སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ནོར་དང་འབྱོར་བ་སྤེལ་བའི་ལྷ་ཚོགས།
རྩོམ་པ་པོ། ཤེས་རབ་བསྟན་དར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-22 10:31:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ནོར་དང་འབྱོར་བ་སྤེལ་བའི་ལྷ་ཚོགས།
ཚུལ་ཁྲིམས་ཀྱི་བསླབ་པའི་སྲུང་མ་རྣམ་ཐོས་སྲས་ཀྱི་སྐོར།
སྤྱིར་བསྟན།
     འདི་ནི་སྔོན་དྲང་སྲོང་གང་པོ་ཞེས་བྱ་བ་ལ་སྲས་མང་དུ་ཡོད་པའི་ནང་ན། ཡོན་ཏན་དང་ལྡན་པ་རྣམ་མང་ཐོས་ཞེས་གྲགས་པ་ཞིག་ཡོད། དེའི་སྲས་སུ་བཻ་ཤྲ་མ་ཎ་འདི་འཁྲུངས་ཤིང་གནོད་སྦྱིན་རྣམས་ཀྱི་རྒྱལ་པོར་དབང་བསྐུར་ཏེ། ལྕང་ལོ་ཅན་གྱི་ཕོ་བྲང་དུ་བཞུགས་པའི་སྐབས་གཅིག་ན། ལྷ་དང་ལྷ་མིན་གཉིས་འཁྲུགས་པའི་ཚེ། རྒྱལ་པོ་འདིའི་སྐུ་ཤིན་ཏུ་ཆེ་བ་གསེར་གྱི་ཡ་ལད་གྱོན་པའི་གཟི་བརྗིད་ཅན་ཞིག་ཏུ་མཛད་ནས། རི་རབ་ཀྱི་བང་རིམ་ལ་སྟེགས་མཛད་དེ་བཞུགས་པས། དེའི་གཟི་བརྗིད་ཀྱིས་ལྷ་མིན་བཟློག་ཅིང་། ལྷ་རྣམས་ངལ་གསོས་པར་གྱུར་པས་འདིའི་མཚན་ལ་རྒྱལ་པོ་ཆེན་པོ་ངལ་གསོས་པོར་གྲགས་པ་དང་། ཡང་ལྷ་མིན་གྱི་དམག་བྱུང་བའི་ཚེ། སེང་གེ་ཁྲོ་ཞིང་འཇིགས་པ་ཞིག་བཅིབས་ཏེ་ལྷའི་གནས་རྣམས་བསྲུངས་པས། གནས་བསྲུངས་ཆེན་པོར་གྲགས་པ་དང་། ཡང་སྦྲུལ་ནག་པོ་འཇིགས་སུ་རུང་བ་ལུས་ཤིན་ཏུ་ཆེ་བ་ཞིག་ཏུ་སྤྲུལ་ནས་ལྷ་མིན་རྣམས་མྱོས་ཤིང་རྒྱལ་བ་ན་ལུས་ངན་འདི་འདྲ་བས་བདག་ཅག་རྣམས་ཕམ་པར་བྱས་སོ། །ཞེས་བརྗོད་པས་མཚན་ལའང་ལུས་ངན་པོར་གྲགས་པ་སོགས་ལོ་རྒྱུས་མང་ཞིང་ཁྱད་པར་དུ་རྣམ་སྲས་འདི་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རིན་ཆེན་མང་ཞེས་བྱ་བ་དེ་ཉིད། སེམས་ཅན་དབུལ་ཞིང་ཕོངས་པ་རྣམས་སྐྱོང་བའི་དོན་དུ་བྱང་ཕྱོགས་སྐྱོང་བའི་གནོད་སྦྱིན་གྱི་རྒྱལ་པོར་སྐྱེ་བ་བཞེས་ནས་གཞན་དོན་བྱས་ན་སེམས་ཅན་ལ་ཕན་ཐོགས་ཆེ་བར་དགོངས་ཏེ། ཡབ་དྲང་སྲོང་རྣམ་མང་ཐོས་དང་། ཡུམ་ཀླུ་མོ་དཔལ་བཙུན་མོའི་སྲས་སུ་སྐུའི་སྐྱེ་བ་བཞེས་ཏེ་ཀླུའི་རྒྱལ་པོ་འཇོག་པོའི་སྲས་མོ་མེ་ཏོག་གཙུག་ཕུད་ཅེས་པ་ཁབ་ཏུ་བཞེས་ཤིང་། དེའི་རྫོངས་སུ་ནོར་བུ་བསམ་འཕེལ་བྱུང་བ་དང་། ནོར་བུའི་དྲ་བ་ཅན་གྱི་སོར་གདུབ་ལ་ཀླུའི་ཡི་གེ་ཡོད་པ་རྒྱལ་པོ་ལ་གཟིགས་སུ་ཕུལ་བ་ན། ཇི་ལྟ་བ་བཞིན་མཁྱེན་པས། བཙུན་མོའང་ཡིད་ཤིན་ཏུ་དགྱེས་ཏེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསམ་འཕེལ་ཕྱག་ཏུ་ཕུལ། འབྱོར་བ་ཟད་མི་ཤེས་པ་ནམ་མཁའི་མཛོད་ལ་མངའ་བརྙེས་ཤིང་། སེམས་ཅན་དབུལ་ཞིང་ཕོངས་པ་ཀུན་ཚིམ་པར་མཛད་པ་དང་། མདོར་ན་ཐེག་པ་ཆེ་ཆུང་དང་བཀའ་མདོ་རྒྱུད་ཐམས་ཅད་ནས་གསུངས་ཤིང་། སངས་རྒྱས་ཀྱི་བསྟན་པ་མཐའ་དག་གི་བཀའ་སྲུང་དམ་པར་མངའ་གསོལ་ཞིང་། དེ་ལྟར་དམ་བཅའ་ཞལ་བཞེས་མཛད་པའི་ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས་འདི་ནི་ཆེས་ཁྱད་པར་དུ་འཕགས་ཤིང་ཁུངས་བཙུན་པར་ཤེས་པར་བྱའོ། །
