སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《ནང་བསྟན་དཔལ་འབྱོར་རིག་པ》ལས་དཔལ་འབྱོར་སྲུང་སྟངས་དང་དོ་དམ་བེད་སྤྱོད།
རྩོམ་པ་པོ། ཤེས་རབ་བསྟན་དར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-4 10:41:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
དཔལ་འབྱོར་སྲུང་སྟངས།
     དཔལ་འབྱོར་རིག་པ་ལས་དཔལ་འབྱོར་སྲུང་བ་ནི་དཔལ་འབྱོར་སྒྲུབ་པ་བཞིན་དུ་གལ་ཆེ་བ་སྟེ། གལ་ཏེ་སྲུང་མ་ནུས་ན་བསགས་པ་ཆུད་ཟོས་སུ་འགྲོ་བའི་ཕྱིར་རོ། །འོ་ན་དཔལ་འབྱོར་སྲུང་དོན་ཅི་ཞེ་ན《ཙ་ན་ཀའི་ལུགས་ཀྱི་བསྟན་བཅོས》ལས། ཕོངས་པའི་དོན་དུ་ནོར་སྲུང་སྟེ་ཞེས་ཕོངས་པ་མི་འབྱུང་བའི་ཆེད་དུ་ཡིན་པར་གསུངས་ཤིང་། དཔལ་འབྱོར་ཇི་ལྟར་སྲུང་སྟངས་ཇི་འདྲ་ཞིག་ཡིན་ཞེ་ན་ལུགས་ཀྱི་བསྟན་བཅོས་ལས་འདི་ལྟར་གསུངས་ཏེ།
དཔལ་འབྱོར་སྲུང་བའི་ཐབས་ལམ། དཔལ་འབྱོར་གཏོང་བ་ནི་དཔལ་འབྱོར་སྲུང་བའི་ཐབས་མཆོག་ཏུ་གྱུར་པ་ཡིན་ཏེ། 《ས་སྐྱའི་ལེགས་བཤད》ལས། ལོངས་སྤྱོད་གསོག་པར་འདོད་རྣམས་ཀྱིས། །འཕེལ་ན་གཏོང་བ་བསྲུང་བའི་མཆོག །ཅེས་མཁས་པ་ལོངས་སྤྱོད་གསོག་འདོད་ན་རྒྱུ་ནོར་གཞན་དོན་དུ་གཏོང་དགོས་པར་བསྟན། དེའི་གནད་ཀྱང་སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པ་དང་ཤིན་ཏུ་མཐུན་ནོ། །
     དཔལ་འབྱོར་རྒྱས་པའི་མན་ངག དཔལ་འབྱོར་གཏོང་བ་ནི་དཔལ་འབྱོར་རྒྱས་པའི་མན་ངག་ཡིན་ཏེ། དེའི་གནད་ཀྱང་གོང་དུ་བཤད་པ་ལྟར་ལས་འབྲས་ཀྱི་འབྲེལ་བ་ལ་ཐུག་ཡོད་ཅིང་། མདོ་ལས་ཚུལ་དེ་ཡང་ཡང་གསུངས་པ་ལྟར《ཆུ་ཤིང་གི་བསྟན་བཅོས》ལས་ཀྱང་། ལོངས་སྤྱོད་སྤེལ་བར་འདོད་པ་ཡིས། །ཆ་ཤས་གཏོང་བ་མན་ངག་སྟེ། །ཞེས་ལོངས་སྤྱོད་གསོག་པར་འདོད་པ་རྣམས་ཀྱིས་གཏོང་བ་བྱེད་པ་ནི་སྲུང་བའི་ཐབས་མཆོག་ཏུ་གྱུར་པ་ཡིན་པར་གསུངས།
