སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བསྡུས་གྲྭའི་སྐོར་དྲི་བ་དྲིས་ལན་གྱི་ཚུལ་དུ་ཕྲན་ཙམ་བཀོད་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-5 10:16:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
1 ཁ་དོག་ཡིན་ན་དམར་བོ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། དཀར་བོ་ལྟ་བུ་ཁ་དོག་ཡིན་ཏེ། དམར་བོ་མ་ཡིན་པའི་ཕྱིར་རོ།། གཞན་ཡང་། སེར་བོ་དང་སྔོན་པོ་སོགས་མ་ཁྱབ་ཀྱི་སྐྱོན་ལ་བཞག་ཆོག་གོ།
2 ཁ་དོག་ཡིན་ན་རྩ་བའི་ཁ་དོག་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། ཉི་མའི་འོད་ཟེར་ལྟ་བུ། ཁ་དོག་ཡིན་ཀྱང་། རྩ་བའི་ཁ་དོག་མ་ཡིན་པའི་ཕྱིར་རོ།། གཞན་ཡང་། ལྗང་ཁུ་དང་སྣང་བ། གྲིབ་མ་སོགས་དེའི་མ་ཁྱབ་ཀྱི་སྐྱོན་ལ་བཞག་ཆོག་གོ།
3 རྩ་བའི་ཁ་དོག་ཡིན་ན་རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། ནག་པོ་ལྟ་བུ་རྩ་བའི་ཁ་དོག་ཡིན་ཀྱང་། རྩ་བའི་ཁ་དོག་བཞི་བོ་གང་རུང་མ་ཡིན་པའི་ཕྱིར་རོ།།
4 དབྱིབས་དང་ཁ་དོག་གཉིས་པོ་གང་རུང་ཡིན་ན། ཁ་དོག་བཞི་བོ་གང་རུང་མ་ཡིན་པའི་ཕྱིར་རོ།།
ལན། མ་ཁྱབ་སྟེ། མཚན་མོ་མུན་ཁྲོད་ན་གནས་པའི་བུམ་པའི་ཁ་དོག་ལྟ་བུ་དབྱིབས་དང་ཁ་དོག་གཉིས་པོ་གང་རུང་ཡིན་ཀྱང་། གཟུགས་ཀྱི་སྐྱེ་མཆེད་མ་ཡིན་པའི་ཕྱིར་རོ།།
5 ཡན་ལག་གི་ཁ་དོག་ཡིན་ན་ཡན་ལག་གི་ཁ་དོག་བརྒྱད་པོ་གང་རུང་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། འཇམ་དབྱངས་དམར་སེར་གྱི་ཁ་དོག་ལྟ་བུ་ཡན་ལག་གི་ཁ་དོག་ཡིན་ཀྱང་། ཡན་ལག་གི་ཁ་དོག་བརྒྱད་པོ་གང་རུང་མ་ཡིན་པའི་ཕྱིར་རོ།།
6 གཟུགས་ཡིན་ན་ཁ་དོག་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། ཙནྡན་གྱི་དྲི་ལྟ་བུ་གཟུགས་ཡིན་ཀྱང་། ཁ་དོག་མ་ཡིན་པའི་ཕྱིར་རོ།།
7 གཟུགས་ཡིན་ན་གཟུགས་ཀྱི་སྐྱེ་མཆེད་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། སྒྲ་ལྟ་བུ་གཟུགས་ཡིན་ཀྱང་། གཟུགས་ཀྱི་སྐྱེ་མཆེད་མ་ཡིན་པའི་ཕྱིར་རོ།།
8 ཤེས་བྱ་ཡིན་ན་རྟག་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། དངོས་པོ་ལྟ་བུ་ཤེས་བྱ་ཡིན་ཀྱང་། རྟག་པ་མ་ཡིན་པའི་ཕྱིར་རོ།།
9 མིག་དབང་ཡིན་ན་རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། གཉིད་ལོག་པའི་སྐབས་ཀྱི་མིག་དབང་དེ་མིག་དབང་ཡིན་ཀྱང་། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པ་མ་ཡིན་པའི་ཕྱིར་རོ།།
