སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དགེ་སློང་དང་ལྷ་མོས་རྒྱན་ལ་བཞག་པའི་དགོན་པ།
རྩོམ་པ་པོ། ཤེས་རབ་བསྟན་དར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-28 10:15:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
དགེ་སློང་དང་ལྷ་མོས་རྒྱན་ལ་བཞག་པའི་དགོན་པ།
--བསམ་གཏན་གླིང་དགོན།
     རྭ་སྒྲེང་ལ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་དེ་དལ་བྲེལ་མེད་པར་མདུན་དུ་འགྲོ་བཞིན་ཡོད། ངའི་འགྲོ་རོགས་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཕྱག་ན་རྡོ་རྗེས་བདག་ལ་ཁོའི་འདུག་མཚེས་བོད་ལྭ་གྱོན་པའི་བུ་མོ་དེ་བསམ་གཏན་གླིང་གི་བཙུན་མ་ཞིག་སྟེ་མོས་འུ་ཅག་མཉམ་དུ་བསམ་གཏན་གླིང་དུ་མཇལ་བར་འགྲོ་ཟེར། དེ་བས་བདག་ཧ་ཅང་སྤྲོ་བྱུང་། མོས་བཤད་པ་མིན་ན་མོ་བཙུན་མ་ཞིག་ཡིན་པ་ག་ལ་ཤེས།
     རླངས་འཁོར་ལས་བབས་ཏེ་ངེད་ཅག་སྐོར་ཞིག་ཨ་ནེ་དེས་ཁྲིད་ནས་རྭ་སྒྲེང་གི་ནགས་གསེབ་གྱི་བསམ་གཏན་གླིང་ལ་འགྲོ་བའི་ལམ་ཕྲན་དེ་དེད་ནས་སོང་། དུས་ཚོད་དུ་ཙམ་འགོར་བ་མ་ཤེས་མོད། ང་ཚོས་དལ་གྱིས་སོང་བས་གོང་གི་ལུང་བ་ཞིག་ཏུ་དགོན་པ་དེ་ཁྲ་ལམ་སེར་ཡོད་པ་མཐོང་བྱུང་།
     ང་ཚོ་ནགས་གསེང་ནས་བསམ་གཏན་གླིང་ལ་འགྲོ་བའི་སྐབས་འདིར་ཨ་ནེ་དེས་ང་ཚོ་ལ་དགོན་པ་འདིའི་སྐོར་ངོ་སྤྲོད་བྱས། སྐབས་འདིར་མོའི་མིང་ལ་བྱམས་པ་དཔལ་མོ་ཟེར་བ་ཤེས་བྱུང་ལ་མོ་ལོ་ཆུང་དུས་ནས་རབ་ཏུ་བྱུང་སྟེ་དགོན་འདིའི་ཆོས་སྒོར་ཞུགས། མོས་ཁ་བརྡ་བྱེད་ཀྱིན་སོང་བས་དགོན་པ་འདིའི་སྐོར་མང་བོ་ཞིག་ཤེས་བྱུང་། དགོན་པ་འདིའི་མིང་ལ་གནས་མཆོག་རྭ་སྒྲེང་བསམ་གཏན་གླིང་ཟེར་ཞིང་། གྲྭ་ཚད་བརྒྱ་དང་ལྔ་བཅུ་ཡིན་མོད། ད་ལྟ་བཙུན་མ་སུམ་བརྒྱ་ལྷག་ཡོད་ཅིང་དགེ་ལུགས་པ་ཉམས་བཞེས་གནང་བཞིན་འདུག འོན་ཀྱང་མཚན་ཉིད་མེད་ཅིང་སློབ་གཉེར་བྱེད་པའི་ཆ་རྐྱེན་ཡང་ལེགས་པོ་ཞིག་མི་འདུག རྭ་སྒྲེང་དགོན་པ་ན་བཀའ་ཆོས་ཡོད་དུས་སོང་ནས་ཉན་ཆོག ཡིན་ན་ཡང་། སློབ་སྦྱོང་བྱེད་པ་ཤིན་ཏུ་དཀའ་ངལ་ཡོད་པ་འདྲ།