     རྒྱལ་ཆེན་རྣམ་ཐོས་སྲས་ནི་སྐྱེས་བུ་འབྲིང་གི་བཀའ་སྲུང་ཡིན་ལ། འདི་ལ་ཚར་ཆེན་བློ་གསལ་རྒྱ་མཚོས་བསྒྲིགས་པའི་ཆོས་སྐོར་བེའུ་བུམ་རྒྱས་པ་བཞུགས་ཤིང་། གཞིའི་རྒྱུད་ལ་གར་མཁན་མཆོག་གི་རྟོག་པ་དང་། རྣམ་སྲས་ཀྱི་རྒྱུད་སྣ་ཚོགས་སྒྲུབ་པ་དང་། རིན་ཆེན་འབྱུང་བ་དང་། སྣ་ཚོགས་དག་པ་སོགས་བཞུགས་ཤིང་རྒྱ་བོད་ཀྱི་པཎ་གྲུབ་དག་གིས་མན་ངག་ལོ་རྒྱུས་སོགས་ཞིབ་རྒྱས་པོད་གཉིས་ལྷག་བཞུགས་པའི་མན་ངག་གི་བརྒྱུད་ནི། རྡོ་རྗེ་འཆང་ནས་ཕྱག་ན་རྡོ་རྗེ་ལ་བརྒྱུད་པ། ཟངས་དཀར་ལོ་ཙཱ་པས་ཁ་ཆེ་དགོན་པ་བ་ནས་བརྒྱུད་པ་དང་། གཞན་ཁྲོ་ཕུ་ལོ་ཙཱ་པ་དང་། སློབ་དཔོན་པད་མ་དང་། དགའ་རབ་རྡོ་རྗེ། གནུབས་ཆེན། གནུབས་ལོ་ཙཱ་པ་བྱམས་པའི་དཔལ་སོགས་བཀའ་བརྒྱུད་མང་པོ་ནས་ཕེབས། ཚར་ཆེན་བློ་གསལ་རྒྱ་མཚོས་ཕྱོགས་བསྒྲིགས་མཛད་པའི་རྣམ་སྲས་བཀའ་བཅོ་ལྔའི་རྩ་བར་གྱུར་པ་བདེ་བྱེད་སེར་པོ་ལྷ་དགུ་ནི། ཟངས་དཀར་ལོ་ཙཱ་པས་གཏུམ་སྟོན་ལ་གནང་བ། སྟོད་ལུགས་ནི་ཕྱག་ན་རྡོ་རྗེས་སྤྱོད་མཛད་ཆོས་ཀྱི་རྡོ་རྗེ་ལ་གནང་བའི་བརྒྱུད་ཟངས་དཀར་ལོ་ཙཱ་པས་ཁ་ཆེ་དགོན་པ་བ་ལ་གསན་ཏེ་བརྒྱུད།
རྣམ་སྲས་སེར་ཆེན།
     རྒྱལ་པོ་ཆེན་པོ་ངལ་བསོས་པོ་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་མཚན་པའི་རྒྱལ་མཚན་འཛིན་པ། གཡོན་གཏེར་གྱི་ནེའུ་ལེས་ཡིད་བཞིན་གྱི་ནོར་བུའི་ཆར་འབེབས་པ་བསྣམས་ཤིང་། ནེའུ་ལེ་ལ་མིག་མངོན་དུ་ཕྱོགས་པའི་སེང་གེ་དཀར་པོ་ལུས་ཉམས་རྩལ་དང་ལྡན་པ་ཉལ་སྟབས་སུ་གནས་པའི་སྟེང་ན་རོལ་པའི་སྟབས་ཀྱིས་བཞུགས་པ། ཞལ་ནས་འདོད་དགུའི་ཆར་འབེབས་པ། རིན་པོ་ཆེའི་ཐོར་ཚུགས་དང་དབུ་རྒྱན་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། དར་སྣ་ཚོགས་པའི་ན་བཟའ་གསོལ་བ། ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེ་དུ་མ་དང་། གནོད་སྦྱིན་བྱེ་བས་བསྐོར་པའོ། །ཕྱོགས་མཚམས་བརྒྱད་ན། ཛམ་བྷ་ལ་སེར་པོ་རིན་པོ་ཆེ་བསྣམས་པ། གང་པ་བཟང་པོ་སེར་པོ་རིན་པོ་ཆེའི་བུམ་པ་གང་བ་འཛིན་པ་དང་། ནོར་བུ་བཟང་པོ་དཀར་པོ་ནོར་བུ་འཛིན་པ། ཀུ་བེ་ར་ནག་པོ་རལ་གྲི་འཛིན་པ། ཡང་དག་ཤེས་སེར་པོ་རལ་གྲི་འཛིན་པ། འབྲོག་གནས་ནག་པོ་རིན་པོ་ཆེའི་མདུང་དམར་འཛིན་པ་དང་། ལྔ་རྩེན་སེར་སྐྱ་ཁང་བརྩེགས་འཛིན་པ། འཇམ་པོ་འཁྱིལ་བ་དཀར་པོ་གཡས་གྲི་དང་གཡོན་ཕུབ་འཛིན་པ། ཐམས་ཅད་ཀྱང་གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས་ཤིང་། རང་མདོག་དང་མཚུངས་པའི་རྟ་ལ་བཅིབས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། གཞན་ཡང་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ། ལྷ་མ་སྲིན་སྡེ་བརྒྱད། སྡེ་དཔོན་ཉི་ཤུ་རྩ་བརྒྱད། སྟོབས་ཆེན་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་རང་རང་གི་འཁོར་ཚོགས་དཔག་ཏུ་མེད་པ་དང་བཅས་པ་གཡོན་ན་གཏེར་གྱི་ནེའུ་ལེ་འཛིན་པའོ། །རིན་ཆེན་མཛེས་པའི་ཕོ་བྲང་ནས། །ཁམས་གསུམ་དབང་དུ་བྱེད་པའི་ལྷ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ།
     སེར་ཆེན་ལྷ་དགུ་དང་དྲག་བྱེད་ཀླུ་བརྒྱད་ཀྱིས་བསྐོར་པ་འདི་ནི། ཟངས་དཀར་ལོ་ཙཱ་པས་སྨད་ཀྱི་ཆར་གཡོར་བོ་ཇོ་སྟོན་རྡོ་རྗེ་རྩེ་མོ་ལ་གནང་བ་དང་། ཡང་ན་ཁྲོ་ཕུ་ལོ་ཙཱ་པས་མཁན་ཆེན་བྱང་ཆུབ་དཔལ་ལ་གནང་བ་དང་། ཡང་ན་ཕྱག་ན་རྡོ་རྗེས་སློབ་དཔོན་ཀ་མ་རཱུ་བ་ལ་གནང་བ་ཟངས་དཀར་ལོ་ཙཱ་པས་གསན་པ་དང་། ཡང་ཟངས་དཀར་ལོ་ཙཱ་པས་ཁ་ཆེ་དགོན་པ་བ་ལ་གསན་པའི་བརྒྱུད་པའོ། །ལྗང་ཡུལ་མའམ་སེར་ཆེན་ལྷ་དགུ་ནི། དཔལ་ཕྱག་ན་རྡོ་རྗེས་སློབ་དཔོན་པད་མ་འབྱུང་གནས་ལ་གནང་ཞིང་། ཁོང་གིས་ལྷ་སྲས་དང་བློན་པོ་ཞང་ལྷ་བཟང་ཀླུ་དཔལ་གཉིས་དམག་ལ་འགྲོ་དུས་གནང་བ་དང་། ཁྲི་སྲོང་ལ་ལྷ་སྲས་མུ་ཏིག་བཙན་པོས་གསན་ཏེ་བརྒྱུད་པའོ། །
རྣམ་སྲས་ལྗང་སེར་བེ་ཅོན་ཅན།
     རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུས་མཚན་པའི་བེ་ཅོན་ཐུགས་ཀར་འཛིན་པ། གཡོན་པས་ནེའུ་ལེ་བརླ་གཡོན་པ་ལ་བརྟེན་ཏེ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ཞལ་ནས་ནོར་བུའི་ཆར་འབེབས་པ། ཕྲག་གོང་གཡས་གཡོན་ནས་ཉི་ཟླ་འཆར་བ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་གཏེར་གྱི་བུམ་པའི་སྟེང་ན་བཞུགས་པའོ། །དེའི་གཡོན་དུ་ཡུམ་པད་མ་གཙུག་ཕུད་མ་དམར་མོ། ཕྱག་གཡས་ནོར་བུ་དང་གཡོན་བུམ་པ་འཛིན་པ། སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །ནོར་བདག་གཏེར་ལ་མངའ་བརྙེས་པ་ཀླུ་རྒྱལ་ཚོགས་ལ་དབང་ཡང་བསྒྱུར། །རྒྱལ་ཆེན་ཡབ་ཡུམ་འཁོར་བཅས་ལ། །གུས་པས་བསྟོད་དེ་ཕྱག་ཀྱང་འཚལ། །ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧྱེ་ཧི། སྱཻཏིཥྛི་ཏིཥྛི་སརྦ་ཨརྠ་མེ་སཱ་དྷི་ནི། ཏདྱ་ཐཱ། སུ་དྷི་ནི། སུ་ར་ཥི། སུ་མ་ཏི། སུ་པུ་ཁྱི། ཧི་ལི་མི་ལི་སྭཱ་ཧཱ། ཞེས་དང་། ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཞེས་ཡབ་ཀྱི་སྔགས་དང་། ཨོཾ་ནཱ་ག་ནི་བ་སུ་ཏེ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཡུམ་གྱི་སྔགས་རྣམས་ཀྱང་བཟླའོ། །