10 གཞི་གྲུབ་ན་དངོས་པོ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། འདུས་མ་བྱས་ཀྱི་ནམ་མཁའ་དེ་གཞི་གྲུབ་ཡིན་ཀྱང་དངོས་པོ་མ་ཡིན་པའི་ཕྱིར་ཏེ། རྟག་པ་ཡིན་པའི་ཕྱིར་རོ།།
11 གང་ཟག་གི་བདག་མེད་ཡིན་ན་ཡོད་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། རི་བོང་གི་རྭ་དེ་གང་ཟག་གི་བདག་མེད་ཡིན་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། མེད་པ་ཡིན་པའི་ཕྱིར་རོ།།
12 འདུས་བྱས་ཡིན་ན་བེམ་པོ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། མི་ལྟ་བུ་འདུས་བྱས་ཡིན་ཀྱང་བེམ་པོ་མ་ཡིན་ཏེ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར་རོ།།
13 ཡོད་མེད་གང་རུང་ཡིན་ན་རྟག་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། རི་བོང་གི་རྭ་ཡོད་མེད་གང་རུང་ཡིན་ཀྱང་རྟག་པ་མ་ཡིན་པའི་ཕྱིར་ཏེ། མེད་པ་ཡིན་པའི་ཕྱིར་རོ།།
14 རྟག་པར་རྟོགས་པའི་ཚད་མ་ཡོད་ན་ཡོད་པར་རྟོགས་པའི་ཚད་མ་ཡོད་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། རྟག་པ་ཡིན་ལ་ཡོད་པ་མ་ཡིན་པ་མེད་པའི་ཕྱིར་རོ།།
15 རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་རྟག་དངོས་གང་རུང་དུ་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་མེད་གང་རུང་དུ་རྟོགས་པའི་ཚད་མ་ཡོད་པ་གཉིས་ཀ་ཡིན་པས་ཨེ་ཁྱབ།
ལན། ཁྱབ་སྟེ། རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་དེ་རྟག་དངོས་གང་རུང་དུ་རྟོགས་པའི་ཚད་མ་ཡོད་པ་གང་ཞིག  ཡོད་མེད་གང་རུང་དུ་རྟོགས་པའི་ཚད་མ་ཡོད་པས་ཁྱབ་པའི་ཕྱིར་ཏེ། ཤེས་པ་ཡིན་པས་ཁྱབ་པའི་ཕྱིར་རོ།།
16 ཡོད་པ་གཞིར་བཞག་ལ། མེད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཞེས་སྤེལ་ཚེ།  གང་དག་ཡོད་ལ་གང་དག་མེད་པས་ཁྱབ།
ལན། གཅིག་དང་གཉིས། ལྔ་སོགས་མེད་པས་ཁྱབ། གསུམ་དང་བཞི་སོགས་ཡོད་པས་ཁྱབ།
17  རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་ཅི་ཙམ་བརྩེགས་ཀྱང་ཡོད་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ་ལ་རྟག་པར་རྟོགས་པའི་ཚད་མ་ཡོད་ཀྱང་དེ་རྟག་པར་རྟོགས་པའི་ཚད་མ་ཡོད་ཚུལ་མེད་པས། རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་ཅི་ཙམ་བརྩེགས་ཀྱང་ཡོད་པ་ཡིན་པས་མ་ཁྱབ་པའི་ཕྱིར་རོ།།