     དགོན་པ་འདི་ནི་རྗེ་ཙོང་ཁ་བར་རྗེ་བཙུན་འཇམ་དབྱངས་ཀྱིས་ལུང་བསྟན་པ་ལྟར་འཁོར་དག་པ་རྣམ་བརྒྱད་ཁྲིད་ནས་ཉམས་ལེན་བྱེད་དུས་ཐོག་མར་རྫ་སྟེང་ཞེས་པར་བཞུགས་སྐབས་ཨ་དཀར་བོའི་ཆར་བབས། དེ་ནས་ད་ལྟའི་དགོན་གནས་བསམ་གཏན་གླིང་དུ་ཕེབས་ནས་ཉམས་བཞེས་གནང་ཟེར། གནས་འདིར་དབུས་སུ་རྗེ་ཉིད་དང་། གཡས་གཡོན་དུ་འཁོར་དག་པ་རྣམ་བརྒྱད་བཞུགས་པའི་སྒྲུབ་ཕུག་ཡོད། འོན་ཀྱང་དུས་དེ་ནི་ཁོང་རྭ་སྒྲེང་དུ་བཞུགས་པའི་སྐབས་ལ་སྦྱར་ན་འབྱོར་བ་ལས་འཁོར་དག་པ་རྣམ་བརྒྱད་ཁྲིད་ནས་རི་ཁྲོད་བྱོན་པའི་སྐབས་ལ་སྦྱར་ན་ལོ་ཚིགས་ལ་མི་འགྲིག
     རྗེ་ཙོང་ཁ་བ་བདེ་མཆོག་དྲིལ་བུ་སྐུ་ལྔའི་སྐུ་མཚམས་དམ་པོར་མཛད་པའི་སྐབས་རྡོ་རྗེ་ཕག་མོ་ཞལ་གཟིགས་ནས་ཁྱེད་ཀྱིས་གནས་འདིར་མོ་དགོན་ཞིག་གདབ་དགོས་གསུངས་པར་རྗེ་ཙོང་ཁ་བས་ཕོ་དགོན་གདབ་དགོས་ཞེས་ཞུས་པས་ད་འོ་ན་ང་གཉིས་སུ་རྒྱུགས་འགྲན་ཏེ་སུ་སྔོན་དུ་སླེབས་ན་དེའི་འདོད་པ་ལྟར་བགྱིས་གསུངས་པ་ལྟར་ལོངས་སྤྱོད་མཛའ་མོའི་ཐོག་ཅེས་པའི་སྤང་སྡིངས་ནས་སུ་མགྱོགས་འགྲན། རྗེ་ཙོང་ཁ་བས་རྒོད་ཐང་དཀར་ཞིག་ལ་སྤྲུལ་ནས་ཡར་བྱོན་སྐབས། རྡོ་རྗེ་ཕག་མོས་ཉི་ཟེར་ལ་ཆིབས་ཏེ་ཞབས་རྗེས་བཞག་སྟེ་མར་ཕེབས་པ་དང་། རྗེ་ཁྱེད་སྐུ་ལས་ཁག་ཨེ་སོང་ཞེས་ཞུས། རྗེ་ཙོང་ཁ་བས་རྡོ་རྗེ་ཕག་མོ་སྔོན་ལ་བྱོན་འདུག་པས་ད་ནི་ཁྱེད་ཀྱི་ཐུགས་འདུན་བཞིན་མོ་དགོན་འདེབས། དགོན་པའི་མཚན་ལ་བསམ་གཏན་གླིང་ཞེས་ཞུ་གསུངས་ནས་རྟེན་དུ་བྱེ་མ་ཨ་ཀྲོང་གི་རྗེ་ང་འདྲ་མ་དང་། ཙ་རི་བསྐོར་བའི་ཕྱག་འཁར། ལྷུང་བཟེད། ཞྭ་ཐུལ། གཏེར་དུང་སོགས་གནང་སྟེ་ཕྱག་འདེབས་གནང་།
     དེ་སྐད་དགོན་པ་འདི་དགེ་སློང་དང་ལྷ་མོ་གཉིས་ཀྱིས་རྒྱན་ལ་བཞག་ནས་བཏབ་པ་ཞིག་ཡིན་པའི་ལོ་རྒྱུས་གསན་དུས་ང་དབང་མེད་དུ་ངོ་མཚར་སྐྱེས་བྱུང་།