     གསང་སྒྲུབ་ལྗང་སེར་བེ་ཅོན་ཅན་ཡབ་ཡུམ་ནི། ཟངས་དཀར་ལོ་ཙཱ་པའི་གོང་ཁུག་སློ་མ་ཅན་ལས་བྱུང་བ་སྟེ་བོད་དུ་ཁྲོ་ཕུ་ལོ་ཙཱ་པ་བྱམས་པ་དཔལ་གྱིས་སྤེལ།
རྣམ་སྲས་དྲག་བྱེད།
     རྣམ་ཐོས་སྲས་རབ་ཏུ་གནག་ལ་འཇིགས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་ཀ་ཤིའི་རས་ཀྱི་བ་དན་དཔྱངས་པའི་རྡོ་རྗེའི་དབྱུག་ཏོ་ནམ་མཁའ་ལ་འཕྱར་བ། གཡོན་པས་མཆོད་རྟེན་ནག་པོ་ཐུགས་ཀར་འཛིན་པ། སྤྱན་གསུམ་མཆེ་བ་གཙིགས་པ། ཁྲོ་གཉེར་བསྡུས་ཤིང་སྨ་ར་སྨིན་མ་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་དར་གྱི་སྟོད་གཡོགས་ཅན་དང་། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་ཅིང་། རིན་པོ་ཆེའི་དབུ་རྒྱན་ཅན། ཕྲག་གོང་གཡས་གཡོན་ནས་ཉི་ཟླ་འཆར་བ། སྐུ་སྟོད་ནས་བྱ་གཅན་གདུག་པའི་ཚོགས་དང་། སྐུ་སྐེད་ནས་གནོད་སྦྱིན་སྲིན་པོའི་ཚོགས་དང་། སྐུ་སྨད་ནས་སེང་གེ་སོགས་གཅན་གཟན་གདུག་པའི་ཚོགས་དཔག་ཏུ་མེད་པ་སྤྲོ་བ། མེ་དཔུང་འབར་བའི་དབུས་ན་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པའོ། །
     སྟོབས་ཆེན་མི་སྡུག་འཇིགས་པའི་གཟུགས། །གཏུམ་པོ་མ་རུངས་ཚར་གཅོད་པ། ། རྒྱལ་ཆེན་འཁོར་དང་བཅས་རྣམས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཨོཾ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་མ་ཧཱ་ཡཀྵ་རཱ་ཛ་ཀུ་བེ་ར། བཻ་རུ་དྷ་ཀ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ་ཧཱུཾ་ཕཊ།
     དྲག་བྱེད་སེང་བཞོན་ནི། གནུབས་ཆེན་གྱིས་བསྒྱུར་པའི་བེ་ཤྲ་ཝ་ཎ་ཁ་རག་ཁྲམ་ཐོགས་ནག་པོའི་རྒྱུད་ལས་གསུངས་ཏེ་བླ་མེད་དྲག་སྒྲུབ་ཀྱི་སྐོར་རོ། །
རྣམ་སྲས་མདུང་དམར་རྟ་སྔོན་ཅན།
     རྣམ་ཐོས་སྲས་དམར་པོ་ཞལ་གཅིག་ཕྱག་གཉིས་མཆེ་བ་གཙིགས་པ། སྨིན་མ་དང་སྨ་ར་དམར་སེར་མེ་ལྟར་འབར་བ། ཕྱག་གཡས་མདུང་དམར་དར་ཆེན་བཅས་པ་འཕྱར་ཞིང་། གཡོན་གཏེར་གྱི་ནེའུ་ལེ་འཛིན་པས་སྒྲུབ་པ་པོ་ལ་དངོས་གྲུབ་ཀྱི་ཆར་འབེབས་པ། དར་སྣ་ཚོགས་ཀྱི་ན་བཟའ་དང་བསེ་ཁྲབ་གསོལ་བ། གསེར་གྱི་སྐེ་རགས་ཅན། དབུ་ལ་རྨོག་ཞུ་དང་ཞབས་ལ་བསེའི་ལོ་ཁྲམ་གསོལ་བ། འཁོར་དུ་སྲས་གཟའ་མཆོག་ཆེན་པོ་རཱ་ཧུ་ལ་དུད་ཁ་སྐུ་སྟོད་སྲིན་པོའི་ལུས་ལ་སྐུ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། དབུ་དགུའི་སྟེང་ན་བྱ་རོག་གི་མགོ་ཡོད་པ། མགོ་ལུས་ཐམས་ཅད་མིག་གིས་གང་བ། ཕྱག་གཡས་པས་ཆུ་སྲིན་གྱི་རྒྱལ་མཚན་དང་། གཡོན་སྦྲུལ་ཞགས་འཛིན་པ། གནོད་སྦྱིན་དྷ་ན། གནོད་སྦྱིན་ཀ་ལ། གནོད་སྦྱིན་ཀུ་བེ་ར། གནོད་སྦྱིན་བུམ་སྣ། གནོད་སྦྱིན་དུད་སྣ། གནོད་སྦྱིན་སྣ་མ། གནོད་སྦྱིན་སྣ་བོ་ཆེ། དེ་ལྟར་བདུན་གའང་ཐུང་ཞིང་གསུས་པ་ཆེ་བ་འཇིགས་པའི་གཟུགས་ཅན་དར་དང་རིན་པོ་ཆེས་བརྒྱན་པ། གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པའོ། །སྒོ་བཞིར་ལྕགས་ཀྱུ་མ་དཀར་མོ། ཞགས་པ་མ་སེར་མོ། ལྕགས་སྒྲོག་མ་དམར་མོ། དྲིལ་བུ་མ་ལྗང་གུ། ཐམས་ཅད་ཀྱང་འཛུམ་ཁྲོ་གཡས་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པའོ། །
     བཻ། རིན་ཆེན་མགོན་པོ་བཅོམ་ལྡན་འདས། །སངས་རྒྱས་ཀུན་པས་སྔར་སངས་རྒྱས། །འགྲོ་བའི་བསམ་པ་རྫོགས་མཛད་པ། །ངལ་བསོས་པོ་ལ་ཕྱག་འཚལ་ལོ། །ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡེ། བཻ་ཤྲ་མ་ཎ་ཡེ་སརྦ་ཙིཏྟ་རཏྞ་ཧྲི་ཧྲི་ཛ་ཛཿམདུང་དམར་ཅན་ལྷ་བཅུ་གསུམ་མ་ནི། གསང་བ་གཤིན་རྗེ་ལྟར་སྒྲུབ་པ་དགའ་རབ་རྡོ་རྗེའི་བསྙེན་དུས་སུ་དངོས་སུ་ཞལ་གཟིགས་ཤིང་མན་ངག་གནང་སྟེ་བརྒྱུད་པའོ། །
རྣམ་སྲས་ལྗང་གུ་སེང་གཞོན་མ་ཛྙཱ་ནའི་ལུགས།
     རྣམ་ཐོས་སྲས་ལྗང་གུ་ཞལ་གཅིག་སྤྱན་གསུམ་པ། མཆེ་བ་ཅུང་ཟད་གཙིགས་པ། ཕྱག་གཡས་རིན་ཆེན་ཕྲེང་བས་མཚན་པའི་དབྱུག་ཏོ་དང་། གཡོན་པ་གཏེར་གྱི་ནེའུ་ལེ་དཀུ་ལ་བརྟེན་པའི་ཚུལ་གྱིས་འཛིན་པ། དར་གྱི་ན་བཟའ་དང་གསེར་གྱི་གོ་ཆ་གསོལ་བ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། སེམས་དཔའི་ཕྱེད་སྐྱིལ་གྱིས་སེང་གེའི་གདན་ལ་བཞུགས་པའོ། །འཁོར་དུ་ནོར་བདག་བརྒྱད་དང་། དེ་ཐམས་ཅད་ཀྱང་རྟ་སྔོན་པོ་ལ་བཅིབས་ཤིང་གནོད་སྦྱིན་བྱེ་བའི་ཚོགས་ཀྱིས་བསྐོར་པ། ཕྱི་རོལ་ཏུ་ཀླུ་ཆེན་བརྒྱད་ཀ་སྐུ་མདོག་སེར་པོ་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་ན་རིན་པོ་ཆེ་བསྣམས་པའོ། །གནོད་སྦྱིན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ནོར་ལ་དབང་བསྒྱུར་འདོད་ཡོན་ཆར་དུ་འབེབས། ། དབུལ་བའི་གདུང་སེལ་མགོན་པོ་ཐུགས་རྗེ་ཅན། །རྒྱལ་བ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཨོཾ་བཻ་ཤྲ་མ་ཎ་ཧཱུཾ་སྭཱ་ཧཱ། ཞེས་པ་བསྙེན་པའི་སྔགས་སོ། །
     འདི་ཉེ་བརྒྱུད་ཏེ་ལོ་པ་ནས་བོད་དུ་རྗེ་སངས་རྒྱས་དཔོན་གྱིས་སྤེལ་བའོ། །
རྣམ་སྲས་དམར་བོ་གར་མཁན་མཆོག
