སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-15 11:29:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ།།
     མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་།།
     མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས།།
     ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ།།
     ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་ལོ་རྒྱུས་མདོ་ཙམ་གླེང་བ་ལ། དགོན་སྡེ་འདི་ནི་བླ་ཆེན་པོ་དགོངས་པ་རབ་གསལ་གྱིས་སྤྱི་ལོའི་དུས་རབས10བའི་སྐབས་ཐོག་མར་ཕྱག་འདེབས་མཛད་ཅིང་། དེ་སྔོན་མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ་དཔལ་མི་འགྱུར་བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་། སད་མི་བདུན་སོགས་རབ་ཏུ་བྱུང་ནས་བསྟན་པའི་གཞི་མ་དགེ་འདུན་གྱི་གཞི་བཙུགས་ཏེ། བོད་ཡུལ་གངས་ཅན་གྱི་ལྗོངས་འདིར་རྒྱལ་བསྟན་ཉིན་མོ་ལྟར་གསལ་བར་མཛད་པ་བཞིན། བསྟན་པ་ཕྱི་དར་སྐབས་བོད་ཀྱི་མཁས་པ་མི་གསུམ་དན་ཏིག་ཤེལ་གྱི་ཡང་དགོན་དུ་ཕེབས་ནས་བླ་ཆེན་པོ་དགོངས་པ་རབ་གསལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས། ཕྱིས་སུ་ཁོང་རྣམས་ཀྱིས་བསྟན་པ་སྤེལ་ཕྱིར་གནས་འདིར་ཕེབས་ནས། སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བསུ་དུས་རྟེན་སྐལ་དུ་གནང་བའི་ཇོ་བོ་ཤཱཀྱ་མུ་ནེ་ལྷ་སར་གདན་འདྲེན་སྐབས་གནས་འདིར་བཞུགས་པའི་བཞུགས་ཁྲི་ལ་རྟེན་གཞིར་བཅས་ནས་དགོན་སྡེ་འདི་ཉིད་གསར་འདེབས་མཛད། ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་དབུས་གཙང་གི་མི་བཅུ་བསྙེན་པར་རྫོགས་ཤིང་། འདུལ་བའི་སྡེ་སྣོད་སོགས་ལ་སློབ་གཉེར་མཐར་ཕྱིན་རྗེས་བསྟན་པའི་གཞི་མ་འདུལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་དབུས་གཙང་དུ་སླར་ཡང་དར་བར་མཛད་པས། ཆོས་སྡེ་འདི་ཉིད་ཕྱི་དར་བསྟན་པའི་འབྱུང་གནས་སུ་གྱུར། ཙོང་ཁའི་རྒྱལ་པོས་མདོ་སྨད་དུ་དབང་བསྒྱུར་སྐབས་ཆོས་སྡེ་འདི་ཉིད་རྟེན་གཞིར་བྱས་ཏེ་རྒྱལ་པོའི་ཕོ་བྲང་བཞེངས་ཤིང་ལྕགས་རིས་བསྐོར། ཧོར་རྒྱལ་པོ་གོ་ཏན་དང་སེ་ཆེན་རྒྱལ་པོས་ས་སྐྱ་པཎ་ཆེན་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་སྤྱན་འདྲེན་སྐབས་གནས་འདིར་ཞབས་སོར་འཁོད་དེ་ཆོས་སྲིད་ཀྱི་བྱ་བཞག་རླབས་ཆེན་བསྒྲུབས་གནང་མཛད། གྲུབ་པའི་དབང་ཕྱུག་ཀརྨ་རོལ་བའི་རྡོ་རྗེ་དང་། ཆོས་རྗེ་དོན་གྲུབ་རིན་ཆེན་རྣམ་གཉིས་ཀྱིས་རྗེ་རིན་པོ་ཆེ་སྐུ་ན་ཕྲ་དུས་ཆེས་སྡེ་འདི་ཉིད་དུ་ཆོས་ཀྱི་བདུད་རྩི་ཅི་དགར་བསྩལ། ཁྱད་པར་དགོན་འདིའི་བླ་མ་གྲགས་པ་བསོད་ནམས་ལ་གོང་མ་ཡུང་ལོས་གཱོ་ཤྲིར་མིང་གི་ཅོད་པན་བསྩལ་ཏེ་དགོན་སྡེ་འདི་ཉིད(སྤྱི་ལོ1412ལོར)བསྐྱར་བཞེངས་མཛད་པ་དང་། གོང་མ་ཡུང་ལོས་ཆོས་སྡེ་རྣམ་གསུམ་རྒྱ་ནང་དུ་གདན་འདྲེན་སྐབས་དགོན་འདིར་བཞུགས་ཤིང་བསྟན་འགྲོའི་དོན་རྒྱ་ཆེར་མཛད། རྒྱལ་བ་བསོད་ནམས་རྒྱ་མཚོ་དང་གོང་ས་ལྔ་བ་ཆེན་མོ་རྣམ་གཉིས་སྔ་རྗེས་སུ་སོག་ཡུལ་དུ་ཕེབས་སྐབས་གནས་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། མིང་གོང་མ་མིན་ཀྲིན་ཁྲི་ལོ་བརྒྱད་པ་ནས་བཅུ་བཞི(སྤྱི་ལོ1443ནས1449ལོ)བར་དུ་ཙོང་ཁ་དགོན་པའི་བླ་མ་བསོད་ནམས་སྟོབས་རྒྱས་ཀྱིས་ལོ་བདུན་གྱི་དུས་ཡུན་ནང་ཁྲང་ཨན་གྱི་ཁྲུང་ཆུང་མཆོད་རྟེན(ཤོད་ཡན་ཐ)དང་ཅིན་ཧྥོ་དགོན་ཉམས་གསོ་བགྱིས་པས་གོང་མས་ཆེད་དུ་ཆེ་བསྟོད་དུ་རྡོ་རིང་ངོས་ལ་བཀའི་ཡི་གེ་འཁོད་པ་ད་ལྟའང་གནས་དེ་གར་ཡོད་དོ།།
     ཕྱིས་སུ་གོང་མ་ཆན་ལུང་གིས་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་མཆོག་རྒྱ་ནག་ཏུ་གདན་དྲངས་དུས་མཚོ་སྔོན་དུ་ཟླ་ལྔ་ལྷག་རིང་བཞུགས་པ་ལ། ཆོས་སྡེ་འདི་ཉིད་དགུན་གྱི་ལྷགས་རླུང་ནང་ཆང་གིས་འདམ་བརྫིས་ཏེ་བསྐུར་བཞེངས་མཛད་དེ་ཁོང་ཉིད་ལ་ཕུལ་བས། སྐབས་འདི་ཉིད་ནས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་སར་གྱུར། ཁོང་གིས་ཉིད་ཀྱི་ཐུགས་སྲས་ཀུན་མཁྱེན་འཇིགས་མེད་དབང་བོ་དགོན་འདིའི་མཁན་པོར་མངའ་གསོལ་ཏེ་བདག་སྐྱོང་ལེགས་པར་མཛད། དེ་ནས་བོད་སོག་གི་བླ་དཔོན་ཆེ་གྲས་རྣམས་ཟི་ལིང་དུ་ཕེབས་སྐབས་གནས་སྡོད་དང་གཞུང་དོན་སྒྲུབ་སའི་ལྟེ་གནས་ཤིག་ཏུ་གྱུར་བ་དང་། པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་ཀྱང་དགོན་འདིར་ཡུན་རིང་བཞུགས། དུས་རབས་སྔ་མའི་ལོ་རབས་ལྔ་བཅུའི་ནང་དུ། རྒྱལ་ཁབ་གསར་བ་དབུ་བརྙེས་པ་དང་བསྟུན། ནུབ་བྱང་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་གཞོན་པ། ད་ལྟའི་གཙོ་འཛིན་ཞི་ཅིན་ཕིང་གི་ཕ་ཡབ་ཞི་ཀྲུང་ཞོན་ལགས་ཀྲུང་དབྱང་གིས་ཆེད་མར་ཟི་ལིང་དུ་མངགས་ཡོང་སྟེ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དང་བོད་སྐྱོང་ཐད་ཀྱི་དོན་ཆེན་མང་པོ་ཞིག་འདི་ནས་བཀའ་བགྲོས་མཛད་ཅིང་། དབུས་གཙང་དུ་ཆིབས་བསྒྱུར་གནང་རྒྱུར་སྐྱེལ་མ་མཛད། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་ནང་བླ་བྲང་དགོན་པས་དགོན་སྡེ་འདི་ཉིད་ཞིང་ཆེན་ནང་བསྟན་མཐུན་ཚོགས་ལ་གཏད་དེ། ཟི་ལིང་གྲོང་ཁྱེར་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་གདམས་ཤིང་། 2004ལོར་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས་དགོན་པ་འདི་ཉིད་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་ཚ་པུས་མདོ་དགོན་པའི་འཁོན་རིགས་གདན་ས་བ་སྒར་བ་ངག་དབང་བཟང་བོ་མཆོག་གདན་སར་གཏད། སྐབས་འདི་ཉིད་ནས་ཁོང་གིས་དགོན་འདི་བསྐྱར་བཞེངས་ཀྱི་འགན་ཁུར་དུ་བླངས་ཤིང་། སྤྱི་ལོ2004ལོའི་དབྱར་ཟླ་དྲུག་པའི་ཚེས་བཞི་ཉིན་རྟེན་བརྟེན་པ་བསྐྱར་བཞེངས་ཀྱི་མགོ་ཚུགས་པ་དང་། རིམ་པ་སོ་སོའི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་དང་བསྟན་པའི་སྦྱིན་བདག་འཇིགས་མེད་རབ་གསལ་དང་། རིན་ཅན་ཅོན། བང་གོ་ཤན། ཙང་ཐན་སོ། ཀྲིག་ཞི་ཧྥང་དང་མགོན་པོ་ལྷུན་གྲུབ་སོགས་ཀྱིས་མཐུན་རྐྱེན་དཔེར་མེད་སྦྱར་བ་ལ་བརྟེན་ནས། 2014ལོའི་ཟླ6པར་རྟེན་དང་བརྟེན་པ་མ་ལུས་ཡོངས་སུ་ལེགས་འགྲུབ་བྱུང་སྟེ་རབ་གནས་མཛད་སྒོ་རྒྱ་ཆེར་སྤེལ།
     ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་དགོན་པ་འདི་ཉིད་སླར་གསོ་བྱེད་པའི་དགོས་པ་ནི། སྔར་གནས་འདིར་ཞབས་སོར་བཀོད་པའི་སྔོན་བྱོན་དམ་པ་རྣམས་ཀྱི་ཆོས་སྲིད་མཛད་འཕྲིན་དང་སྐུ་དྲིན་རྗེས་སུ་དྲན་པ་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ། ཁྱད་པར་པཎ་ཆེན་རིན་པོ་ཆེ་ཁོང་གི་རྒྱལ་གཅེས་ཆོས་གཅེས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་དང་དར་སྤེལ་བྱེད་སའི་སློབ་གསོའི་ལྟེ་གནས་གལ་ཆེན་ཞིག་ཏུ་འགྱུར་བ་དང་། རྒྱ་ཆེ་བའི་དད་ལྡན་མང་ཚོགས་རྣམས་ཀྱི་ཆོས་ལུགས་དད་མོས་ཀྱི་དགོས་མཁོ་ལེགས་པར་སྐོང་རྒྱུ་སོགས་ལ་དམིགས་ཏེ་བསྐྱར་བཞེངས་ལེགས་གྲུབ་བྱུང་བ་འདི་ཡིན་ནོ།།
     ལེགས་བཤད་རི་མོ་བཀྲ་བའི་ལུང་གི་གོས།། རྣམ་དཔྱོད་གསེར་གྱི་ཡུ་བ་ལ་བརྟེན་ཅིང་།།
     བསླབ་གསུམ་ནོར་བུའི་ཏོག་གིས་རབ་མཚན་པའི།། བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་ཚུགས་པར་ཤོག།།
     གནས་འདིར་བྱིན་རླབས་དཔལ་འབྱོར་མི་ཉམས་ཤིང་།། བསམ་སྦྱོར་ངན་པའི་གདུག་རྩུབ་ཞི་བ་དང་།།
     ལྷག་བསམ་རྣམ་དག་བསྟན་པའི་ཁུར་འཛིན་པའི།། དགེ་འདུན་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག།།
     བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན།། བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ།།
     བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས།། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།།
ཟི་ལིང་ཙོང་ཁ་དགོན་དམངས་གཙོ་དོ་དམ་ཁང་ནས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...