སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྷ་མོ་དྲེལ་དགོན་ཚུལ་ཁྲིམས་དར་རྒྱས་གླིང་གི་ལོ་རྒྱུས་སྙིང་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-21 10:09:00 རྩོམ་ཁུངས། དགེ་ལུགས་པའི་དྲ་བ། ཀློག་གྲངས།

     ལྷ་མོ་དྲེལ་དགོན་ཚུལ་ཁྲིམས་དར་རྒྱས་གླིང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་རྟ་ནག་མ་ཞིང་གི་ནུབ་བྱང་མཚམས་སུ་སྤྱི་ལེ་བཅུ་གཉིས་ཀྱིས་ཆོད་པའི་ལེའུ་སེ་སྡེ་བའི་སའི་ཆ་རུ་ལྷ་མོ་དྲེལ་ཞེས་པའི་གནས་མཆོག་དེར་ཆགས་ཡོད་ཅིང་། གྲུབ་མཐའ་ནི་དཔལ་རི་བོ་དགེ་ལྡན་པ་ཡིན།
     དགོན་པ་འདི་ནི་སྔོན་ཆད་གུར་སྒར་ཡིན་ལ་ལྕགས་སྤྲུལ་ཏེ་སྤྱི་ལོ༡༨༨༡ལོར་སྨར་ཁམས་སྐུ་ཕྲེང་ལྔ་བ་དགེ་འདུན་བསྟན་པ་དར་རྒྱས་ཀྱིས་རྗེ་ཞྭ་དམར་པཎྡི་ཏ་དགེ་འདུན་བསྟན་པ་རྒྱ་མཚོའི་ལུང་བསྟན་ལྟར། ཅང་ཤེས་ཆོ་ནོ་རུ་གུར་སྒར་གྱི་གཞི་ཐོག་མར་བཟུང་བ་ཡིན། རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་གུར་དགོན་འདིའི་མཚན་ལ་ཚུལ་ཁྲིམས་དར་རྒྱས་གླིང་ཞེས་བཏགས་པ་དང་རྟེན་སྐལ་དུ་གསེར་ཟངས་ལས་གྲུབ་པའི་རྗེ་སྐུ་དང་བླ་མཆོད་ཚོགས་ཞིང་། བྱང་ཆུབ་ལམ་རིམ་ཆེན་མོ་སོགས་གནང་། སྨར་ཁམས་སྐུ་ཕྲེང་དྲུག་པ་དགེ་ལེགས་ཆོས་ཀྱི་རྒྱ་མཚོའི་སྐབས། རྐྱེན་དབང་གིས་གུར་དགོན་འདི་བཱ་ཡན་གྲམ་དཀར་སོགས་སུ་གནས་སྤོར་བྱེད་དགོས་པ་བྱུང་། དེ་ནས་མཚོ་རྔའི་ནུབ་འགྲམ་གྱི་མགོན་པོ་གདོང་གི་གཡོན་ཟུར་དུང་དཀར་ཞེས་པའི་གནས་དེར་དགོན་གཞི་སྤོས།
     རབ་བྱུང་བཅུ་དྲུག་པའི་སྟོད་ཙམ་ལ་ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གནས་འདིར་ཕེབས་ཏེ་གུར་སྒར་ཁང་དགོན་དུ་བསྒྱུར་རྒྱུའི་ཐུགས་བཞེད་གནང་བ་ལྟར། ཨ་ཁུ་ཕུན་ཚོགས་དང་དཔལ་ལྡན་གཉིས་ཀྱིས་གུར་སྒར་ཁང་དགོན་དུ་བསྒྱུར། མཆོད་ཁང་དང་ནང་རྟེན་སོགས་འབྲིང་ཙམ་བཞེངས། སྨར་ཁམས་སྐུ་ཕྲེང་བདུན་པ་བློ་བཟང་བསྟན་འཛིན་རྒྱ་མཚོའི་སྐབས། སྐུ་གཞོགས་ཨ་རོལ་ཚང་གིས་སྤྲེལ་ནག་ཕྱོགས་འདིར