     རྣམ་ཐོས་སྲས་གར་མཁན་མཆོག་དམར་སྨུག་ཞལ་གསུམ་སྐུ་ལུས་དང་མཚུངས་པའི་མདོག་ཅན། ཕྱག་བཅོ་བརྒྱད་ཀྱི་དང་བོ་གཉིས་ནོར་བུས་གང་བའི་གཞོང་བ་འཛིན་པ། ལྷག་མ་བཅུ་དྲུག་རིམ་པ་བཞིན་དུ། རྒྱལ་མཚན་དབྱུག་ཏོ་རལ་གྲི་མདའ། །རྩེ་གསུམ་ཐོ་བ་བི་ཛ་པཱུར། །མདུང་དམར་རྣམས་ནི་གཡས་སུའོ། །ནེའུ་ལེ་པད་མ་སྦྲགས་པ་དང་། །སྦྲུལ་ཞགས་འཁོར་ལོ་རྡོ་རྗེའི་ཞགས། །གཞུ་དང་བུམ་པ་རི་རབ་དང་། །ཡོངས་འདུའི་ཤིང་སྡོང་གཡོན་ན་འཛིན། །ཞེས་པའོ། །དར་གྱི་ན་བཟའ་དང་། གསེར་གྱི་གོ་ཁྲབ། མུ་ཏིག་གི་རྒྱན་ཅན་དང་། སྦྲུལ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཁྲོ་འཛུམ་རལ་བའི་ཐོར་ཚུགས་ཅན་ནོ། །མདུན་དུ་ཡུམ་པད་མ་གཙུག་ཕུད་དམར་མོ་བུམ་པ་དང་རིན་པོ་ཆེ་བསྣམས་པ། འཁོར་སྲས་ཉི་མ་ལ་དགའ་བ་དཀར་པོ། རིན་པོ་ཆེ་འཛིན་པ། འཁོར་སྲས་ཉི་མ་ལ་དགའ་བ་དཀར་པོ། རིན་པོ་ཆེ་འཛིན་པ་ལྷའི་ཆ་ལུགས་ཅན། ནོར་བུ་བཟང་པོ་དཀར་པོ་ལུག་གི་མགོ་ཅན་རྒྱལ་མཚན་འཛིན་པ། གང་པ་བཟང་པོ་སེར་པོ་རྟའི་མགོ་ཅན་བུམ་པ་འཛིན་པ། ཡང་དག་ཤེས་སྔོན་པོ་ཤ་བའི་མགོ་ཅན་ནོར་བུ་འཛིན་པ། སྲོད་སྤོང་དམར་སེར་རའི་མགོ་ཅན་གྲེ་བ་འཛིན་པ། བློན་པོ་རྒྱལ་བ་ཁྱུ་མཆོག་ལྗང་གུ་གླང་བོ་ཆེའི་མགོ་ཅན་གཞོང་བ་འཛིན་པ། གནོད་སྦྱིན་དང་ཀླུའི་ཚོགས་དཔག་ཏུ་མེད་པའོ། །
     དཔལ་ལྡན་རྒྱལ་པོ་རྣམ་ཐོས་སྲས། །གར་མཁན་མཆོག་གི་གཟུགས་འཛིན་པ། །བཙུན་མོ་སྲས་དང་བློན་པོ་དང་། །རྒྱལ་ཕྲན་འཁོར་དང་བཅས་ལ་བསྟོད། །ན་མོ་བཻ་ཤྲ་མ་ཎ་ཡེ། ན་ད་ཀུ་བེ་ར་མ་ཧཱ་བྷ་ག་བྷྱ་ཀྲིཏྟ་པི་ཧ་ན་དྷྱ་མ་ན་སིདྷི་སྭཱ་ཧཱ།
     རྣམ་སྲས་སེར་ཆེན། མདུང་དམར་རྟ་སྔོན་ཅན། ལྗང་སེར་བེ་ཅོན་ཅན། དམར་པོ་གར་མཁན་མཆོག གསུང་ཆོག་ལུས་ངན། དྲག་བྱེད་ནག་པོ་རྟ་སྔོན་ཅན། དཀར་པོའི་ཚེ་འཛིན་རྣམས་ཀྱི་རྗེས་གནང་ནི། ཕྱག་ན་རྡོ་རྗེས་སྤྱོད་མཛད་ཆོས་ཀྱི་རྡོ་རྗེར་གནང་བ་ཟངས་དཀར་ལོ་ཙཱ་པས་ཁ་ཆེ་དགོན་པ་བ་ལ་གསན་ཏེ་བོད་དུ་བརྒྱུད།
རྣམ་སྲས་གསུང་མཆོག་ལུས་ངན་པོ།
     རྣམ་ཐོས་སྲས་དམར་པོ་འོདཟེར་འཕྲོ་བ། ཞི་ཞིང་འཛུམ་ལ་སྒེག་ཅིང་ཤ་ཉམས་རྒྱས་ཞིང་། ཕྱག་གཉིས་ཀྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་བཟུང་ནས་འབུད་པ་དང་། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཁོར་གནོད་སྦྱིན་བརྒྱད་དང་། གནོད་སྦྱིན་མོ་བརྒྱད་པོ་ཐམས་ཅང་ཀྱང་ཁམས་གསུམ་དབང་དུ་བསྡུ་བའི་ཆ་ལུཀས་ཅན་དུང་དཀར་འབུད་པའོ། །
     རྡོ་རྗེ་འཇིགས་བྱེད་ལུས་ངན་པོ། །དཔལ་དང་གྲགས་པ་རབ་འཕེལ་བ། །གསུང་མཆོག་རྒྱལ་པོ་རྣམ་ཐོས་སྲས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཨོཾ་བཻ་ཤྲ་མཎ་མ་མ་ཀིརྟི་པུཥྚིཾ་ཀུ་རུ་སྭཱ་ཧཱ།
     རྣམ་སྲས་དམར་པོ་གསུང་མཆོག་ལུས་ངན་པོ་ནི། ཟངས་དཀར་ལོ་ཙཱ་པས་ཁ་ཆེ་དགོན་པ་བ་ལ་གསན་ནས་བོད་དུ་བརྒྱུད་དོ། །
རྣམ་སྲས་ནག་པོ་རྟ་སྔོན་ཅན།