     ཆོས་ལ་བརྟེན་ནས་དཔལ་འབྱོར་སྲུང་བའི་ཐབས། ཆོས་ཀྱི་ཚུལ་སྲུང་བ་ནི་དཔལ་འབྱོར་སྒྲུབ་པའི་ཐབས་ཡིན་ཏེ། 《ས་སྐྱའི་ལེགས་བཤད》ལས། གང་ཞིག་ནོར་འདོད་སྐྱེ་བོས་ཀྱང་། །ཆོས་ཉིད་གཙོ་བོར་བསྲུང་བར་བྱ། །ཆོས་ལས་ཉམས་པའི་ནོར་ཙམ་ནི། །འཇིག་རྟེན་འདིར་ཡང་ག་ལ་རྟག །ཅེས་ཆོས་ལ་བརྟེན་ནས་བསྒྲུབ་དགོས་ཤིང་ཆོས་ཉམས་པར་བྱས་ཏེ་སྒྲུབ་པའི་དཔལ་འབྱོར་ཡིན་ན་ནམ་ཡང་མི་རྟག་པར་ཉམས་འགྲོ་བར་བསྟན་ཡོད།
མཐུན་པའི་ཡུལ་དུ་དཔལ་འབྱོར་གཉེར་དགོས་པ། དཔལ་འབྱོར་གཉེར་བ་ལ་མཐུན་པའི་ཡུལ་དང་དུས་གལ་ཆེ་སྟེ། 《ས་སྐྱའི་ལེགས་བཤད》ལས། ངོ་ཚ་ཁྲེལ་ལ་མི་ལྟ་ཞིང་། །མཆོད་དང་བརྙས་པའི་ཁྱད་མི་ཤེས། །ཟས་དང་ནོར་ལ་ཆགས་ལྡན་པ། །དེ་འདྲའི་གནས་སུ་བསྡད་མི་བྱ། །ལོངས་སྤྱོད་ཉམས་པའི་ས་ཕྱོགས་སྤང་། །མི་འཕྲོད་ན་ཡང་གཉའ་སྐྱིས་འཇོམས། །ཞེས་ངོ་ཚ་ཁྲེལ་འདས་ཀྱི་སྐྱེ་བོ་མང་བོའི་གནས་དང་། མཆོད་པ་བརྙས་པའི་ཁྱད་པར་མི་ཤེས་པའི་གྲོགས་ཀྱིས་ཁེངས་པའི་ཡུལ་དུ་དཔལ་འབྱོར་གཉེར་ན་དགོས་པ་མེད་པས་དུས་དང་ཁོར་ཡུག་བཟང་བོ་ཞིག་ལ་བསྟུན་ན་རྐྱེན་བཟང་བོ་དང་ལྡན་པས་མཐུན་པའི་ཡུལ་ན་གནས་པ་ཤིན་ཏུ་གལ་ཆེ་བར་བསྟན་ཡོད།
     དཔལ་འབྱོར་ལས་རང་ཚུགས་ཉམས་མི་རུང་བ། དཔལ་འབྱོར་སྲུང་བ་ལ་ཡ་རབས་སྤྱོད་བཟང་གི་མི་ཆོས་གལ་ཆེ་སྟེ་དེ་མེད་ན་རང་གི་སྤྱོད་པ་བུ་དང་ཆུང་མ་སོགས་ལ་འགོས་ནས་ནམ་ཞིག་ལོངས་སྤྱོད་ཉམས་པར་འགྱུར་ཏེ། རང་གི《ས་སྐྱའི་ལེགས་བཤད》ལས། རིགས་རྒྱུད་ཕྱུག་པོར་བྱ་སྙམ་ནས། །རང་ཉིད་བཙོངས་ནས་བུ་ལ་སྟེར། །བུ་ངན་ཕ་ལ་རྒོལ་བཞིན་དུ། །ནོར་རྣམས་བརླགས་ནས་ཁྱི་བཞིན་འཁྱམས། ཞེས་ཡ་རབས་སྤྱོད་བཟང་གི་མི་ཆོས་མེད་ན་མཐར་གཏུགས་ན་རང་གི་འཁོར་དང་བཅས་པ་རྒུད་པའི་ལམ་དུ་འགྲོ་བ་གསལ་བོར་གསུངས།
གཉིས། དཔལ་འབྱོར་གྱི་དོ་དམ།
     དཔལ་འབྱོར་ལ་དོ་དམ་བཟང་བོ་ཞིག་དགོས་ཏེ། དོ་དམ་མེད་ན་དཔལ་འབྱོར་དོན་མེད་དུ་ཆུད་ཟོས་སུ་འགྲོ་ལ་རང་འཕུང་གཞན་གནོད་ཀྱི་རྐྱེན་དུ་ཡང་འགྱུར་ངེས་རེད། དོ་དམ་ནི་གོང་དུ་བཤད་པའི་དཔལ་འབྱོར་སྲུང་བའི་ཐབས་ཤེས་གལ་ཆེན་ཞིག་ཡིན་ལ་དཔལ་འབྱོར་སྤེལ་བའི་ཐབས་ཚུལ་རྨད་དུ་བྱུང་བ་ཞིག་ཀྱང་ཡིན།
