སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མདོ་སྨད་འཇང་དགུན་ཆོས་ཐེངས་ཉེར་གསུམ་པ་རེབ་གོང་རོང་བོ་དགོན་ཆེན་དུ་ཚོགས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-9-25 14:50:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མདོ་སྨད་འཇང་དགུན་ཆོས་ཐེངས་ཉེར་གསུམ་པ་རེབ་གོང་རོང་བོ་དགོན་ཆེན་ནས་ཚོགས་པ།


མདོ་སྨད་འཇང་དགུན་ཆོས་ཐེངས་ཉེར་གསུམ་པའི་ཚད་ཆེན་གྱི་དམ་བཅའ་བ་དང་རྟགས་གསལ་གཏོང་མཁན།

ཡུལ་དངོས།

     ཧོར་ཟླ8པའི་ཚེས3ནས12བར། མདོ་སྨད་འཇང་དགུན་ཆོས་ཐེངས་ཉེར་གསུམ་པ་དེ་རེབ་གོང་རོང་བོ་དགོན་ཆེན་དུ་ཚོགས་ཤིང་། ཚད་མ་སྡེ་བདུན་མདོ་དང་བཅས་པ་ལ་རྩོད་པའི་སྒོ་ནས་ལེགས་པར་སྦྱོང་བའི་ལམ་སྲོལ་ཁྱད་པར་ཅན་འཇང་དགུན་ཆོས་ཆེན་མོ་ནི་རྒྱལ་དབང་བདུན་པའི་དུས་ནས་འགོ་ཚུགས་པ་ཡིན་ལ། འདི་ཉིད་ནི་གདན་ས་སེ་འབྲས་དགེ་གསུམ་དང་། མངའ་དྭགས་རྒྱལ་གསུམ། རྭ་བ་སྟོད་པ། གཙུག་ལག་ཁང་བཅས་ཀྱི་རིགས་པ་སྨྲ་བ་སྟོང་ཕྲག་མང་པོ་ལྷ་ས་ནས་ལེ་བར་ལྔ་བཅུའི་མཚམས་ཀྱི་འཇང་ཞེས་པའི་དགོན་པ་ཞིག་ནས་འཚོག་དགོས་པས་འཇང་དགུན་ཆོས་ཞེས་སུ་མིང་ཐོགས་པ་ཡིན། ད་ལྟའི་བར་གངས་ཅན་པའི་ཡུལ་དུ་རིགས་པ་སྨྲ་བའི་དབང་ཕྱུག་མང་པོ་ཐང་མར་བརྡལ་པ་ནི་ཆོས་ཐོག་འདིའི་བཀའ་དྲིན་ལས་བྱུང་བ་ཡིན་ཞེས་ཀུན་གྱིས་གླེང་ལ། རང་རེའི་མདོ་སྨད་དུ་སྤྱི་ལོ1995ལོ་ནས་གསར་འཛུགས་མཛད་ནས་ད་ལྟའི་བར་དུ་ཐེངས་ཉེར་གསུམ་ཚུགས་པ་ཡིན། ལམ་སྲོལ་ཁྱད་པར་ཅན་འདི་ཚུགས་པ་ལ་བརྟེན་ནས་མདོ་སྨད་གྱི་དགོན་སྡེ་དག་གི་ཕན་ཚུན་གྱི་མཛའ་མཐུན་དང་། ཆོས་འཆད་ཉན། བསླབ་པ་སློབ་གཉེར་སོགས་ལ་སྔར་མེད་ཀྱི་ནུས་པ་ཐོན་པ་མ་ཟད། ཐུགས་མཐུན་ཁྲིམས་གཙང་བའི་ངོས་ནས་འཆད་རྩོད་རྩོམ་གསུམ་དང་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་ལ་བླ་ན་མེད་པའི་ནུས་པ་ཐོན་ཡོད་དོ།།
ད་ཐེངས་ཕེབས་ཡོད་པའི་དགོན་པ་དག་གི་མཚན་ཐོ།
     རྭ་རྒྱ་དགོན་པ། བྱ་ཁྱུང་དགོན་པ། གཙང་དགོན་པ། སྤྲེལ་རྫོང་དགོན་པ། ལྷ་མོ་ཀིརྟི་དགོན་པ། རྐང་ཚ་དགོན་པ། ངྷི་ཚ་དགོན་པ། མཐོ་ལས་དགོན་པ། ཟིལ་དཀར་དགོན་པ། མང་དགེ་དགོན་པ། ལྷ་མོ་རྩེ་དགོན་པ། བུ་དགུ་དགོན་པ། ཐར་སྟོན་དགོན་པ། ཚོ་བདུན་ཀིརྟི་དགོན་པ། གཙོས་དགོན་པ། ཁ་དཀར་དགོན་པ། གསེར་ལག་དགོན་པ། འཁྱམས་རི་དགོན་པ།  དབོན་པོ་དགོན་པ།  