     རྒྱལ་པོ་ཆེན་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྡུས་པ། ཕྱག་གཡས་རལ་གྲི་མེ་འབར་བ་འཕྱར་བ། གཡོན་པས་མདའ་དར་ལེ་བརྒན་གྱི་མདོག་ཅན་ཕྲག་པ་ལ་བཀལ་བ། སྐུ་ལ་དར་ནག་གི་བེར་ཆེན་བསེ་ཁྲབ་དང་བཅས་པ་གསོལ་བ། དབུ་ལ་ལྕགས་ཀྱི་རྨོག་ཞུ་བསྣམས་པ། སྨ་ར་སྨིན་མ་མེ་ལྟར་འབར་བ། ཞབས་ལ་སག་ལྷམ་གསོལ་ཞིང་། བཻཌཱུཪྻའི་མདོག་ཅན་གྱི་རྟ་མཆོག་གསེར་གྱི་སྒ་དང་ཕྲ་མེན་གྱི་ཡོབ་ཅན་ལ་ཆིབས་པ། མེ་རླུང་འཚུབ་མའི་དབུས་ན་བཞུགས་པའོ། །ཕྱོགས་བཞིར་བདུད་མོ་གཤིན་རྗེ་མགོ་དགུ་མ་ནག་མོ། བདུད་མོ་གཤིན་རྗེ་ལག་བརྒྱ་མ་སེར་མོ། བདུད་མོ་ཕུང་ཁྲོལ་མ་དམར་ནག བདུད་མོ་གསོད་བྱེད་མ་ལྗང་ནག་ཐམས་ཅད་ཀྱང་མི་མགོའི་དོ་ཤལ་དང་རིན་པོ་ཆེས་བརྒྱན་པ། རང་མདོག་དང་མཚུངས་པའི་བུད་མེད་འབུམ་གྱིས་བསྐོར་པ། གཞན་ཡང་རྒྱལ་པོ་ཆེན་པོ་བཞི་དང་བཅས་པའོ། །
     ལྷ་ཚོགས་དབུགས་འབྱིན་ལྷ་མིན་འཇོམས་ལ་དཔའ། །མི་བཟད་བདུད་ཀྱི་ཆ་ལུགས་བསྟན་པ་སྐྱོང་། །བྱང་ཕྱོགས་རྒྱལ་པོ་བདུད་རྒྱལ་རྣམ་ཐོས་སྲས། །འཁོར་བཅས་སྤྲུལ་པ་ཡང་སྤྲུལ་ཚོགས་ལ་བསྟོད། །ཨོཾ་བཻ་ཏྲཀ་རཀྵ་བྷྱོ།
     སློབ་དཔོན་ཀླུ་སྒྲུབ་ཀྱིས་སྤྲང་པོ་ཉི་མའི་དངོས་གྲུབ་ཅེས་པའི་ཕྱི་རོལ་པ་ཉི་མ་བསྒྲུབས་ནས་ནང་པའི་གསུང་རབ་ཀྱི་དཔེ་མང་པོ་སྲེག་མཁན་དེ་ལྷ་འདི་ལ་གཏད་ནས་ཚར་བཅད་པ་ཡིན་གསུངས་ཞིང་། ཁ་ཅིག་དགའ་རབ་རྡོ་རྗེའི་བསྙེན་དུས་ཀྱི་མདུང་དམར་ཅན་ལྷ་བཅུ་གསུམ་པ་ཡིན་པར་ཡིག་རྙིང་དག་ལས་འབྱུང་ཟེར་རོ། །རྣམ་སྲས་མདུང་དམར་ཅན་ཟེར་དོན་དེའི་འཁོར་ན་ལས་མཁན་མདུང་དམར་བསྣམས་པ་ཞིག་ཡོད་པས་དེ་ལྟར་དུ་བཏགས་ཤིང་། དྲག་བྱེད་རྟ་སྔོན་ཅན་བདུད་པོ་བཞི་ལྷ་ལྔ་བླ་མེད་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་སྤྲང་པོ་ཉི་མའི་དངོས་གྲུབ་བསྒྲལ་བའི་ཆོས་སྲུང་བཙན་པོ་ཡིན་ལ། བརྒྱུད་ཚུལ་གཞན་ཀླུ་སྒྲུབ་ནས་རིམ་བཞིན་བ་རི་ལོ་ཙཱ་པར་བརྒྱུད་པའོ། །སྲིན་པོ་བཞི་བསྐོར་ནི། ཡང་གསང་དྲག་པོ་སྟེ་འདི་ལ་བརྟེན་ནས་བྲམ་ཟེ་སུ་པ་ཏོས་ཞག་གསུམ་ལ་མུ་སྟེགས་བཅོ་ལྔ་བསྒྲལ་བ་སོགས་མངོན་སྤྱོད་རྣོ་ཚན་ཆེ་བར་བཤད།
རྣམ་སྲས་དཀར་བོ་ཚེ་འཛིན།
     རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་དང་། གཡོན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཆུ་ཤེལ་གྱི་བུམ་པ་གསེར་གྱི་རྡོ་རྗེས་ཁ་བརྒྱན་པ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱོགས་མཚམས་བརྒྱད་དུ་ཛམ་ལྷ་ལ། གང་པ་བཟང་པོ། ནོར་བུ་བཟང་པོ། ཀུ་བེ་ར། ཡང་དག་ཤེས། འབྲོག་གནས། ལྔ་རྩེན། ཙི་པི་ཀུནྜ་ལི་རྣམས་ཐམས་ཅད་ཀྱང་དཀར་པོ། གཡས་ན་ལྕགས་ཀྱུ་དང་གཡོན་ན་བུམ་པ་འཛིན་པ། དར་དཀར་པོ་དང་རིན་པོ་ཆེས་བརྒྱན་པ། རྟ་དཀར་པོ་ལ་བཅིབས་པའོ། །ཀླུ་ཆེན་བརྒྱད། གནོད་སྦྱིན་བྱེ་བ། སྡེ་དཔོན་ཉེར་བརྒྱད་དང་། སྟོབས་ཆེན་སོ་གཉིས་ཐམས་ཅད་ཀྱང་དཀར་པོ་ཚེ་འཛིན་གྱི་རྣམ་པ་ཅན་ནོ། །