་དུས་འཁོར་དབང་ཆེན་གནང་། དེའི་དུས་དགོན་འདིའི་བླ་གྲྭ་ཚང་མར་ཁྱེད་རྣམས་ཀྱི་དགོན་པ་འདི་ལྷ་མོ་དྲེལ་ཞེས་གྲགས་པའི་གནས་དེར་སྤར་ན་ལེགས་ཚུལ་གསུངས་མོད། ས་ཁྱི་ལོའི་དུས་ཟིང་མྱུར་བར་ལངས་བྱུང་བས་སྟེང་དུ་མ་སོང་། སྐབས་དེར་བླ་མ་གཅིག་དང་གྲྭ་བཙུན་ཉེར་ལྔ་ཙམ་བཞུགས། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་དད་རང་མོས་རང་དབང་གི་སྲིད་ཇུས་ལག་ལེན་དུ་བསྟར་བ་དང་མཉམ་དུ། སྔོན་བྱོན་སྐྱེས་ཆེན་དུ་མའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་ལྷ་མོ་དྲེལ་དུ་དགོན་གཞི་བཟུང་བ་དང་། སྨར་ཁམས་བློ་བཟང་བསྟན་འཛིན་རྒྱ་མཚོ་དང་ཨ་ཁུ་དགེ་བཟང་གཉིས་ཀྱིས་གཙོ་འགན་བཞེས་ནས་དགོན་པ་བསྐྱར་བཞེངས་ཀྱི་ལས་འགན་ཁུར་དུ་བཞེས། སྤྱི་ལོ༡༩༩༡ལོར་གུང་ཧོ་རྫོང་མི་དམངས་སྲིད་གཞུང་གིས་དངོས་སུ་ཆོག་མཆན་བཀོད་ནས་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཚོགས་བཙུགས་ཏེ་ལས་སྣེ་མི་སྣ་བསྐོ་བཞག་བྱས། ད་ལྟ་དགོན་འདིར་ལྷ་ཁང་ཆུང་བ་ནང་རྟེན་དང་བཅས་པ་གཅིག་དང་། མ་ཎི་འཁོར་ལོ་ཉིས་བརྒྱ་ལྔ་བཅུ།ནང་ཆེན་བཞི། འདུ་ཁང་གྱན་ལྔ་བཅུ་ནང་རྟེན་དང་བཅས་པ་དང་། བཀའ་བསྟན་ཚར་བཅུ། གསུང་འབུམ་སྣ་ཚོགས་པོ་ཏི་ཉིས་བརྒྱ་ལྷག་ཡོད།
     གྲྭ་བ་དགུ་བཅུ་ལྷག་དང་བླ་མ་གཉིས་བཞུགས་ལ།བཀའ་རབ་འབྱམས་སྨྲ་བའི་དབང་བོ་ཆུ་སྐྱ་ཞབས་དྲུང་བློ་བཟང་ལེགས་བཤད་ཉི་མ་མཆོག་ནས་ཀྱང་ཆོས་དང་ཟང་ཟིང་གིས་གཞན་འགྲན་མེད་པར་བསྐྱངས་པ་དང་བྱེ་བྲག་ཏུ་འཇམ་མགོན་བླ་མའི་ཕྱག་བཞེས་ཇི་ལྟ་བ་བཞིན་བཙུགས་ཏེ་བཤད་སྒྲུབ་གཉིས་ཀྱི་སྒོ་འཕར་ཡངས་པོར་ཕྱེ། འཐེབ་བརྒྱའི་གནས་བརྟན་ཆེན་པོ་བསམ་གཏན་རྒྱ་མཚོས་ཀྱང་ལུགས་གཉིས་ཀྱི་བགྱི་བ་མི་དམན་པ་གནང་། མདོར་ན་གོང་གསལ་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་དགོན་པའི་ཆོས་སྲིད་ཀྱི་ལེགས་ཚོགས་མཐའ་དག་ཡར་ངོའི་ཟླ་བའི་དཔལ་ལ་འགྲན་བཞིན་གནས་པ་འདི་ལགས་སོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...