སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བཀྲ་ཤིས་ལྷུན་པོ་དགོན་གྱི་དཔེ་མཛོད་ཁང་སེར་སྐྱ་མང་ཚོགས་ལ་སྒོ་ཕྱེ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-29 10:52:00 རྩོམ་ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས།
     ཟླ8ཚེས26ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་དགོན་ནས་ཤེས་རྟོགས་བྱུང་གསལ་དུ། བཀྲ་ཤིས་ལྷུན་པོ་དགོན་གྱི་དཔེ་མཛོད་ཁང་སྟེ་སྐལ་བཟང་ཐོས་བསམ་འདུ་ཁང་སེར་སྐྱ་མང་ཚོགས་ལ་སྒོ་ཕྱེ་ཡོད་པ་རེད། ཟླ8པའི་ཚེས4ཉིན་བཀྲ་ཤིས་ལྷུན་པོ་དགོན་གྱི་བྱམས་པ་ལྷ་ཁང་དང་རྣམ་རྒྱལ་ལྷ་ཁང་གཉིས་ཀྱི་དཀྱིལ་དུ་དེ་སྔོན་ཡོད་པའི་པཎ་ཆེན་སྐུ་ཕྲེང་བདུན་པའི་སྐུ་གདུང་མཆོད་རྟེན་ལྷ་ཁང་དུ་བསྐྲུན་པའི་དཔེ་མཛོད་ཁང་དངོས་སུ་ལེགས་གྲུབ་བྱུང་བ་རེད།
     བཀྲ་ཤིས་ལྷུན་པོ་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྫོང་དཀར་ངག་ལྡན་གྱིས་དཔེ་མཛོད་ཁང་ནི2015ལོའི་ལོ་མཇུག་ལ་སྐྲུན་འགོ་ཚུགས་པ་དང་། སྤྱིའི་བཟོ་བཀོད་ནི་ཤིང་རྡོ་ལས་གྲུབ་པའི་ཐོག་བརྩེགས་རིམ་པ་གསུམ་ཅན་ཞིག་ཡིན་ལ། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཆིག་སྟོང་ལྷག་ཙམ་ཡོད་པ་རེད། ཨར་ལས་ལ་མ་དངུལ་གཏོང་གྲངས་དང་། ནང་ཁུལ་སྒྲིག་བཟོ། བརྐོས་རིས། ལྡེབས་རིས། དཔེ་ཆ་ཁ་སྣོན། ལྷ་སྐུ་གསར་བཞེངས་སོགས་ཀྱི་མ་དངུལ་ཚང་མ་བཀྲ་ཤིས་ལྷུན་པོ་དགོན་གྱིས་རང་གྲབས་བྱས་པ་ཡིན་ཞེས་བརྗོད་པ་རེད།
     ཁོང་གིས་དཔེ་མཛོད་ཁང་གསར་འཛུགས་བྱས་པ་ནི་སེར་སྐྱ་མང་ཚོགས་ཀྱི་དཔེ་ཀློག་དགོས་མཁོ་སྐོང་ཆེད་ཡིན་པ་དང་། ལས་གྲྭ་ལེགས་གྲུབ་བྱུང་རྗེས་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད། དཔེ་མཛོད་ཁང་གསར་པའི་ཐོག་བརྩེགས་དང་པོར་ཚེ་དཔག་མེད་ཀྱི་གསེར་ཟངས་སྐུ་བཞེངས་ཡོད་པ་དང་། མཐའ་སྐོར་དུ་སྒྲོལ་མ་སྐུ་སྟོང་དང་། པཎ་ཆེན་རིམ་བྱོན་གྱི་སྐུ་འདྲ། རྗེ་རིན་པོ་ཆེ་ཡི་སྐུ་འདྲ་སོགས་ཡོད་པ་རེད། ཐོག་བརྩེགས་གཉིས་པར་དེང་རབས་དཔེ་ཆ་བཟོ་སྟངས་རྒྱ་ཡིག་དང་བོད་ཡིག་གི་ནང་བསྟན་གྱི་དཔེ་ཆ་མང་པོ་བསྒྲིགས་ཡོད་པ་རེད། ཐོག་བརྩེགས་གསུམ་པར་གསེར་བྲིས་ཀྱི་བཀའ་བསྟན་འགྱུར་དང་པཎ་ཆེན་རིམ་བྱོན་གྱི་གསུང་འབུམ་སོགས་དཔེ་དེབ4000ལ་ཉེ་བ་བསྒྲིགས་ཡོད་པ་རེད།
     རྫོང་དཀར་ངག་ལྡན་གྱིས་དཔེ་མཛོད་ཁང་གསར་པར་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གླེགས་བམ་ཡོད་པ་མ་ཟད། གཞན་ད་དུང་ས་སྐྱ་པ་དང་། རྙིང་མ་པ། བཀའ་བརྒྱུད་པ་བཅས་ཀྱི་གླེགས་བམ་ཡང་ཡོད་པ་རེད། དཔེ་མཛོད་ཁང་གསར་པ་ཇུས་འགོད་བྱེད་སྟངས་ནི་དེང་གི་དཔེ་མཛོད་ཁང་དང་གཅིག་འདྲ་ཡིན་ལ། མདུན་ཅོག་དང་རྐུབ་སྟེགས་སོགས་ཀྱང་བསྒྲིགས་ནས་དཔེ་ཀློག་པ་ཚོར་སྟབས་བདེ་བསྐྲུན་ཡོད་ཅེས་བརྗོད་པ་རེད།
     ཁོང་གིས་ད་དུང་དཔེ་མཛོད་ཁང་དུ་ད་ལྟ་བླ་མ་སྐྱེས་ཆེན་བཅུ་དང་དམངས་ཁྲོད་ཀྱི་དགེ་རྒན་བརྒྱད་ཀྱིས་བཀའ་འགྱུར་བཤུ་འབྲི་ཕྱག་ལས་གནང་བཞིན་ཡོད། གལ་སྲིད་བཀའ་འགྱུར་གྱི་ནང་དོན་ཚང་མ་བཤུ་འབྲི་ཚར་དགོས་ན་བླ་མ་སྐྱེས་ཆེན་དང་དམངས་ཁྲོད་དགེ་རྒན་སུམ་ཅུ་ཡིས་ལོ་བདུན་གྱི་དུས་ཚོད་དགོས་པ་རེད། གཞན2016ལོ་ནས་བཟུང་དཔེ་མཛོད་ཁང་གིས་གསེར་བྲིས་བཀའ་འགྱུར་ཆ་ཚང་བཤུ་འབྲི་བྱེད་འགོ་བརྩམས་ཡོད་ཅེས་བཤད་པ་རེད།
     བཀྲ་ཤིས་ལྷུན་པོ་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་རིང་གིས་ད་ལྟ་བཀྲ་ཤིས་ལྷུན་པོ་དགོན་དུ་དགེ་འདུན887ཡོདཅིང་། གླེགས་བམ་ལེགས་སྒྲིག་དང་སྒྲིག་གཤོམ་གྱི་ལས་ཀ་བྱེད་བཞིན་ཡོད་པ་དང་། དཔེ་མཛོད་ཁང་གསར་དུ་བསྐྲུན་པ་དེས་དགོན་པ་འདིའི་དགེ་འདུན་པ་ཚོས་གསུང་རབ་ཞིབ་ཀློག་པ་དང་ནང་ཆོས་ཉམས་ལེན་ཞིབ་འཇུག་བྱེད་པར་ཁོར་ཡུག་སྔར་ལས་ལེགས་པོ་ཞིག་བསྐྲུན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...