     དཔལ་འབྱོར་ཆུད་ཟོས་སུ་འགྱུར་མི་རུང་བ། ནང་བསྟན་མི་ཆོས་རིག་པ་ལས་དཔལ་འབྱོར་དོན་མེད་དུ་ཆུད་ཟོས་སུ་འགྲོ་བ་འགོག་པར་མཛད་དེ། 《སའི་བསྟན་བཅོས》ལས། ནོར་རྫས་ཆུང་ངུ་དག་ལ་ཡང་། །ཕངས་མེད་ཆུད་ཟོས་བྱ་མི་རུང་། །ཞེས་ནོར་རྫས་ཆེན་པོ་ཕར་ཞོག་ཆུང་ངུ་དག་ལ་ཡང་གཅེས་སྤྲས་བྱ་དགོས་པ་གལ་ཆེན་པོར་བསྟན་ཡོད་ལ། དེ་ནི་སེར་སྣའི་གཏོང་མི་ཕོད་པ་མ་ཡིན་པར་དགོས་མེད་དུ་མི་བརླག་པའི་ཆེད་དུ་ཡིན།
     དཔལ་འབྱོར་ལ་དོ་དམ་ལེགས་པོ་བྱེད་པ། དཔལ་འབྱོར་ལ་དོ་དམ་ལེགས་པོ་བྱ་དགོས་ཏེ། དོ་དམ་ནི་དཔལ་འབྱོར་རིག་པ་ལས་ཆེས་གལ་ཆེ་བའི་བྱ་བ་ཞིག་ཡིན། གལ་ཏེ་དོ་དམ་ལེགས་པོ་མེད་ན་ལམ་ཁའི་ཤིང་གི་འབྲས་བུ་བཞིན་དུ་འགྱུར་བའི་ཉེན་ཁ་ཆེ་སྟེ། 《ཆུ་ཤིང་གི་བསྟན་བཅོས》ལས། ལམ་ཁའི་ཤིང་གི་འབྲས་བུ་དེ། །བྱིས་པའི་རྡོ་ཆར་འབེབས་པའི་རྒྱུ། །བདག་པོ་ངན་པའི་ལོངས་སྤྱོད་ཀྱང་། །ཕལ་ཆེར་དགྲ་ཡི་གཡབ་མོ་ཡིན། །ཞེས་གསུངས་སོ། །
དཔལ་འབྱོར་དོ་དམ་ཞེས་པ་ཡང་། དཔལ་འབྱོར་དམ་དུ་འཛིན་པ་མ་ཡིན་པར་དགོས་མེད་དུ་ཆུད་ཟོས་སུ་འགྲོ་བ་འགོག་པ་ཡིན། གལ་ཏེ་དཔལ་འབྱོར་གཏོང་མ་ཤེས་པ་དང་དོ་དམ་མ་ཤེས་ན་ཉེན་ཁ་ཆེན་པོ་འབྱུང་ངོ་། །ཚུལ་དེ《ཆུ་ཤིང་གི་བསྟན་བཅོས》ལས་གསལ་བོར་བསྟན་ཏེ། དེ་ཉིད་ལས། བསོད་ནམས་དམན་པའི་སྐྱེས་བུ་དེར། །དཔལ་འབྱོར་བྱུང་ན་སྲོག་ཀྱང་བརླག ། ཅེས་གསུངས་སོ། །
གསུམ། དཔལ་འབྱོར་སྤྱོད་སྟངས།
     ནང་བསྟན་དཔལ་འབྱོར་རིག་པ་ལས་དཔལ་འབྱོར་གསོག་པའི་དགོས་པ་ནི་སྤྱོད་པའི་ཆེད་དུ་ཡིན་ཏེ། 《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས》ལས། སྤྱད་པར་བྱ་ཕྱིར་ནོར་གསོག་གི ། མི་སྤྱད་བསག་ན་སྡུག་བསྔལ་རྒྱུ། །ཞེས་གསུངས་ཏེ། གལ་ཏེ་སྤྱོད་མི་ནུས་ཤིང་གཞན་གྱི་དགེ་ཐབས་སུ་གཏོང་མི་ནུས་ན། དཔལ་འབྱོར་དེ་བསྒྲུབས་པའི་དགོས་པ་མ་གྲུབ་པ་ཡིན་ནོ། དེ་བས་དཔལ་འབྱོར་གསོག་པ་ལས་ཀྱང་སྤྱོད་པ་གལ་ཆེ་སྟེ། སྤྱོད་མ་ཤེས་ན་དཔལ་འབྱོར་གཉེར་བ་ནི་སྡུག་བསྔལ་ལས་མ་འདས་ལ་དཔལ་འབྱོར་དེ་ཡང་སྡུག་བསྔལ་ལས་མ་འདས་པའི་ཕྱིར། དེ་བས་མཁས་པ་རྣམས་ཀྱིས་ལོངས་སྤྱོད་གཏོང་ཚུལ་ལ་མཁས་དགོས་པ་གལ་ཆེ་བོ་ཆེ་ལ་ནན་ཏན་གྱིས་ཚུལ་གྱིས་གདམས་ཏེ། དེ་བས། 《ཆུ་ཤིང་གི་བསྟན་བཅོས》ལས། ལོངས་སྤྱོད་སྤེལ་བར་འདོད་པས་ཀྱང་། །ཅུང་ཟད་གཏོང་ཚུལ་ཤེས་དགོས་ཏེ། །ཁྲོན་ཆུ་བཅུས་ན་འཕེལ་འགྱུར་ཞིང་། །བཞག་ན་སྙིགས་མས་སྐམ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །
     དེ་བས། 《ས་སྐྱའི་ལེགས་བཤད》ལས། ལོངས་སྤྱོད་ལྡན་པས་སྤྱོད་པ་དང་། ། མཁས་པར་གྱུར་ནས་དུལ་བ་དང་། །ཆེན་པོས་དམན་པ་ལེགས་སྐྱོང་བ། །གསུམ་པོ་གཞན་བདེ་རང་ལ་ཕན། །ཞེས་གསུངས་ཤིང་། དཔལ་འབྱོར་སྤྱད་སྟངས་ཐད་ནས་ཀྱང་མཁས་བླུན་གྱི་ཁྱད་ཐོན་པར་བསྟན་པ་བཞིན་ནོར་སྤྱོད་སྟངས་ཐད་ནས་གནད་འགའ་ཡོད་པ་འདི་ལྟར།
     1.སྤྱོད་མི་ནུས་ན་དཔལ་འབྱོར་ལ་དགོས་པ་མེད་པ། སྤྱོད་མི་ནུས་ན་དཔལ་འབྱོར་བསྒྲུབས་ཀྱང་དགོས་པ་མེད་ལ། རང་གཞན་གྱི་མཐུན་རྐྱེན་དུ་མི་འགྱུར་ན་དཔལ་འབྱོར་སྤྱད་ཀྱང་དོན་སྙིང་མེད། དེ་བས་དཔལ་འབྱོར་དེ་ངེས་པར་རང་གི་སྤྱད་ཅིང་ཞིང་མཐོ་བར་མཆོད་པ་དང་དམན་པར་སྦྱིན་པ་དགོས་པ་ཡིན་ཏེ། 《ས་སྐྱའི་ལེགས་བཤད》ལས། སྤྱོད་དམ་སྦྱིན་པར་མི་ནུས་པའི། །ནོར་དེས་ཕྱུག་པོར་བསྒོམ་ན་ནི། །རི་བོ་གསེར་དུ་བསྒོམས་པ་ཡིས། །ཕྱུག་པོ་བསྒྲུབ་པ་ཤིན་ཏུ་སླ། །ཞེས་གསུངས་པ་ལྟར་རྒྱུ་ནོར་ལོངས་སྤྱོད་ག་འདྲ་རྒྱས་ཀྱང་གཞན་ལ་སྦྱིན་པ་དང་རང་གི་སྤྱོད་པ་སོགས་རང་གཞན་གྱི་མཐུན་རྐྱེན་དུ་མི་འགྱུར་ན་མཛོད་དུ་གཅེས་གཅེས་ཀྱིས་བསྡུས་པའི་ནོར་དེས་ཕན་པ་ཅི་ཡང་མེད་པར་གསུངས་ཏེ་དེ་འདྲ་བའི་ནོར་གསོག་པ་ལས་རི་བོ་གསེར་དུ་བསྒོམས་ནས་རང་ཉིད་ཕྱུག་པོ་ཡིན་པར་བསམ་ན་ལེགས་པར་བསྟན།