དགོན་པ་སོ་མ། ཐར་ཤུལ་དགོན་པ། རྫོང་དཀར་དགོན་པ། གྱ་ས་མགར་རྩེ་དགོན་པ། རྡོ་སྦིས་དགོན་པ། ལུང་བཟང་དགོན་པ། སེར་ཤུལ་དགོན་པ། རྔ་བ་སྒོ་མང་དགོན་པ། ཤུལ་དམ་དགོན་པ། མགར་ཐར་དགོན་པ། ཆས་གཤིས་དགོན་པ། ཀ་བཞི་དགོན་པ། ཇ་བ་དགོན་པ།  འབུམ་སྙིང་དགོན་པ། སོག་ཚང་དགོན་པ། སྟོང་སྐྱབས་དགོན་པ། བཀྲ་ཤིས་རྩེ་དགོན་པ། འབུམ་གསར་དགོན་པ། བདེ་ཆེན་དགོན་པ། རྫོང་སྔོན་དགོན་པ། སོ་ནག་དགོན་པ། བླ་བྲང་དགོན་པ། གསེར་གཤོང་དགོན་པ། འཇུ་མང་དགོན་པ། ལབ་དགོན་པ། ཁྲ་ཚོགས་དགོན་པ། ཁྲི་སྟེང་དགོན་པ། ཀླུ་ཚང་དགོན་པ། རོང་བོ་དགོན་པ་བཅས་ཁྱོན་བསྡོམས་དགོན་པ་ཞེ་བརྒྱད་ཞུགས་ཡོད།
ཉིན་དང་པོ། མཆོད་བརྗོད་ནས་ཕྱོགས་སྒྲའི་བར།  བྱ་ཁྱུང་དགོན་པ།  གཙོས་དགོན་པ།
ཉིན་གཉིས་པ། མ་དམིགས་པ། ཀ་བཞིན་དགོན་པ།  སྤྲེལ་རྫོང་དགོན་པ།
ཉིན་གསུམ་པ། འབྲེལ་བ། མཐོ་ལས་དགོན་པ། ཁྲི་སྟེང་དགོན་པ།
ཉིན་བཞི་བ། གཞན་སེལ།  ངྷི་ཚ་དགོན་པ། འཇུ་མང་དགོན་པ།
ཉིན་ལྔ་བ། བརྡ་ཡུལ།  གསེར་ལག་དགོན་པ། རོང་བོ་དགོན་པ།
རྟོག་པ་ཕན་ཚུན་བརྟེན་པ་ནས་གསལ་བྱ་གསལ་བྱའི་བར།
ཉིན་དྲུག་པ། ཐུབ་པ་ཚད་སྒྲུབ། སྤྲེལ་རྫོང་དགོན་པ། འཁྱམས་རི་དགོན་པ།
ཉིན་བདུན་པ། སྐྱེ་བ་སྔ་ཕྱི། འགར་རྩེ་དགོན་པ། ཟིལ་དཀར་དགོན་པ།
ཉིན་བརྒྱད་པ། སྡུག་ཀུན་གཉིས། རྭ་རྒྱ་དགོན་པ། གཙང་དགོན་པ།
ཉིན་དགུ་བ། འགོག་ལམ་གཉིས།  རོང་བོ་དགོན་པ། ངྷི་ཚ་དགོན་པ།
མཚན་ཕུད་དམ་བཅའ། གཙང་དགོན་པ། རྭ་རྒྱ་དགོན་པ།
མཚན་ཕུད་དམ་བཅའ། ལྷ་མོ་ཀིརྟི་དགོན་པ། མཐོ་ལས་དགོན་པ།
མདོ་སྨད་འཇང་དགུན་ཆོས་ཐེངས་ཉེར་གསུམ་པའི་ཚད་ཆེན་གྱི་དམ་བཅའ་བ་དང་རྟགས་གསལ་གཏོང་མཁན།
མདོ་སྨད་འཇང་དགུན་ཆོས་ཐེངས་ཉེར་གསུམ་པའི་ཚད་ཆུང་གི་དམ་བཅའ་བ་དང་རྟགས་གསལ་གཏོང་མཁན།
ཉིན་དང་པོ། མཆོད་བརྗོད།   ལྷ་མོ་རྩེ་དགོན་པ།  བུ་དགུ་དགོན་པ།
ཉིན་གཉིས་པ། དགོས་འབྲེལ་ངག  དགོན་པ་སོ། མང་དགེ་དགོན་པ།
ཉིན་གསུམ་པ། ཕྱོགས་སྒྲ། ཐར་ཤུལ་དགོན་པ། ཁྲ་ཚོགས་དགོན་པ།
ཉིན་བཞི་བ། འབྲས་རྟགས།  སོ་ནག་དགོན་པ། བྱ་ཁྱུང་དགོན་པ།
ཉིན་ལྔ་བ། རང་བཞིན་གྱི་རྟགས།  རྭ་རྒྱ་དགོན་པ། དབོན་པོ་དགོན་པ།
ཉིན་དྲུག་པ། མི་སྣང་བ་མ་དམིགས་པ། གཙོས་དགོན་པ། གཙང་དགོན་པ།
ཉིན་བདུན་པ། སྣང་རུང་མ་དམིགས་པ། འཁྱམས་རི་དགོན་པ། འབུམ་གསརདགོན་པ།
ཉིན་བརྒྱད་པ། ནས་ས། ཐར་སྟོན་དགོན་པ། རོང་བོ་དགོན་པ།
ཉིན་དགུ་བ། འབྲེལ་བ།  བུ་དགུ་དགོན་པ། མཐོ་ལས་དགོན་པ།