18 དངོས་པོ་ཡིན་ན་དངོས་པོར་རྟོགས་པའི་ཚད་མ་ཅི་ཙམ་བརྩེགས་ཀྱང་ཡོད་པས་ཨེ་ཁྱབ།
ལན། ཁྱབ་སྟེ། དངོས་པོ་ཡིན་ན་དངོས་པོར་རྟོགས་པའི་ཚད་མ་ཅི་ཙམ་བརྩེགས་ཀྱང་ཡོད་པས་ཁྱབ་པའི་ཕྱིར་ཏེ། དངོས་པོ་ཡིན་ན་དངོས་པོར་རྟོགས་པའི་ཚད་མ་ཅི་ཙམ་བརྩེགས་ཀྱང་དངོས་པོ་ཡིན་པས་ཁྱབ་པའི་ཕྱིར་རོ།།
19 ཁྱད་གཞི་མེད་པ་གཞིར་བཞག་ལ། ཡོད་རྟོགས་མེད་རྟོགས་སྤེལ་གྱུར་ཚེ། གང་དང་གང་ཡོད་པས་ཁྱབ་པ་དང་། གང་དང་གང་མེད་པས་ཁྱབ།
ལན། གཉིས་དང་བཞི་དྲུག་རྣམས་ཡོད་པས་ཁྱབ། གཅིག་གསུམ་ལྔ་རྣམས་མེད་པས་ཁྱབ།
20 དངོས་མེད་དུ་རྟོགས་པའི་ཚད་མ་ཡོད་ན་རྟག་པར་རྟོགས་པའི་ཚད་མ་ཡོད་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། རི་བོང་གི་རྭ་དངོས་མེད་དུ་རྟོགས་པའི་ཚད་མ་ཡོད་པ་གང་ཞིག  རྟག་པར་རྟོགས་པའི་ཚད་མ་མེད་པའི་ཕྱིར་ཏེ། རྟག་པ་མ་ཡིན་པའི་ཕྱིར།
21 མ་བྱས་པར་རྟོགས་པའི་ཚད་མ་མ་བྱས་པར་རྟོགས་པའི་ཚད་མ་ཡོད་ན་མ་བྱས་པར་རྟོགས་པའི་ཚད་མ་ཡོད་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། སྒྲ་ལྟ་བུ་ལ་མ་བྱས་པར་རྟོགས་པའི་ཚད་མ་མ་བྱས་པར་རྟོགས་པའི་ཚད་མ་ཡོད་ཀྱང་། མ་བྱས་པར་རྟོགས་པའི་ཚད་མ་མེད་པའི་ཕྱིར་ཏེ། བྱས་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་རོ།།
22 མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ན་མེད་པར་རྟོགས་པའི་ཚད་མ་ཡོད་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། བུམ་པ་ལྟ་བུ་ལ་མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ཀྱང་། མེད་པར་རྟོགས་པའི་ཚད་མ་མེད་དེ། ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་རོ།།
23 རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ན་རྟག་པར་རྟོགས་པའི་ཚད་མ་དང་མེད་པར་རྟོགས་པའི་ཚད་མ་གང་རུང་ཡོད་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། ཀ་བ་ལྟ་བུ་ལ་རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ཀྱང་། རྟག་པར་རྟོགས་པའི་ཚད་མ་དང་མེད་པར་རྟོགས་པའི་ཚད་མ་གང་རུང་མེད་དེ། དངོས་པོ་ཡིན་པའི་ཕྱིར་རོ།།
24 ཁྱད་གཞི་མིན་པ་གཞིར་བཞག་ལ། ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཞེས་སྤེལ་ཚེ།  གང་དག་ཡིན་པས་ཁྱབ། གང་དག་མ་ཡིན་པས་ཁྱབ།
ལན། གཅིག་དང་གཉིས། ལྔ་དང་དྲུག  དགུ་སོགས་ཡིན་པས་ཁྱབ། གསུམ་དང་བཞི། བདུན་དང་བརྒྱད་སོགས་མ་ཡིན་པས་ཁྱབ།