     2.སྤྱོད་མི་ཐུབ་པའི་དཔལ་འབྱོར་ལ་དགོས་པ་མེད་པ། དཔལ་འབྱོར་བསྒྲུབ་དགོས་ལ། བསྒྲུབས་པའི་དཔལ་འབྱོར་དེ་གང་ལ་གང་འཚམ་གྱིས་སྤྱད་དགོས་ཏེ་ནོར་བསགས་ནས་རང་ཉིད་ཀྱིས་མི་སྤྱོད་པ་ནི་རང་ལ་ཕན་བདེ་འབྱུང་བ་ཕར་ཞོག  ཐ་ན་རང་ལ་གནོད་བྱེད་ཀྱི་གཤེད་མ་ལྟ་བུར་འགྱུར་བ་ཡིན་ཏེ། 《ས་སྐྱའི་ལེགས་བཤད》ལས། ནོར་རྣམས་གསོག་ཅིང་མི་སྤྱོད་པ། །རང་བསྲེག་བུད་ཤིང་གསོག་པ་ཡིན། །ཞེས་དང་། 《ས་སྐྱའི་ལེགས་བཤད》ལས། ཧ་ཅང་ལོངས་སྤྱོད་བསགས་དྲགས་པའི། །ནོར་ནི་རང་གི་གཤེད་མ་ཡིན། །ཕུང་ཁྲོལ་ཕལ་ཆེར་ཕྱུག་པོ་ལ། །འབྱུང་གི་སྤྲང་པོ་བདེ་བར་རྒྱུ། །ཞེས་ནོར་མང་དུ་བསགས་ནས་ལོངས་སུ་སྤྱོད་མ་ནུས་ན་ནམ་ཞིག་རང་གི་གཤེད་དུ་ཡང་འགྲོ་ཉེན་ཆེ་བར་བསྟན།
     3.རང་གཞན་ལ་མི་ཕན་པའི་དཔལ་འབྱོར་ལ་དགོས་པ་མེད་པ། དཔལ་འབྱོར་ནི་མཐུན་རྐྱེན་ཞིག་ཡིན་པས་རང་གཞན་གྱི་བདེ་ཐབས་སུ་ངེས་པར་འགྱུར་དགོས་པས་རང་གཞན་ཀུན་ལ་མི་ཕན་པའི་རྒྱུ་ནོར་ལ་དགོས་པ་མེད་པ་ནི། 《ཆུ་ཤིང་གི་བསྟན་བཅོས》ལས། གཡང་ས་མཐོན་པོར་སྐྱེས་པ་ཡི། །ས་ཧ་ཀཱ་རའི་འབྲས་བུ་བཞིན། །རང་གཞན་གང་ལའང་མི་ཕན་པའི། །ལོངས་སྤྱོད་ཆེ་དེ་སྦ་བ་ཡིན། །ཞེས་དང་། རང་གཞན་སུ་ལའང་མི་ཕན་པའི། །ནོར་དེ་མེད་པ་ཉིད་དང་མཚུངས། །གལ་ཏེ་ལོངས་སྤྱོད་ཡོད་ཀྱང་རང་གི་སྤྱོད་མི་ནུས་ཤིང་གཞན་དོན་དུ་གཏོང་མི་ནུས་པའི་དཔལ་འབྱོར་དེ་དགོས་པ་མེད་པར་བསྟན་ཡོད།
     4.སྤྱོད་མ་ཤེས་ན་དཔལ་འབྱོར་ལ་དགོས་པ་མེད་པ། འབྱོར་བ་དང་ལྡན་པའི་མི་ཞིག་ཡིན་ན་དཔལ་འབྱོར་སྤྱོད་པ་གལ་ཆེ་ལ་དེ་བས་དཔལ་འབྱོར་སྤྱོད་ཤེས་པ་གལ་ཆེ་སྟེ་བཀོལ་ཤེས་ན་དེ་ཡིས་བསོད་ནམས་གསོག་པ་དང་སྤྱོད་མ་ཤེས་ན་དེ་ཡིས་རང་ཉིད་ལ་སྡུག་བསྔལ་འབའ་ཞིག་འདྲེན་པར་བྱེད་ཅིང་ལྷག་པར་མི་དགེ་བའི་ལས་གསོག་པར་བྱེད་དེ། དགེ་མི་དགེ་དེ་རྒྱུ་ནོར་གྱི་ངོ་བོར་གྲུབ་པ་མ་ཡིན་པར་རྒྱུ་ནོར་སྤྱོད་སྟངས་ཀྱི་ཐད་ན་ཡོད་དེ《ས་སྐྱའི་ལེགས་བཤད》ལས། བློ་དང་ལྡན་པས་འཁོལ་ཤེས་ན། །འདི་ལ་བསོད་ནམས་རྟེན་དུ་རུང་། །ཞེས་གསུངས་པས་སོ། །
