སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྷ་ས་གཙུག་ལག་ཁང་གི་བྱང་ངོས་ཀྱི་ཚེ་སྨོན་གླིང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-11-6 9:59:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
      ཚེ་སྨོན་གླིང་དགོན་པ་དེ་ལྷ་ས་གཙུག་ལག་ཁང་གི་བྱང་ངོས་སུ་གནས་ཡོད་ཅིང་། དེ་ནི་ལྷ་སའི་གླིང་བཞིའི་ཡ་གྱལ་ཡིན།
      ཐོག་མར་ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐུ་གཤེགས་རྗེས་བོད་ཀྱི་སྲིད་སྐྱོང་གནང་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པར་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ཕྱག་རོགས་ཞུ་མྱོང་ཡོད་པ་མ་ཟད།   མན་ཆིང་གོང་མ་ཆན་ལུང་གི་བཀའ་ཕབ་པ་ལྟར་པེ་ཅིང་དུ་ཕེབས་པས་རྒྱ་བོད་མི་རིགས་གཉིས་ཀྱི་མཛའ་མཐུན་ལ་ཕན་འབྲས་དང་མཛད་རྗེས་བླ་ན་མེད་པ་འཇོག་གནང་མཛད།  ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པ་འཇམ་དཔལ་ཚུལ་ཁྲིམས་མཆོག་གིས་ཚེ་སྨོན་གླིང་དགོན་པ་ཕྱག་བཏབ་པ་མ་ཟད་རབ་བྱུང་བཅུ་བཞི་པའི་ས་ཡོས(སྤྱི་ལོ1819ལོ)ནས་རབ་བྱུང་བཅུ་བཞི་པའི་ཤིང་འབྲུག(སྤྱི་ལོ1844ལོ)སྟེ་ལོ་ངོ་ཉི་ཤུ་རྩ་ལྔའི་རིང་བོད་ཀྱི་སྲིད་སྐྱོང་གནང་བ་དང་དགའ་ལྡན་ཁྲི་པ་ཡང་གནང་ཐུབ་པ་བྱུང་ཡོད།
      མཐའ་བསྐོར་དུ་ཐོག་སོ་གཉིས་ལྡན་གྱི་ཤག་སྐོར།  ཤར་གཙུག་ལག་ཁང་ལ་ཕོ་བྲང་དཀར་པོ་དང་།  ནུབ་ཀྱི་གཙུག་ལག་ཁང་ལ་ཕོ་བྲང་དམར་པོ་ཀ་བ་གཉི་ཤུ་ཡོད་པའི་འདུ་ཁང་དང་།  ལྷ་ཁང་།  དགོན་ཁང་། མཛོད་ཁང་། སྒོ་འཕྱོར།  དཀར་ཆ་དོད་པའི་རབ་གསལ་སོགས་བཟོ་བཀོད་ཤིན་ཏུ་ལེགས་པོ་ཡོད་པ་དང་།  ད་དུང་ཕྱག་དཔེ་ཁང་གི་ཀུན་དགའ་རྭ་བའི་སྟེང་བཀའ་འགྱུར་དང་།  བསྟན་འགྱུར།  གསུང་འབུམ།  ལོ་རྒྱུས།  རིག་གནས་སོགས་ཀྱི་རྩ་ཆེའི་ཕྱག་དཔེ་ཉིས་ཁྲི་ལྷག་ཡོད་པར་གྲགས།   དེ་མིན་སྐུ་གསུང་ཐུགས་རྟེན་ནི་བརྗོད་ཀྱིས་མི་ལངས་པ་ཡོད་པ་སྟེ།  དངུལ་ལས་གྲུབ་པའི་སྒྲོལ་མ་དང་།  གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པ།  རྗེ་ཙོང་ཁ་པ་སོགས་ཀྱི་སྐུ་བརྙན་དང་།  ཡི་དམ་དང་སྲུང་མ་རྟ་མགྲིན་བཅས་པའི་སྐུ་བརྙན།   ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པ་འཇམ་དཔལ་ཚུལ་ཁྲིམས་ཀྱི་དངུལ་གདུང་དང་།   སྐུ་ཕྲང་གསུམ་པ་བསྟན་པའི་རྒྱལ་མཚན་གྱི་དངུལ་གདུང་ཐོག་ཚད་ལོན་པ།  སྐུ་ཕྲེང་བཞི་པ་ཐུབ་བསྟན་མཁས་གྲུབ་མཆོག་གི་གསེར་གདུང་།  སྐུ་ཐང་འཚེམ་དྲུབ་མ་སོགས་གྲངས་ལས་འདས་པ་ཡོད་པར་གྲགས།  ཚེ་སྨོན་གླིང་དེ་ལོ་རྒྱུས་ཐོག་གཙོ་གནད་ཆེ་བ་ཞིག་ཡིན་པ་སྟེ། སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་དང་།  སྐུ་ཕྲེང་གཉིས་པ་འཇམ་དཔལ་ཚུལ་ཁྲིམས།  སྐུ་ཕྲེང་བཞི་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་བཅས་ཀྱིས་ལོ་མང་རིང་བོད་ཀྱི་སྲིད་ཚབ་གནང་མྱོང་ཡོད་ལ་སྐུ་ཐོག་གཉིས་པ་དང་བཞི་པ་རྣམ་གཉིས་དགའ་ལྡན་ཁྲི་པ་ཡང་གནང་མྱོང་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...