སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གྱང་ཆག་གིས་ཁེངས་པའི་བསམ་གཏན་གླིང་།
རྩོམ་པ་པོ། ཤེས་རབ་བསྟན་དར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-17 10:27:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
གྱང་ཆག་གིས་ཁེངས་པའི་བསམ་གཏན་གླིང་།
                —བཞི་སྡེ།
     བཞི་སྡེ་དགའ་ལྡན་བསམ་གཏན་གླིང་ཞེས་པ་དེའི་གནས་ཡུལ་ནི་ཚེ་སྨོན་གླིང་གི་ནུབ་ངོས་སུ་ཡོད། འདི་ནི་བདག་དབུས་གཙང་དུ་སླེབས་ནས་ཐོག་དང་བོ་ཞིག་རལ་དུ་གྱུར་པའི་དགོན་པ་ཞིག་ལ་མཇལ་བ་ཡིན་པས་འདི་དུས་ངའི་སེམས་པ་ཡང་ཞིག་རལ་དུ་གྱུར་པའི་བཞི་སྡེ་གླིང་བཞིན་དུ་སྟོང་སྟོང་བར་ལུས་སོང་།
     སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཆོས་འབྱུང་བཻཌཱུརྱ་སེར་བོར། ཚལ་བ་ཁྲི་དཔོན་དགའ་སྡེ་བཟང་བོས་ར་མོ་ཆེ་གཙུག་ལག་ཁང་དུ་མཆོད་འབུལ་ཞུ་ཆེད་བཞི་གྲྭ་བཙུགས་པས་མིང་བཞི་སྡེ་ཞེས་འབོད་པར་གྲགས། རྒྱལ་དབང་སྐུ་ཕྲེང་བདུན་པའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མར། ཐོག་མར་བཞི་སྡེ་གྲྭ་ཚང་འདི་ཉིད་མངའ་བདག་ཁྲི་རལ་བ་ཅན་གྱི་དུས་ལྷ་ལྡན་གཙུག་ལག་ཁང་གི་ཕྱོགས་བཞིར་དགེ་འདུན་གྱི་སྡེ་རེ་བཙུགས་པའི་གྲས་ཀྱི་དགའ་བ་ཞེས་པ་དེ་ཡིན་ཞིང་ཕྱིས་བོད་ཁྲི་སྐོར་བཅུ་གསུམ་སྐབས་ཚལ་བ་ཁྲི་དཔོན་གྱི་འཕེལ་རྒྱས་བཏང་བ་སོགས་འཁོད། རྒྱལ་བོ་གླང་དར་མས་སངས་རྒྱས་ཆོས་ལུགས་སྣུབ་སྐབས་དགོན་པ་དེར་གཏོར་སྐྱོན་བྱུང་རུང་། ལོ་ནས་ལོ་བར་ཚལ་བ་ཁྲི་དཔོན་དགའ་བདེ་དཔལ་གྱི་རོགས་སྐྱོར་འོག་བཞི་སྡེ་གྲྭ་ཚང་དེ་སྔར་གྱི་རྨང་གཞིའི་ཐོག་རྒྱ་བསྐྱེད་བཏང་བ་དང་དགེ་འདུན་ཡང་ཞལ་གྲངས་ཉི་ཤུ་ཙམ་བྱུང་འདུག
     དུས་རབས་བཅོ་བརྒྱད་པའི་མཇུག་ལ་རྭ་སྒྲེང་སྐུ་ཕྲེང་གཉིས་པ་ཁྲི་ཆེན་བསྟན་པ་རབ་རྒྱས་སྐབས་ཆོས་ལུགས་ཀྱི་མཛད་སྒོ་མང་ཆེ་བ་བཞི་སྡེ་དགོན་པར་གནང་བ་དང་མཐར་དགོན་པའི་འཛིན་བདག་གནང་བས་དགོན་དེར་ཉམས་གསོ་རྒྱ་བསྐྱེད་དང་རྭ་སྒྲེང་སྐུ་ཕྲེང་རིམ་བྱོན་ལྷ་སར་བཞུགས་ཡུལ་གཙོ་བོར་གྱུར། བཞི་སྡེ་དགོན་པར་ལོ་རྒྱུས་ཐོག་གཏོར་སྐྱོན་ཕོག་པ་མང་ཞིང་། ལྷག་པར་རྭ་སྒྲེང་སྐུ་ཕྲེང་ལྔ་བ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱིས་བོད་ཀྱི་སྲིད་སྐྱོང་ལོ་བདུན་ཙམ་གནང་རྗེས། སྟག་བྲག་དང་ཕན་ཚུན་འགལ་ཟླ་ཆེན་པོ་བྱུང་ནས་རྭ་སྒྲེང་རིན་པོ་ཆེ་བཙོན་འཇུག་དང་། འབྲེལ་ཡོད་དཔོན་རིགས་མང་བོར་བཀའ་ཉེས་ཕོག་ནས་བླ་བྲང་དང་། རྭ་སྒྲེང་དགོན་པ། བཞི་སྡེ་དགོན་པ་བཅས་ལ་གཏོར་སྐྱོན་ཆེན་པོ་བྱུང་འདུག
     བཞི་སྡེ་དགོན་པ་དེའི་དབྱིབས་ནི་གྲུ་བཞི་མ་ཡིན་ཅིང་དཀྱིལ་དབུས་སུ་འདུ་ཁང་དང་ལྷ་ཁང་། ཤར་ངོས་སུ་རུང་ཁང་མཐའ་སྐོར་དུ་ཤག་སྐོར་སོགས་ཡོད་པས་དམིགས་བསལ་གྱི་བཟོ་བཀོད་ཚར་དུ་དངར་བ་མ་ཟད་གསེར་ཟངས་དང་འཇིམ་པའི་སྐུ་བརྙན་དང་རྒྱལ་བའི་གསུང་རབ་སོགས་ནང་རྟེན་ཤིན་ཏུ་མང་བ་མཇལ་རྒྱུ་ཡོད་ཟེར་ཀྱང་ད་ལྟ་གྱང་ཆག་ཞིག་མ་གཏོགས་ཅི་ཡང་མི་འདུག
     ངས་དེར་རྩེད་འཇོ་རོལ་བཞིན་པའི་བྱིས་པ་སྐོར་ཞིག་ལ་འདི་ལ་ཅི་བྱུང་བ་རེད་དྲིས་པས། དམག་གིས་བརྒྱབ་པ་རེད་ཟེར། དམག་གང་གིས་བརྒྱབ་པ་རེད་ཅེས་དྲིས་པས་རི་པན་འདྲེ་དམག་གིས་བརྒྱབ་པ་རེད། སྐབས་དེར་བྱིས་པ་གཞན་ཞིག་གིས་མ་རེད། རི་པན་འདྲེ་དམག་མ་རེད་ཟེར།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...