25 དངོས་པོ་མ་ཡིན་པ་ལས་ལོག་པ་ཡིན་ན་ཤེས་པ་མ་ཡིན་པ་ལས་ལོག་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། བུམ་པ་ལྟ་བུ། དངོས་པོ་མ་ཡིན་པ་ལས་ལོག་པ་ཡིན་ཀྱང་། ཤེས་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པའི་ཕྱིར་ཏེ།  ཤེས་པ་མ་ཡིན་པའི་ཕྱིར་རོ།།
26 དངོས་པོ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་ན་དངོས་པོ་ཡིན་པ་ལས་ལོག་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། རྣམ་མཁྱེན་ལྟ་བུ། དངོས་པོ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་ཀྱང་། དངོས་པོ་ཡིན་པ་ལས་ལོག་པ་མ་ཡིན་པའི་ཕྱིར་ཏེ། དངོས་པོ་ཡིན་པའི་ཕྱིར་རོ།།
27 དངོས་པོ་མ་ཡིན་པ་ལས་ལོག་པ་ཡིན་ན། མེད་པ་མ་ཡིན་པ་ལས་ལོག་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། བུམ་པ་ལྟ་བུ། དངོས་པོ་མ་ཡིན་པ་ལས་ལོག་པ་ཡིན་ཀྱང་། མེད་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པའི་ཕྱིར་ཏེ། མེད་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར་རོ།།
28 རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་ན། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་ཀྱང་། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པའི་ཕྱིར་ཏེ། རྟག་པ་ཡིན་པའི་ཕྱིར་རོ།།
29 རྟག་པ་ཡིན་པ་ལས་ལོག་པ་ཡིན་ན་རྟག་པ་ཡིན་པ་ལས་ལོག་པ་རྟག་པ་ཡིན་པ་ལས་ལོག་པ་རྟག་པ་ཡིན་པ་ལས་ལོག་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། བུམ་པ་ལྟ་བུ་རྩོད་གཞིར་བཟུང་ཚེ། རྟག་པ་ཡིན་པ་ལས་ལོག་པ་ཡིན་ཀྱང་། རྟག་པ་ཡིན་པ་ལས་ལོག་པ་རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པའི་ཕྱིར་ཏེ། རྟག་པ་ཡིན་པ་ལས་ལོག་པ་རྟག་པ་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར་རོ།། འདི་ལ་ལན་འདེབས་ཚེ་རྩོད་གཞི་བཅད་ནས་རྟག་པ་ཡིན་པ་ལས་ལོག་པ་རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར་རོ།།
30 དངོས་པོ་མ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་ན་དངོས་པོ་མ་ཡིན་པ་ལས་ལོག་པ་དངོས་པོ་མ་ཡིན་པ་ལས་ལོག་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། སྒྲ་ལྟ་བུ་རྩོད་གཞིར་བཟུང་ཚེ། དངོས་པོ་མ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་ཀྱང་། དངོས་པོ་མ་ཡིན་པ་ལས་ལོག་པ་དངོས་པོ་མ་ཡིན་པ་ལས་ལོག་པ་མ་ཡིན་པའི་ཕྱིར་ཏེ། དངོས་པོ་མ་ཡིན་པ་ལས་ལོག་པ་དངོས་པོ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར་རོ།། འདི་ལ་ལན་འདེབས་ཚེ་རྩོད་གཞི་བཅད་ནས་དངོས་པོ་མ་ཡིན་པ་ལས་ལོག་པ་དངོས་པོ་མ་ཡིན་པ་ལས་ལོག་པ་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར་རོ།།
31 དངོས་པོ་མ་ཡིན་པ་ཡིན་ན་རྟག་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། རི་བོང་གི་རྭ་ལྟ་བུ་དངོས་པོ་མ་ཡིན་པ་ཡིན་ཀྱང་། རྟག་པ་མ་ཡིན་ཏེ། མེད་པ་ཡིན་པའི་ཕྱིར་རོ།།

32 དངོས་པོའི་གཞི་ལྡོག་ཡིན་ན་དངོས་པོའི་ལྡོག་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། སྒྲ་ལྟ་བུ་དངོས་པོའི་གཞི་ལྡོག་ཡིན་ཀྱང་། དངོས་པོའི་ལྡོག་པ་མ་ཡིན་པའི་ཕྱིར་ཏེ། དངོས་པོ་དང་ཐ་དད་ཡིན་པའི་ཕྱིར་རོ།།
33 དངོས་པོའི་དོན་ལྡོག་ཡིན་ན་དངོས་པོའི་ལྡོག་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། དོན་བྱེད་ནུས་པ་དངོས་པོའི་དོན་ལྡོག་ཡིན་ཀྱང་། དངོས་པོའི་ལྡོག་པ་མ་ཡིན་པའི་ཕྱིར་ཏེ། དངོས་པོ་དང་གཅིག་མ་ཡིན་པའི་ཕྱིར་རོ།།
34 བུམ་པ་མ་ཡིན་པ་ལས་ལྡོག་ན་བུམ་པའི་ལྡོག་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། གསེར་བུམ་ཟངས་བུམ་གཉིས་བུམ་པ་མ་ཡིན་པ་ལས་ལྡོག་ཀྱང་། བུམ་པའི་ལྡོག་པ་མ་ཡིན་པའི་ཕྱིར་ཏེ། བུམ་པ་དང་ཐ་དད་ལས་མི་ལྡོག་པའི་ཕྱིར་རོ།།
35 བུམ་པ་དང་ཐ་དད་ལས་ལྡོག་ན་བུམ་པའི་ལྡོག་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། རི་བོང་གི་རྭ་བུམ་པ་དང་ཐ་དད་ལས་ལྡོག་ཀྱང་། བུམ་པའི་ལྡོག་པ་མ་ཡིན་པའི་ཕྱིར་ཏེ། བུམ་པ་དང་གཅིག་མ་ཡིན་པ་ལས་མི་ལྡོག་པའི་ཕྱིར་རོ།།
36 ངོ་བོ་གཅིག་ཡིན་ན་གཅིག་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། དངོས་པོ་དང་མི་རྟག་པ་གཉིས་ངོ་བོ་གཅིག་ཡིན་ཀྱང་། གཅིག་མ་ཡིན་ཏེ། ཐ་དད་ཡིན་པའི་ཕྱིར་རོ།།
37 ངོ་བོ་གཅིག་ཡིན་ན་རྫས་གཅིག་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། ཤེས་བྱ་དང་རྟག་པ་གཉིས་ངོ་བོ་གཅིག་ཡིན་ཀྱང་།  རྫས་གཅིག་མ་ཡིན་ཏེ། རྫས་མ་ཡིན་པའི་ཕྱིར་རོ།།
38 དངོས་བོ་དང་རྫས་གཅིག་ཡིན་ན་རྫས་གཅིག་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། ཀ་བ་དང་བུམ་པ་གཉིས་དངོས་པོ་དང་རྫས་གཅིག་ཡིན་ཀྱང་། རྫས་གཅིག་མ་ཡིན་ཏེ། ཕན་ཚུན་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར་རོ།།
39 ཤེས་བྱ་དང་བདག་ཉིད་གཅིག་ཡིན་ན་བདག་ཉིད་གཅིག་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། ཀ་བུམ་གཉིས་ཤེས་བྱ་དང་བདག་ཉིད་གཅིག་ཡིན་ཀྱང་། བདག་ཉིད་གཅིག་མ་ཡིན་ཏེ། འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར་རོ།།
40 རིགས་གཅིག་ཡིན་ན་བདག་ཉིད་གཅིག་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། བ་ལང་དཀར་གསལ་དང་བ་ལང་ནག་རྒུར་གཉིས་རིགས་གཅིག་ཡིན་ཀྱང་། བདག་ཉིད་གཅིག་མ་ཡིན་ཏེ། ཕན་ཚུན་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར་རོ།།
41 ཤེས་བྱར་རིགས་གཅིག་ཡིན་ན་རིགས་གཅིག་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། རྟ་དང་བ་ལང་གཉིས་ཤེས་བྱར་རིགས་གཅིག་ཡིན་ཀྱང་། རིགས་གཅིག་མ་ཡིན་ཏེ། རིགས་མི་འདྲ་བ་ཡིན་པའི་ཕྱིར་རོ།།
42 རིགས་གཅིག་ཡིན་ན་སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། བུམ་པའི་ནམ་མཁའ་དང་ཁང་བའི་ནམ་མཁའ་གཉིས་རིགས་གཅིག་ཡིན་ཀྱང་། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་ཏེ། དགག་པ་ཡིན་པའི་ཕྱིར་རོ།།
43 རྒྱུ་ཡིན་ན་འབྲས་བུ་མ་ཡིན་པའི་ཨེ་ཁྱབ།
ལན། མ་ཁྱབ་སྟེ། གཟུགས་ལྟ་བུ་གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བའི་རྒྱུ་དང་། གཟུགས་ཀྱི་སྔ་ལོགས་སུ་བྱུང་བའི་འབྲས་བུ་གཉིས་ཀ་ཡིན་པའི་ཕྱིར་རོ།།
44 དངོས་པོ་དེའི་རྒྱུ་ཡིན་ན་དངོས་པོ་དེའི་འབྲས་བུ་མ་ཡིན་པས་ཨེ་ཁྱབ།
ལན། ཁྱབ་སྟེ། དངོས་པོ་དེའི་རྒྱུ་ཡིན་ན་དངོས་པོ་དེའི་སྔ་ལོགས་སུ་བྱུང་བའི་ཁྱབ་པ་དང་། དངོས་པོ་དེའི་འབྲས་བུ་ཡིན་ན་དངོས་པོ་དེའི་ཕྱི་ལོགས་སུ་བྱུང་བའི་ཁྱབ་པ་གཉིས་ཀ་ཡིན་པའི་ཕྱིར་རོ།།
45 རྒྱུ་ཡིན་ན་ཉེར་ལེན་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། གློག་སྐད་ཅིག་ཐ་མ་དེ་རྒྱུ་ཡིན་ཀྱང་ཉེར་ལེན་མ་ཡིན་པའི་ཕྱིར་ཏེ། དེའི་རྫས་རྒྱུན་ཕྱི་མ་མེད་པའི་ཕྱིར་རོ།།
46 བུམ་པའི་རྒྱུ་ཡིན་ན་བུམ་པའི་ཉེར་ལེན་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། བུམ་པའི་ལྷན་ཅིག་བྱེད་རྐྱེན་དུ་གྱུར་བའི་སྐྱེས་བུ་ཡོད་པའི་ཕྱིར་རོ།།