རེབ་གོང་སྐྱབས་མགོན་བརྒྱད་པ་ཆེན་པོས་མདོ་སྨད་འཇང་དགུན་ཆོས་ཐེངས་ཉེར་གསུམ་པའི་སྟེང་གི་གསུང་བཤད།

     གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གོོ་ཏམ་དེ་ལ་ཕྱག་འཚལ་ལོ། །
     ད་རེབ་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་འདིར་མདོ་སྨད་འཇང་དགུན་ཆོས་ཆེན་མོ་ཐེངས་ཉེར་གསུམ་པའི་སྟེང་ཕྱོགས་སོ་སོའི་གདན་ས་ཁག་གི་མཁན་པོ་དང་། དགེ་བའི་བཤེས་གཉེན། ལུང་དང་རིགས་པ་སྨྲ་བའི་དགེ་འདུན་པ་རྣམས། དཀའ་ངལ་དང་སྐུ་ཚེགས་ལ་མ་འཛེམས་པར་ཕེབས་པ་ལ། ངས་འདིར་དགའ་དད་སྤྲོ་གསུམ་དང་བཅས་གདན་ས་འདིའི་བླ་མ་ཁྲི་གདན་ཟུར། དགེ་འདུན་འདུས་པ་རྒྱ་མཚོའི་ཚབ་བྱས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
      འཇང་དགུན་ཆོས་ཆེན་མོ་ཞེས་ཡོངས་སུ་གྲགས་པའི་ཆོས་ཐོག་འདི། སྔོན་བུ་སྟོན་ཐམས་ཅད་མཁྱེན་པ་དང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སོགས་ངེས་དོན་གྱི་སྐྱེས་ཆེན་དམ་པ་ཉི་ཟླ་ལྟ་བུ་མང་པོས། མཁས་པའི་དཀྱིལ་འཁོར་ཆེན་པོ་གདན་འཛོམས་པའི་དབུས་སུ་གཞུང་ལུགས་དཀའ་ཆེན་དུ་མའི་གྲྭ་སྐོར་མཛད་དེ། དཔལ་ནཱལེནྡྲའི་ཆོས་རྒྱུན་དྲི་མ་མེད་པ་དེ་ཉིད་བོད་གངས་ཅན་ལྗོངས་སུ་དར་སྤེལ་གནང་བའི་རྨང་གཞིའི་སྟེང་། དབུས་ཀྱི་གདན་ས་སེ་འབྲས་དགེ་གསུམ་གཙོ་བྱས་གྲྭ་ཚང་ཁག་མང་པོ་ལྷ་སའི་འཇང་ཕུ་དགོན་དུ། གྲྭ་ས་སོ་སོའི་སློབ་གཉེར་སྤུས་ཚད་བཟང་གྲས་ཀྱི་རབ་བྱུང་བ་མང་པོ་ཕྱོགས་གཅིག་ཏུ་འདུས་ཏེ། རང་རང་གི་སྦྱངས་འབྲས་ཞིབ་བསྡུར་དང་རྣམ་དཔྱོད་འགྲན་རེས་སོགས་བརྒལ་བརྟགས་རང་བཞིན་གྱི་སྒོ་ནས་ཚད་མ་རིག་པ་གཙོ་བོར་གྱུར་བའི་གཞུང་ལུགས་དཀའ་ཆེན་མང་པོར་ཞུན་ཐར་ཆོད་པར་སྦྱོང་བའི་ཐུན་མིན་གྱི་ཆོས་སྲོལ་དྲི་མ་མེད་པ་དེ་ཉིད་ཚུགས་ཡོད་པ་ཚང་མའི་ཐུགས་ན་མངའ་བ་དེ་ལྟར་ལགས།
     ཁྱེད་རྣམ་པར་དམིགས་བསལ་གྱི་ཞུ་རྒྱུ་ནི། རྭ་རྒྱ་དགོན་པ་དང་གཙང་དགོན་པ་ཟུང་འབྲེལ་སྒོས་མདོ་སྨད་འཇང་དགུན་ཆོས་ཆེན་མོ་གསར་འཛུགས་གནང་བའི་བཀའ་དྲིན་ལ་བརྟེན་ནས། ད་ལོ་རོང་བོ་དགོན་ཆེན་དུ་མདོ་སྨད་འཇང་དགུན་ཆོས་ཆེན་མོ་ཐེངས་ཉེར་གསུམ་པ་དངོས་སུ་འཚོགས་རྒྱུ་བྱུང་བ་ཤིན་ཏུ་ནས་སྐལ་བ་བཟང་པོ་དང་། བསྟན་འགྲོའི་དོན་རླབས་པོ་ཆེ་ཞིག་ལགས། ཡིན་ནའང་། མདོ་སྨད་འཇང་དགུན་ཆོས་ཆེན་མོ་འདི་ཉིད་ཡུན་རིང་དུ་རྒྱུན་འཛིན་དང་དར་སྤེལ། སློབ་གཉེར་གྱི་སྤུས་ཚད་མཐོར་གདེགས་སོགས་གང་ཅིའི་ཐད་ནས་ལམ་ལུགས་ཅན་དུ་ཡར་རྒྱས་སུ་འགྲོ་དགོས་ན། ངེས་པར་དུ་དགོན་པ་སོ་སོའི་དགེ་འདུན་པ་རྣམས་ཐུགས་མཐུན་ཁྲིམས་གཙང་གི་རྨང་གཞིའི་སྟེང་། སྔོན་བྱོན་དམ་པའི་ཕྱག་སོལ་བཟང་བོ་དང་། དགོན་པ་རང་རང་གི་ཆོས་བརྒྱུད་ཕྱག་སྲོལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མ་ཉམས་པ་རྒྱུན་འཛིན་སྒོ་ནས། ཚད་མ་རིག་པ་གཙོ་བོར་གྱུར་བའི་གཞུང་ལུགས་དཀའ་ཆེན་མང་པོར་སློབ་གཉེར་མཐར་ཕྱིན་གནང་རྒྱུ་ཤིན་ཏུ་གལ་ཆེ་བ་དང་། དེ་ལྟ་བའི་བསྟན་དོན་ཡར་རྒྱས་ཡོང་བ་ལ་དགོན་པ་སོ་སོའི་མཁན་པོ་དང་། བླ་སྤྲུལ། དགེ་བའི་བཤེས་གཉེན། ལུང་རིགས་སྨྲ་བའི་གྲྭ་བཙུན་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། རྣམ་དཔྱོད་རབ་ཏུ་ཡངས་པའི་སྒོ་ནས་ཐུགས་འགན་ཆེར་བཞེས་ཀྱི་འབད་བརྩོན་ལྷད་མེད་ཅིས་ཀྱང་གནང་རྒྱུ་དགོས་པ་ལགས།
     མཐར་ད་རེབ་ཀྱི་མདོ་སྨད་འཇང་དགུན་ཆོས་ཆེན་མོ་ཐེངས་ཉེར་གསུམ་པ་འཚོགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བ་དང་སེམས་ཅན་ལ་བདེ་སྐྱིད་འབྱུང་བ། ཁྱད་པར་དུ་གངས་ཅན་བསྟན་འགྲོའི་མགོན་པོ༸གོང་ས་རྒྱལ་དབང་ཡབ་སྲས་གཙོ་མཛད་པའི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་རབ་ཏུ་བརྟན་ཅིང་། མཛད་འཕྲིན་འཛམ་གླིང་མཐའ་དབུས་ཡོངས་སུ་རྒྱས་པ། ས་ཡི་སྟེང་ན་དགེ་འདུན་གྱི་སྡེ་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་གི་ངོས་ནས། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ཡར་ངོའི་ཟླ་ལྟར་འཕེལ་བ། མདོ་སྨད་འཇང་དགུན་ཆོས་ཆེན་མོ་འདིར་བསྔོ་སྨོན་རེ་ལྟོས་དང་ཟང་ཟིང་གི་འབྲེལ་ཐོགས་འདས་གསོན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་ཏེ། གནས་སྐབས་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་བརྒྱུད་མར་འཐོབ་ཅིང་། མཐར་ཐུག་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་བ་མྱུར་དུ་འཐོབ་པའི་སྐྱབས་འཇུག་གནང་རྒྱུ་མཁྱེན་མཁྱེན་ཞུ་ལགས།
     བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པ་ཡི། ། འདུས་པའི་ཚོགས་ཀྱིས་གནས་འདིར་ཡོངས་གང་ཞིང་། ། རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའི་བར། ། ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...