཅེས་ངོ་སྤྲོད་བྱེད་ཀྱིན་འདུག
     རི་བོ་བདེ་ཆེན་དགོན་ནི་ཆེས་ལས་ངན་ཞིག་སྟེ་རིག་གསར་སྐབས་འབྲུ་རིགས་ཀྱི་མཛོད་དུ་བྱས་པས་ཕྱི་མར་འགྲོ་མ་དགོས་མོད་རིག་གསར་གྱི་རྗེས་སུ་བཤིགས་པ་རེད་ཟེར། དགོད་དགོས་སམ་ངུ་དགོས། འདི་ནི་དངོས་གནས་ཧ་མི་གོ་བ་ཞིག་རེད། ད་ལྟ་སྔོན་གྱི་རྩིག་པའི་སྟེང་ན་གསར་བརྗེའི་ཁ་གཡང་བྲིས་ཡོད་ལ། ཞིག་རལ་ཏུ་གྱུར་པའི་ངོ་གདོང་དེ་སྐྱ་ཐེག་གེར་ལུས་འདུག
     ད་ལྟ་གསར་བཞེངས་འདུ་ཁང་ནི་སྔོན་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གཟིམ་ཤག་གི་ཤུལ་དུ་ཡིན་ཞིང་དེའི་ནང་རྗེ་ཡབ་སྲས་ཐོག་སོ་ཉིས་ལྡན་དང་། རྒྱལ་བ་བསྐལ་བཟང་རྒྱ་མཚོ། རྒྱལ་བ་ཐུབ་བསྟན་རྒྱ་མཚོ། མཁན་ཆེན་ཉི་ཁྲི་འཛིན་པ་སོགས་ཀྱི་སྐུ་བཞེངས་འདུག
     བདག་གིས་རི་སྣ་དེ་ནས་སྐུ་མཁར་ཕྱིང་བ་སྟག་རྩེ་ལ་རྒྱང་ལྟ་བྱས་ཚེ། དེའི་ཞིག་རོ་དག་ད་དུང་ཨུ་ཚུགས་ཀྱིས་འགྱིང་འདུག སྐབས་དེར་ངས་ཕྱིང་བ་སྟག་རྩེ་ནི་ཨི་ཤོ་ལེགས་ཀྱིས་བརྩིགས་པའི་ཕོ་བྲང་ཡིན་པ་དྲན་བྱུང་ལ། དེ་ནི་སྟག་རྩེ། རྒོད་རྩེ། ཡང་རྩེ། ཁྲི་རྩེ། རྩེ་མོ་ཁྱུང་རྒྱལ། ཁྲི་བརྩིགས་འབུམ་གདུགས་བཅས་རྩེ་དྲུག་ཅེས་བཤད་པའི་གྲས་ཡིན་པ་ཡང་དྲན་བྱུང་། སྔོན་ཆད་ཀྱི་རྒྱལ་བོའི་ཕོ་བྲང་དེ་ཡང་ད་ལྟ་རི་རྩེ་ན་རྩིག་པ་ཞིག་རོ་འགའ་ཞིག་ལས་མི་འདུག་ཅིང་། དེའི་ཤུལ་གྱི་ས་རྡོ་རེ་རེའི་སྟེང་དུ་ཡལ་ཟིན་པའི་ལོ་རྒྱུས་ཀྱི་རི་མོ་བརྐོས་ཡོད་པ་འདྲ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...