47 ཙནྡན་གྱི་མེ་ཡིན་ན་དུ་བའི་རྒྱུ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། ཙནྡན་གྱི་མེ་དེ་ཙནྡན་གྱི་དུ་བའི་རྒྱུ་ཡིན་ཀྱང་དུ་བའི་རྒྱུ་མ་ཡིན་པའི་ཕྱིར་ཏེ། ཙནྡན་གྱི་མེ་མེད་པའི་ས་ཕྱོགས་སུ་དུ་བ་ཡོད་པའི་ཕྱིར་རོ།།
48 གཟུགས་ཀྱི་འབྲས་བུ་ཡིན་ན་གཟུགས་ཀྱི་དངོས་འབྲས་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་དེ་གཟིགས་ཀྱི་འབྲས་བུ་ཡིན་ཀྱང་། གཟུགས་ཀྱི་དངོས་འབྲས་མ་ཡིན་ཏེ། གཟུགས་དང་ཁྱོད་གཉིས་ཀྱི་བར་དུ་རྒྱུ་གཞན་གྱིས་ཆོད་པའི་ཕྱིར་རོ།།
49 ཡུལ་ཅན་ཡིན་ན་ཤེས་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། ཡུལ་ཅན་ལ་ཤེས་པ་དང་གཟུགས་སུ་གྱུར་བའི་ཡུལ་ཅན་དང་། ལྡན་མིན་འདུ་བྱེད་དུ་གྱུར་བའི་ཡུལ་ཅན་གསུམ་ཡོད་པའི་ཕྱིར་རོ།།
50 བུམ་འཛིན་རྟོག་པའི་སྣང་ཡུལ་ཡིན་ན་བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། བུམ་པའི་དོན་སྤྱི་དེ་བུམ་འཛིན་རྟོག་པའི་སྣང་ཡུལ་ཡིན་ཀྱང་། བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་མ་ཡིན་པའི་ཕྱིར་ཏེ། བུམ་འཛིན་རྟོག་པ་ཁྱོད་ལ་འཁྲུལ་བའི་ཕྱིར་རོ།།
51 བློ་དེའི་དམིགས་ཡལ་ཡོད་ན་བློ་དེའི་འཛིན་སྟངས་ཀྱི་ཡུལ་ཡོད་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། སྒྲ་རྟག་འཛིན་རྟོག་པའི་དམིགས་ཡུལ་ཡོད་ཀྱང་། འཛིན་སྟངས་ཀྱི་ཡུལ་མེད་པའི་ཕྱིར་ཏེ། སྒྲ་རྟག་པ་མེད་པའི་ཕྱིར་རོ།།
52 ཤེས་པ་ཡིན་ན་ཚད་མ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། གངས་རི་སྔོན་པོར་སྣང་བའི་དབང་ཤེས་དེ་ཤེས་པ་ཡིན་ཀྱང་། ཚད་མ་མ་ཡིན་པའི་ཕྱིར་ཏེ། ལོག་ཤེས་ཡིན་པའི་ཕྱིར་རོ།།
53 ཚད་མ་ཡིན་ན་མངོན་སུམ་ཚད་མ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཡོད་པའི་ཕྱིར་རོ།།
54 བདག་མེད་ཡིན་ན་སྤྱི་དང་བྱེ་བྲག་གང་རུང་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། རི་བོང་རྭ་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་ཕྱིར་ཏེ། མེད་ངེས་ཡིན་པའི་ཕྱིར་རོ།།
55  སྤྱི་ཡིན་ན་བྱེ་བྲག་མ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། དངོས་པོ་ལྟ་བུ་སྤྱི་དང་བྱེ་བྲག་གཉིས་ཀ་ཡིན་པའི་ཕྱིར་རོ།།
56 དངོས་པོའི་སྤྱི་ཡིན་ན་དངོས་པོའི་བྱེ་བྲག་མ་ཡིན་པས་ཨེ་ཁྱབ།
ལན། ཁྱབ་སྟེ། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་འགལ་བ་ཡིན་པའི་ཕྱིར་རོ།།