     5.དཔལ་འབྱོར་འཕེལ་བའི་འབྱུང་ཁུངས་སྦྱིན་པ་ཡིན་པ། སྦྱིན་པ་ནི་ནོར་གྱི་འབྱུང་གནས་ལྟ་བུ་ཡིན་པ་རྩོམ་ཡིག་འདིའི་གང་སར་མངོན་ཞིང་། དེ་ནི་ནང་བསྟན་དཔལ་འབྱོར་རིག་པ་ལས་དཔལ་འབྱོར་ལ་སྙིང་བོ་ལེན་ཐབས་གལ་ཆེན་ཞིག་ཡིན་ཏེ། 《ས་སྐྱའི་ལེགས་བཤད》ལས། ནམ་དགོས་ཚེ་ན་ལེན་པ་ཡི། །ནོར་ནི་སྦྱིན་པར་ཐུབ་པས་གསུངས། །བསགས་པའི་ནོར་ནི་སྦྲང་རྩི་ལྟར། །ནམ་ཞིག་གཞན་གྱིས་སྤྱོད་པར་འགྱུར། །ཞེས་སྟོན་པ་ཐུགས་རྗེ་ཅན་གྱི་དགོངས་པ་ཇི་བཞིན་གསུངས་ཤིང་གནད་འདི་ནི་ཆོས་དང་འཇིག་རྟེན་གང་གི་ཐད་དུའང་གལ་ཆེ་བས་ས་པཎ་གྱིས་མི་ཆོས་ཀྱི་སྐབས་སུའང་ཡང་ཡང་གདམས་པར་མཛད་དོ། །ལྷག་པར《ས་སྐྱའི་ལེགས་བཤད》ལས། འཇིག་རྟེན་འདི་ན་བུན་བཏང་བས། །དངོས་པོ་ཐོབ་པའི་ངེས་པ་མེད། །སློང་ལ་བྱིན་ན་འབད་མེད་པར། ། ཆུང་ཡང་བརྒྱ་འགྱུར་ཐོབ་པ་ཡིན། །ཞེས་སྐྱེ་བོ་རང་ག་བས་བུན་གཏོང་བ་སོགས་དཔལ་འབྱོར་རྒྱས་བའི་ཐབས་སུ་བཤད་ནའང་དེ་ལས་དཔལ་འབྱོར་འབྱུང་བའི་ངེས་པ་མེད་ཅིང་། སྦྱིན་པ་ལས་དཔལ་འབྱོར་འབྱུང་བ་ནམ་ཡང་མི་བསླུ་བར་གསུངས་སོ། །
     6.དཔལ་འབྱོར་རང་གི་གནས་བབ་དང་བསྟུན་ནས་སྤྱོད་པ། དཔལ་འབྱོར་གསག་པ་ནི་སྤྱོད་པའི་ཆེད་དུ་ཡིན་མོད། རང་གི་འབྱོར་བ་དང་བསྟུན་ནས་སྤྱོད་དགོས་པ་ལས་ཚད་ལས་བརྒལ་མི་རུང་སྟེ། རང་གི་བབ་དང་བསྟུན་ནས་སྤྱད་ན་དཔལ་འབྱོར་ཆུད་ཟོས་སུ་མི་འགྲོ་ལ། དགེ་བའི་ཕྱོགས་སུ་གཏོང་བའི་དཔལ་འབྱོར་ཡང་རྒྱས་ངེས་པས་དཔལ་འབྱོར་ལ་སྙིང་བོ་ལེན་པའི་ཐབས་སུ་བཟང་སྟེ། 《ས་སྐྱའི་ལེགས་བཤད》ལས། ནོར་མེད་ཟས་གོས་མཆོག་འདོད་དང་། །གཞན་ལ་སློང་ཞིང་ང་རྒྱལ་ཆེ། །བསྟན་བཅོས་མི་ཤེས་རྩོད་པར་འདོད། །གསུམ་པོ་འགྲོ་བའི་བཞད་གད་རྒྱུ། །ཞེས་དང་། 《ཆུ་ཤིང་གི་བསྟན་བཅོས》ལས། ནོར་མེད་མཆོར་དང་ཁ་ཞིམ་འདོད། །གཞུང་ལུགས་མ་སྦྱངས་མཁས་ཁུར་འཛིན། །ཞེས་གསལ་བོར་གསུངས་སོ། །