     རྗེ་ཙོང་ཁ་བའི་ཞལ་ཐང་དང་རྣམ་ཐར་དངོས་བྲིས་གློག་བརྙན་འབེབ་དུས་ཀྱང་འདིའི་སྐོར་ཅི་ཡང་རྒྱུས་ལོན་མ་བྱུང་བ་འདྲ། དེ་རིང་བདག་གིས་རྗེ་ཙོང་ཁ་བས་ཕྱག་འདེབས་གནང་བའི་བཙུན་དགོན་འདིར་སླེབས་དུས་སྔོན་ཆད་ཁོང་གི་རྣམ་ཐར་དང་བཅས་པར་ཡིག་ཆ་མང་བོར་འདིའི་སྐོར་ཅི་ཡང་མ་བཤད་པར་འཁང་ར་བྱ་དགོས་བྱུང་།
     ང་ཚོ་དགོན་པར་སླེབས་མ་ཐག་ཏུ་ཆར་བ་བབས་བྱུང་ལ། བྱམས་པ་དཔལ་མོས་ངེད་ཚོའི་གནས་ཚུལ་ཅི་ཡང་མ་དྲིས་མོད། དགོན་པ་སླེབས་རྗེས་ཁོ་མོ་ཚོས་བདག་ལ་སྣེ་ལེན་ལེགས་པོ་ཞིག་བྱས་ཏེ་ཨ་ནེ་རྒན་པ་དགུང་ལོ་བརྒྱད་ཅུར་ཉེ་བ་ཞིག་གིས་ངེད་ཅག་ལ་རྟེན་བཤད་བྱས་བྱུང་། སྔོན་གྱི་འདུ་ཁང་གི་གྱང་གོག་སྟེང་གསར་བཞེངས་གནང་བའི་འདུ་ཁང་ནང་རྗེ་ཙོང་ཁ་བའི་སྒྲུབ་ཕུག་དང་། རྗེ་ཙོང་ཁ་བ་དང་། རྡོ་རྗེ་ཕག་མོའི་ཞབས་རྗེས། རྡོ་རྗེ་གཡུ་སྒྲོན་མའི་བླ་རྡོ། གཞན་ཡང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དག་ལ་མཇལ་ནས་རྡོ་རྗེའི་ཕག་མོའི་ཆོ་ག་དག་འདོན་བྱས་ནས་བསྔོ་སྨོན་ལེགས་པོ་ཞིག་བྱས། ང་ཚོ་འདུ་ཁང་གི་སྒོར་བུད་དུས་ཆར་བ་ཟམ་ཟིམ་དུ་འབབ་ཀྱིན་འདུག་ལ་ཉི་མ་སྤྲིན་གསེབ་ནས་འཕྲོས་ཏེ་ཕར་ངོས་སུ་འཇའ་ཚོན་ཤར་འདུག
     ངེད་ཅག་གིས་ཕར་ངོས་སུ་ཤར་བའི་འཇའ་ཚོན་དང་དགོན་པའི་ཉམ་ཆུང་བའི་གྲྭ་ཤག་སྐར་མ་བཞིན་བཀྲ་བ་དེ་དག་ལ་ལྟད་མོར་རོལ། དེ་ནས་བྱམས་པ་དཔལ་མོས་ང་ཚོ་འོག་ཏུ་ཡོད་པའི་ཨ་ར་པ་ཙའི་ཆུ་མིག་སར་ཁྲིད་བྱུང་། ཆུ་མིག་དྭངས་མོ་ཡིད་དུ་འོང་བ་ཞིག་ཡོད་པ་འདི་ནི་ཁོ་མོ་ཚོའི་གསོལ་ཆུ་རེད། མོས་བཤད་པ་ལྟར་ན་ཆུ་མིག་འདིས་ནད་རིགས་མང་བོར་ཕན་པ་མ་ཟད། འཇམ་པའི་དབྱངས་ཀྱིས་སྒྲུབ་ཆུ་ཡིན་པས་འཐུང་ན་ཤེས་རབ་རྒྱས་པ་ཡིན་ཞེས་ཟེར།
     ད་དུང་ཆུ་མིག་འདི་ད་ལྟ་ཁོ་མོ་ཚོར་དབང་མི་དབང་གི་ཉེན་ཁ་ཆེན་པོ་ཞིག་ལ་སླེབས་ཡོད་པ་ཤེས་བྱུང་། ཁོ་མོ་ཚོས་བཤད་པ་ལྟར་ན་བོད་རིགས་བུད་མེད་ཕྱུག་པོ་ཞིག་གིས་དགོན་འདིར་མང་ཇ་བསྐོལ་བ་སོགས་བྱས་ནས་རྗེས་སུ་མོས་ཆུ་མིག་འདི་རི་གཤམ་དུ་དྲངས་ནས་གཏེར་ཆུ་བཟོ་རྒྱུ་ཞེས་འཆར་གཞི་འགྱུར་བ་མེད་པ་ཞིག་བཟོས་ཤིང་འབྲེལ་ཡོད་དཔོན་པོ་དག་གིས་ཀྱང་རྒྱབ་སྐྱོར་བྱས་པས་ཁོ་མོ་ཚོས་ཨུ་ཚུགས་ཁོ་ན་ལས་ཐབས་གཞན་མེད་པའི་གནས་སུ་ལྷུང་འདུག་པའང་ཤེས་བྱུང་། ཁོ་མོ་ཚོའི་གསོལ་ཆུ་དྭངས་མོ་འདི་ཡང་བདག་ཏུ་འཛིན་འདོད་པའི་སྦྱིན་བདག་ཧམ་པ་ཅན་དེ་རི་ཁྲོད་འདིར་མང་ཇ་བསྐོལ་དུ་ཡོང་བའི་དམིགས་ཡུལ་ཀྱང་ཤེས་བྱུང་མོད། ཁོ་མོ་ཚོ་བཞིན་ཡིད་སྐྱོ་བ་ཞིག་ལས་ཐབས་ཅི་ཞིག་ཡོད།
     དགོན་པ་འདིར་རྐང་ལམ་ཞིག་མ་གཏོགས་མེད་པས་ཁོ་མོ་ཚོས་ཟ་མ་དང་ཉར་སྤྱད་མཐའ་དག་རྒྱབ་ཏུ་འཁུར་ནས་ཡོང་དགོས་ལ། གྲྭ་ཤག་ལས་སྤྱད་ཀྱི་ཤིང་ཆ་དག་ཀྱང་ལྷ་ས་ནས་རི་གཤམ་དུ་རླངས་འཁོར་ལས་དྲངས་ཏེ། དེ་ནས་འཁུར་བའམ་ཁལ་མར་བཀལ་ནས་ཡོང་བ་ཡིན་ཟེར་དུས། ཁོ་མོ་ཚོ་རི་ཁྲོད་འདིར་གཞི་ཆགས་ཐུབ་པར་ཧ་ལས་བྱུང་ལ། རི་ཁྲོད་ཅིག་ན་གནས་པའི་བུད་མེད་གཉོམ་པོ་འདི་དག་གི་སྙིང་སྟོབས་འདི་བསམ་ན་དེ་བས་ཀྱང་ཧ་ལས་འགྲོ།
     སྙིང་སྟོབས་དང་སྤོབས་པས་ཕྱུག་པའི་བཙུན་མ་འདི་དག་ལ་ཅིའི་ཕྱིར་སློབ་སྦྱོང་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་མ་བསྐྲུན་པ་ཡིན་ནམ། ཡང་ན་ཁོ་མོ་ཚོར་སློབ་སྦྱོང་བྱེད་པའི་སྤོབས་པ་མེད་སོང་བ་ཡིན་ནམ། དགོན་པ་འདིར་བདག་བྱེད་པའི་དགོན་བདག་བླ་ཆེན་དེ་དག་གི་ཐུགས་དགོངས་ལ་ཅིའི་ཕྱིར་འདི་དག་ལ་སློབ་གཉེར་བྱེད་པའི་ཆ་རྐྱེན་ཞིག་བསྐྲུན་པ་མ་ཤར་བ་ཡིན་ནམ། སྐབས་འདིར་བདག་གིས་རང་གིས་བྲིས་པའི《གངས་རིའི་རིང་ལུགས་ཀྱི་ཆོས་ལུགས》ལས། “ང་ཚོས་ད་དུང་དམིགས་བསལ་གྱི་དོ་སྣང་བྱ་དགོས་པ་ནི་བཙུན་མའི་སྡེ་ཡིན། ཁོ་མོ་ཚོས་ཆོས་གོས་ངུར་སྨྲིག་གྱོན་པ་ཙམ་ལས་ཐོས་བསམ་སྒོམ་གསུམ་བྱེད་པའི་གྲྭ་ཞིག་མེད་ལ་ལུང་རིགས་ཀྱི་ངར་སྐད་སྒྲོག་སའི་གནས་ཤིག་ཀྱང་མེད་པ་རེད། ཁོ་མོ་ཚོ་ས་ཁུང་ཞིག་ནས་རྒས་པར་གྱུར་དུས་བསྟན་པའི་ངོ་ལེགས་པོ་ ཞིག་ཀྱང་ཤེས་དཀའ། ང་ཚོས་རེ་བ་བྱ་དགོས་པ་ནི་ཁོ་མོ་ཚོའི་ནང་དུའང་མ་ཅིག་ལབ་སྒྲོན་གང་མང་ཞིག་འབྱུང་ཆོག་པ་དེ་ཡིན། དེ་བས་ང་ཚོས་ཅིའི་ཕྱིར་ཁོ་མོ་ཚོ་ལ་ཅིའི་ཕྱིར་གནས་ཤིག་མི་བསྐྲུན་ནམ། འདི་ནི་གངས་རིའི་རིང་ལུགས་ཀྱིས་བསམ་གཞིག་བྱ་དགོས་པའི་གནད་དོན་ཞིག་ཡིན”ཞེས་བཤད་མྱོང་བ་དྲན་བྱུང་།
     ཡིན་ན་ཡང་། བཙུན་མ་ཚོར་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་ཞིག་གཟུགས་ཐུབ་མིན་དེ་གཙོ་བོ་ཁོང་ཚོ་ལ་རག་ལས་ཡོད། ཁོ་མོ་ཚོས་ཧུར་བརྩོན་བྱས་ན་རིམ་བཞིན་ལེགས་པོར་འགྲུབ་ངེས། འདིའི་སྐོར་ངས་བུད་མེད་ཤེས་ཡོན་ཅན་རེ་འགའ་ལ་ཁ་བརྡ་བྱས་མྱོང་མོད། ཁོ་ཚོས་བཙུན་མའི་འཚོ་བ་ནི་ཆེས་ཐབས་སྡུག་ཅིག་ཏུ་བསམ་པ་ལས་འདིའི་སྐོར་ལ་ཁ་ཡ་བྱེད་འདོད་མི་འདུག དགོན་འདིར་སློབ་གཉེར་ལེགས་པོ་བྱེད་ཐུབ་ཀྱིན་མེད་ན་ཡང་ཉམས་མྱོང་ལེགས་པོ་བྱེད་བཞིན་ཡོད་པ་མཐོང་། དགོན་པ་ནས་རྭ་སྒྲེང་ལ་འགྲོ་བའི་སྐེད་ལམ་གྱི་ནགས་གསེབ་ཏུ་སྒོམ་ཁང་སྐོར་ཞིག་ལས་ཡོད་པ་མཐོང་ཞིང་ཁོ་མོ་ཚོ་ཉམས་ལེན་བྱེད་དུས་འདིར་མཚམས་བཅད་ནས་དུས་ངེས་ཅན་ཞིག་ལ་བཞུགས་པ་ཡིན་སྐད།
     བསམ་གཞིགས་གཏོང་བཞིན་པའི་སྐབས་འདིར་བྱམས་པ་དཔལ་མོས་ཁོ་མོ་ཚོའི་སྐྱིད་སྡུག་སྐོར་ཞིག་ལྒིང་བྱུང་བ་ཁོ་མོའི་ཨ་ལྕེའི་ད་ལྟ་རྒྱལ་ཁབ་ཀྱི་སྨན་ཁང་དུ་ཡོད་པ་དང་ཡིད་སྐྱོ་ཞིང་སྤོབས་པ་བསྐྱེད་པའི་གཏམ་རྒྱུད་མང་བོ་ཞིག་ཀྱང་ལྒིང་བྱུང་། མོའི་གཉོམ་ཞིང་དུང་བའི་གཤིས་ཀ་དེས་ད་ལྟ་ཐོག་མར་འཕྲད་པ་ལྟ་བུ་འཚེར་སྣང་དེ་མེད་པར་སེམས་ཀྱི་གཏམ་འདི་དག་མ་བཤད་ན་ཕངས་པ་ལྟ་བུའི་ཉམས་ཤིག་ཡོད་པ་མཐོང་བྱུང་།
     གྲུ་ཆར་ཟམ་ཟིམ་དུ་འབབ་ཀྱིན་འདུག ཟམ་ཟིམ་དུ་འབབ་པའི་གྲུ་ཆར་འདིས་ངེད་ཚོ་ལ་ཆེད་དུ་དགའ་བསུ་བྱེད་པ་དང་འདྲ། ང་ཚོ་ཉམས་དགའ་བའི་གནས་འདིར་ཅུང་འདུག་འདོད་མོད། དུས་ཚོད་ཀྱིས་སྡོད་དུ་མི་འཇུག་པས་ཕྱིར་རྭ་སྒྲེང་དགོན་དུ་ལོག་པའི་ལམ་དུ་ཞུགས་པ་ཡིན། ཨ་ནེ་བྱམས་པ་དཔལ་མོས་རྭ་སྒྲེང་གི་སྐེད་ལམ་འགྲོ་བའི་ལམ་བསྟན་པ་བཞིན་ངེད་ཅག་སྐེད་ལམ་བརྒྱུད་ནས་རྭ་སྒྲེང་གི་ཕྱོགས་སུ་སྙེག

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...