57 དངོས་པོའི་སྤྱི་ཡིན་ན་དོན་བྱེད་ནུས་པའི་སྤྱི་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། མཚོན་བྱ་ལྟ་བུ་དངོས་པོའི་སྤྱི་ཡིན་ཀྱང་དོན་བྱེད་ནུས་པའི་སྤྱི་མ་ཡིན་པའི་ཕྱིར་རོ།།
58 གཞི་གྲུབ་ན་སྤྱིའི་སྤྱི་དང་བྱེ་བྲག་གི་བྱེ་བྲག་གཉིས་ཀ་མ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། རྟག་པ་དེ་སྤྱིའི་སྤྱི་དང་བྱེ་བྲག་གི་བྱེ་བྲག་གཉིས་ཀ་ཡིན་པའི་ཕྱིར་རོ།།
59 བུམ་པ་དང་འགལ་བ་དང་འགལ་བ་ཡིན་ན་བུམ་པ་དང་འགལ་བ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། བུམ་པ་དང་གཅིག་དེ་བུམ་པ་དང་འགལ་བ་དང་འགལ་བ་ཡིན་ཀྱང་བུམ་པ་དང་འགལ་བ་མ་ཡིན་པའི་ཕྱིར་རོ།།
60དངོས་པོ་དང་འགལ་བ་ཡིན་ན་དངོས་པོ་དང་འགལ་བ་དང་འགལ་བ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། རྟག་པ་དང་གཅིག་དེ་དངོས་པོ་དང་འགལ་བ་ཡིན་ཀྱང་དངོས་པོ་དང་འགལ་བ་དང་འགལ་བ་མ་ཡིན་པའི་ཕྱིར་ཏེ། དངོས་པོ་དང་འགལ་བ་དང་མི་འགལ་བ་ཡིན་པའི་ཕྱིར་རོ།།
61ཀ་བུམ་གཉིས་དང་མ་འབྲེལ་བ་དང་འབྲེལ་བ་ཡིན་ན་ཀ་བུམ་གཉིས་དང་འབྲེལ་བ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། རྟག་པ་དང་གཅིག་དེ་ཀ་བུམ་གཉིས་དང་མ་འབྲེལ་བ་དང་འབྲེལ་བ་ཡིན་ཀྱང་ཀ་བུམ་གཉིས་དང་འབྲེལ་བ་མ་ཡིན་པའི་ཕྱིར་རོ།།
62 དངོས་པོ་དང་འབྲེལ་བ་ཡིན་ན་དངོས་པོ་དང་རྟེན་བྱུང་འབྲེལ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། དངོས་པོ་དང་གཅིག་དེ་དངོས་པོ་དང་འབྲེལ་བ་ཡིན་ཀྱང་དངོས་པོ་དང་རྟེན་བྱུང་འབྲེལ་མ་ཡིན་པའི་ཕྱིར་ཏེ། རྟག་པ་ཡིན་པའི་ཕྱིར་རོ།།
63 མཚན་མཚོན་གང་རུང་ཡིན་ན་ཡོད་པས་ཨེ་ཁྱབ།
 ལན། ཁྱབ་སྟེ། མཚན་མཚོན་གང་རུང་ཡིན་ན་རང་གི་མཚན་གཞིའི་སྟེང་དུ་གྲུབ་པས་ཁྱབ་པའི་ཕྱིར་རོ།།
64 མཚན་ཉིད་ཡིན་ན་ཁྱོད་ཀྱི་མཚོན་བྱ་དུ་མ་མ་གྲུབ་པས་ཨེ་ཁྱབ།
ལན། ཁྱབ་སྟེ། མཚན་ཉིད་ཡིན་ན་རང་གི་མཚོན་བྱ་གང་ཡིན་པ་དེའི་མཚན་ཉིད་བྱེད་ལ་དེ་ལས་གཞན་པ་ཞིག་གི་མཚན་ཉིད་མི་བྱེད་པས་ཁྱབ་པའི་ཕྱིར་རོ།།
65 མཚན་མཚོན་གང་རུང་ཡིན་ན་རྟག་པ་ཡིན་པས་ཨེ་ཁྱབ།
ལན། མ་ཁྱབ་སྟེ། མཚན་མཚོན་གཉིས་རང་ལྡོག་ནས་རྟག་པ་ཡིན་ཀྱང་མཚན་མཚོན་གང་རུང་ཡིན་ན་རྟག་པ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། དངོས་པོ་ལྟ་བུ་མཚན་མཚོན་གང་རུང་ཡིན་པ་གང་ཞིག རྟག་པ་མ་ཡིན་པའི་ཕྱིར་རོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...