     7.རང་གཞན་གྱི་བདེ་ཐབས་ལས་བརྙས་ཐབས་སུ་འགྲོ་མི་རུང་། རྒྱུ་ནོར་ནི་སྤྱོད་དགོས་པ་ཡིན་མོད། སྤྱོད་པ་དེས་གཞན་ལ་བརྙས་ཐབས་སུ་འགྲོ་མི་རུང་། ད་ལྟ་འཇིག་རྟེན་འདིར་ཡང་དག་པའི་དཔལ་འབྱོར་རིག་པ་ཞིག་མེད་པས་མང་བོ་ཞིག་གི་དཔལ་འབྱོར་ནི་རང་གི་བདེ་བའི་ཆེད་དུ་གཞན་ལ་གནོད་བྱེད་དུ་འགྱུར་བཞིན་ཡོད། དེ་ལྟ་བུའི་འབྱོར་བ་དེ་ཡོད་པ་ལས་མེད་ན་བཟང་སྟེ། 《ས་སྐྱའི་ལེགས་བཤད》ལས། གཞན་ལ་བརྙས་པར་འགྱུར་བ་ཡི། །ནོར་དང་ཟས་ཀྱིས་ཅི་ཞིག་བྱ། །ཁྱི་ཕག་མི་གཙང་ཟ་བ་ལ། ། མཁས་པ་སུ་ཞིག་ཡིད་སྨོན་བྱེད། །ཅེས་རྒྱུ་ནོར་དེ་རིགས་ཁྱི་ཕག་གི་མི་གཙང་བ་ཟ་བའི་དཔེར་གསུངས་སོ། །
     8.རང་གི་ཚུལ་དང་མཐུན་པའི་སྤྱོད་སྟངས། ལོངས་སྤྱོད་དུས་རང་གི་རྒྱུ་ནོར་གྱི་ཚད་དང་མཐུན་པར་བལྟ་དགོས་པ། དུས་ཀྱི་གནས་སྟངས་དང་ཡུལ་གྱི་གནས་སྟངས་དང་མཐུན་པར་ལོངས་སྤྱད་དགོས་པ་ལས་དེ་དག་དང་འགལ་བ་ནི་ནང་བསྟན་དཔལ་འབྱོར་རིག་པའི་ངོས་ནས་བཤད་ན་གོལ་ས་ཆེན་པོ་ཞིག་ཡིན་ཏེ། 《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས》ལས། ནོར་མེད་རྒྱན་དགའ་ཆེ་བ་དང་། །འབྱོར་ལྡན་ཧྲུལ་བོའི་ཆས་ཞུགས་པ། །གཉིས་ཀ་འཇིག་རྟེན་བཞད་གད་རྒྱུ། །དེ་ཕྱིར་རྒྱན་ཆས་འཚམ་པར་སྤྱད། །ཅེས་གསུངས། དེ་ལས་གསལ་བོར་བསྟན་པ་ནི་ནོར་མེད་པ་རྒྱན་ལ་དགའ་ཆེས་པ་དང་དེའི་ཞོར་དུ་རང་གི་འབྱོར་བ་ལས་ཆེར་བརྒལ་བའི་རྒྱན་གོས་རིགས་དང་ལོངས་སྤྱོད་ནི་ཆེས་གོལ་འཛོལ་ཞིག་ཡིན་པ་མ་ཟད། འབྱོར་ལྡན་ཧྲུལ་བོའི་ཆས་སུ་ཞུགས་པ་ཡང་རང་གི་ཚུལ་ལས་ཆེར་མི་མཐུན་པས་དགག་བྱ་ཞིག་ཏུ་གྲུབ་པར་བསྟན་ཡོད། དེའི་ཤུགས་ལ་འབྱོར་ལྡན་དག་གིས་ཆེས་དམན་པའི་འཚོ་བ་རོལ་ན་དཔལ་འབྱོར་གྱི་དགོས་པ་གྲུབ་མེད་པ་དེ་བསྟན་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...