     གདོང་ལྔ་ཉི་ཟླའི་གདན་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ཀེ་ལ་ཤ་ལྟར་སྐུ་མདོག་དཀར། །གཡས་པ་ཚེ་འགུགས་ལྕགས་ཀྱུ་འཛིན། །གཡོན་པ་ཚེ་ཡི་ཤེལ་བུམ་བསྣམས། །སྐུ་ལ་རིན་ཆེན་སྣ་ཚོགས་སྤྲས། །ལྷ་ཡི་ནོར་སྟེར་ཁྱོད་ལ་འདུད། །ཚེ་དང་ནོར་གྱི་དངོས་གྲུབ་སྩོལ། །ཨོཾ་བྷྲཱུཾ་ཎི་ཨཱ་ཡུ་ཥེ་ཧཱུཾ་ཛཿ
     གོང་གསལ་རྣམ་སྲས་རིགས་བརྒྱད་ནི། ཕྱག་ན་རྡོ་རྗེ་ལས་སྤྱོད་མཛད་ཆོས་ཀྱི་རྡོ་རྗེས་དངོས་སུ་གསན་པ་ནས་ཟངས་དཀར་ལོ་ཙཱ་པས་བོད་དུ་སྤེལ། མཐིང་ག་ཞལ། གསུམ་ཕྱག་དྲུག་དང་། གར་མཁན་མཆོག དཀར་པོ་ཚེ་འཕེལ་སོགས་ནི་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེས་སྤྱོད་མཛད་ཆོས་ཀྱི་རྡོ་རྗེ་ལ་དངོས་སུ་གསུངས་པའི་རྒྱུན་ཟངས་དཀར་ལོ་ཙཱ་པ་འཕགས་པ་ཤེས་རབ་ཀྱིས་ཁ་ཆེ་དགོན་པ་བ་ལ་གསན་ནས་བོད་དུ་སྤེལ།
རྣམ་སྲས་ཡང་གསང་ཕྱག་མཚན་བཞི་བ།
     རྒྱལ་པོ་ཆེན་པོ་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་སྟག་གི་རྒྱལ་མཚན་དང་མདུང་དམར། གཡོན་གྱིས་ནེའུ་ལེ་དང་ལྕགས་ཀྱུ་འཛིན་པ། སྤྱན་གསུམ་བ་དང་ལྡན། མཆེ་བ་གཙིགས་པ། དར་དམར་པོའི་ཅོད་པན་ཅན། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་དང་བསེ་ཁྲབ་གསོལ་བ། གསེར་གྱི་སྐེ་རགས་ཅན། དབུ་ལ་རྨོག་ཞུ་དང་། ཞབས་ལ་བསེའི་ལོ་ཁྲམ་གསོལ་བ། འོད་ཟེར་འབར་བའི་དབུས་ན་བཞུགས་པའོ། །ཕྱོགས་བཞིར་ནོར་རྒྱུན་མ། དབྱངས་ཅན་མ། ནོར་སྐྱོང་མ། བྷ་ར་ལི་རྣམས་དམར་མོ་ཞི་མ་ཁྲོ། རུས་པའི་རྒྱན་གྱིས་བརྒྱན་པ། གཡས་ལྕགས་ཀྱུ་དང་། གཡོན་རྔ་ཡབ་བསྣམས་པ། ནོར་བདག་བརྒྱད་དང་བཅས་པའོ། །
     རིན་ཆེན་མཛེས་པའི་ཕོ་བྲང་ནས། །ཁམས་གསུམ་དབང་དུ་བྱེད་པའི་ལྷ། །རྒྱལ་ངོ་ཆེན་པོ་རྣམ་ཐོས་སྲས། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨོཾ་མ་ཧཱ་རཱ་ཛ་ཡཀྴ་ས་མ་ཡེ་བཻ་ཤྲ་མ་ཎ་ཡོ་སརྦ་ཙིཏྟ་རཏྣ་ཧྲི་ཧྲི་ཛཿཛཿརྣམ་སྲས་ཡང་གསང་མདུང་དམར་ཅན་ཕྱག་མཚན་བཞི་བ་ནི། དཔལ་ཕྱག་ན་རྡོ་རྗེས་སློབ་དཔོན་དགའ་རབ་རྡོ་རྗེ་ལ་གནང་བ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་གཡུ་སྒྲ་སྙིང་པོ་ལ་གསན་ཏེ་བརྒྱུད་པ་དང་། བཀའ་མའི་རྒྱུད་ནི། ཕྱག་ན་རྡོ་རྗེས་མི་ཕམ་སྐྲའི་ལྭ་བ་ཅན་ལ་བརྒྱུད་པ་ཟངས་དཀར་ལོ་ཙཱ་པ་འཕགས་པ་ཤེས་རབ་ཀྱིས་ཨ་བྷྱ་ཀ་ར་ལ་ཞུས་ཏེ་བོད་དུ་བརྒྱུད་པའོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...