སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྷ་སའི་ཞོ་སྟོན་ལ་འབྲས་སྤུངས་དགོན་དུ་གོས་སྐུ་བཤམས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-23 14:41:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།

     སྤྱི་ཟླ8ཚེས21ཉིན་ནི་བོད་ཟླ6པའི་ཚེས30ཉིན་ཡིན་ཞིང་། ལོ་རེར་ཐེངས་རེའི་ཞོ་སྟོན་གྱི་ཉིན་དང་པོ་ཡིན་པ་དང་། ལྷ་སའི་འབྲས་སྤུངས་དགོན་དུ་གཟབ་རྒྱས་ཆེ་བའི་གོས་སྐུ་བཤམས་པས། དད་ལྡན་མང་ཚོགས་དང་ཡུལ་སྐོར་བ་འབོར་ཆེན་འབྲས་སྤུངས་སུ་འདུས་པ་རེད།
     ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀ་ལྷག་ཙམ་ལ། ཆར་ཟིམ་ཟིམ་དུ་འབབ་ཅིང་། དགེ་འདུན་པ་བརྒྱ་ལྷག་དང་དད་ལྡན་མི་ཚོགས་ཀྱིས་སྨི་གྲུ་བཞི་མ་སྟོང་ཡན་ཟིན་པའི་རྒྱལ་བ་བྱམས་པའི་ཞལ་ཐང་བཏེག་ཏེ་དལ་མོའི་ངང་འབྲས་སྤུངས་དགོན་རྒྱབ་རི་སྐེད་ཀྱི་གོས་སྐུ་གཤོམ་སྟེགས་ཕྱོགས་སུ་འགྲོ་བཞིན་ཡོད། སྐབས་དེར། གོས་སྐུ་གཤོམ་སྟེགས་འོག་ཏུ་མི་ཚོགས་བགྲང་གི་མི་ལངས་པ་དང་འདུས་ཡོད་ལ། བསང་དུད་ལང་ལོང་དུ་འཕྱུར་བཞིན་ཡོད།
    ཆུ་ཚོད་8ལྷག་གི་ཐོག་ཏུ། དར་ལིང་སྲབ་མོའི་ཡོལ་བ་དལ་མོའི་ངང་ཕྱེ་བ་དང་རྒྱལ་བ་བྱམས་པའི་གོས་སྐུ་མང་ཚོགས་ཀྱི་མིག་ལམ་དུ་བཤམས་ཤིང་། ཞལ་ཐང་ཆེན་པོ་འདི་ནི2016ལོར་འབྲས་སྤུངས་དགོན་ཕྱག་བཏབ་ནས་ལོ་ངོ600འཁོར་བའི་དུས་ལ་བཞེངས་པ་རེད། དད་ལྡན་མང་ཚོགས་ཀྱིས་ཁ་འདོན་བྱེད་བཞིན་དུ། ལྷག་བསམ་མཚོན་བྱེད་ཀྱི་ཁ་བཏགས་འདྲ་མིན་རྒྱལ་བ་བྱམས་པའི་གོས་སྐུར་ཕུལ་ནས་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་པ་དང་། ཡུལ་སྐོར་བ་ཚོས་ཀྱང་སོ་སོས་དྲན་རྟེན་གྱི་བརྙན་པར་བླངས་ནས་ཐོབ་དཀའ་བའི་གོ་སྐབས་འདི་དམ་འཛིན་བྱེད་བཞིན་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཞོ་སྟོན་ནི་ཟླ8པའི་ཚེས21ཉིན་ནས་ཚེས27ཉིན་བར་གཏོང་རྒྱུ་ཡིན་པ་དང་། ཐེངས་འདིའི་ཞོ་སྟོན་གྱི་རིང་ལ། ལྷ་ས་གྲོང་ཁྱེར་དུ་ལྷ་མོའི་ཟློས་གར་འཁྲབ་སྟོན་དང་གནམ་མཚོའི་རྐང་ཐང་ཚོགས་ཆེན་སྐབས་བཅུ་གཅིག་པ། ཀྲུང་གོའི་ལྷོ་ནུབ་ཞིང་ལྗོངས་གྲོང་ཁྱེར་དྲུག་གི་བརྙན་ལེན་འགྲེམས་སྟོན། དགའ་སྤྲོ་འཁོལ་བའི་ཞོ་སྟོན་ཏེ“ཞོ་དང་། ཞིམ་ཟས། རོལ་དབྱངས”གཟའ་འཁོར་སོགས་ཀྱི་བྱེད་སྒོ་སྤེལ་བ་ཕུད། ད་དུང་དོ་ཁུར་བྱ་རིན་ཡོད་པ་ཞིག་ལ། ལོ་མང་ཕྱིན་རྗེས་སླར་ཡང་བསྐྱར་གསོ་བྱེད་པའི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་ཟླ8པའི་ཚེས23ཉིན་གྱི་སྔ་དྲོའི་ཆུ་ཚོད10:30ཐོག་ལྷ་ས་གྲོང་ཁྱེར་རྟ་རྒྱུག་ར་བར་སྤེལ་རྒྱུ་ཡིན་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...