སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བསམ་བཞིན་དུ་མིའི་སྲིད་པ་བཟུང་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-9 11:18:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     འདི་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ།  སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཉིས་གང་རུང་སེམས་ཅན་གྱི་དོན་དུ་མི་དང་དུད་འགྲོ་སོགས་ཀྱི་སྐྱེ་བ་ཆེད་དུ་གཉེར་ནས་ལེན་པ་ཡིན་ཞིང༌། མི་ཡི་འགྲོ་བ་རྣམས་འདུལ་བའི་དོན་དུ་མི་ཡི་སྐྱེ་བ་ལེན་པ་སྟེ། དཔེར་ན་དེང་སང་བླ་མ་སྤྲུལ་སྐུ་ལྟ་བུ་དེ་ལྟར་ཡིན་ཟེར།  དེ་ཡང་རྒྱ་གར་དུ་བླ་མའམ་གྲུབ་ཐོབ་སོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྟ་བུའི་སྤྲུལ་པ་ཡིན་ཟེར་སྲོལ་ཡོད་ཀྱང༌། དེའི་སྐུ་སྐྱེ་ཡིན་ཞེས་བྱིས་པ་ཆུང་དུས་ནས་ངོས་འཛིན་བྱེད་པ་ཤིན་ཏུ་ཉུང་བ་ཡིན། དེ་ཡང་བོད་དུ་ཀརྨ་བཀའ་བརྒྱུད་པའི་རབས་གཉིས་པ་ཀརྨ་པཀྴི། རབ་བྱུང་ལྔ་པའི་ཆུ་ལུག(1284)ལོར་གཤེགས་ནས་ལོ་རྗེས་མར་ཀརྨ་པ་རང་བྱུང་རྡོ་རྗེ་འཁྲུངས་ཤིང༌། དེ་ནས་ལོ་ལྔ་སོང་བ་རབ་བྱུང་ལྔ་བའི་ས་བྱི(1288)ལོར་ཀརྨ་པཀྴིའི་སློབ་མ་གྲུབ་ཆེན་ཨུ་རྒྱན་པས་ཀརྨ་པ་རང་བྱུང་རྡོ་རྗེ་ཀརྨ་པཀྴིའི་ཡང་སྲིད་དུ་ངོས་འཛིན་བྱས་པ་དེ་བོད་དུ་བླ་མའི་ཡང་སྲིད་ངོས་འཛིན་པའི་ཐོག་མ་དེ་ཡིན། དེ་རྗེས་ཀརྨ་པཀྵི་ཡང་ཀརྨ་པ་དུས་གསུམ་མཁྱེན་པའི་སྐུ་འཕྲེང་དུ་བརྩིས་པ་ལས། ཀརྨ་པཀྵི་ཉིད་བཞུགས་སྐབས་ཀརྨ་པའི་ཡང་སྲིད་ངོས་འཛིན་བྱེད་མེད། དེ་བཞིན་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་རབ་བྱུང་བརྒྱད་པའི་ཤིངརྟ(1474)ལོར་སྐུ་གཤེགས་ནས་ལོ་གཉིས་སོང་བ། རབ་བྱུང་བརྒྱད་པའི་མེ་སྤྲེལ(1476)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་འཁྲུངས། དེ་ནས་ལོ་གསུམ་སོང་བ་རབ་བྱུང་བརྒྱད་པའི་ས་ཁྱི(1478)ལོར་རྗེ་དགེ་འདུན་གྲུབ་ཀྱི་ཉེ་གནས་དགེ་སློང་སྒྲོལ་མ་དང༌། ཐོས་བསམ་གླིང་མཁན་པོ་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་གཉིས་ཀྱིས་རྗེ་དགེ་འདུན་གྲུབ་ཀྱི་སྤྲུལ་སྐུར་ངོས་འཛིན་བྱས་པ་ནི་ཏཱ་ལའི་བླ་མའི་སྤྲུལ་སྐུ་ངོས་འཛིན་བྱས་པའི་ཐོག་མ་ཡིན། སྐབས་དེར་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དང་གཉིས་པ་གཉིས་ལ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཟེར་བ་ལས་ཏཱ་ལའི་བླ་མ་ཞེས་མི་ཟེར། ཏཱ་ལའི་བླ་མ་ཞེས་པ་ནི་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོར་སོག་པོ་ཨལ་ཐན་རྒྱལ་པོས་ཐོག་མ་ཕུལ་བ་ཡིན། དེ་ནས་བཟུང་རྒྱ་ནག་དང་སོག་ཡུལ་དུ་ཏཱ་ལའི་བླ་མ་ཞེས་འབོད་སྲོལ་དེ་བྱུང༌། དེ་རྗེས་རབ་བྱུང་དགུ་པའི་ཤིང་གླང་ངམ་མེ་སྟག(1566)ལོ་གང་རིགས་ཤིག་ལ་དབེན་ས་པ་བློ་བཟང་དོན་གྲུབ་སྐུ་གཤེགས་ནས་ལོ་ཤས་སོང་བ་རབ་བྱུང་བཅུ་པའི་ལྕགས་རྟ(1570)ལོར་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་འཁྲུངས་ཤིང༌། དེ་ནས་ལོ་ལྔ་སོང་བ་རབ་བྱུང་བཅུ་པའི་ཤིང་ཁྱི(1574)ལོར་དབེན་ས་པའི་སློབ་མ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་དབེན་ས་པའི་སྤྲུལ་སྐུ་ངོས་འཛིན་བྱེད་པ་ནི་པཎ་ཆེན་ཨེར་ཏི་ནིའི་སྤྲུལ་སྐུ་ངོས་འཛིན་བྱས་པའི་ཐོག་མ་ཡིན། འོན་ཀྱང་པཎ་ཆེན་ཞེས་པའི་མཚན་དེ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་གོང་མས་གསོལ་བ་དང༌། ཨེར་ཏི་ནི་ཡི་མཚན་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལ་མན་ཇུའི་གོང་མ་ཁང་ཤིས་ནས་ཕུལ་བ་རེད། དེ་ནས་བཟུང་སོག་ཡུལ་དང་མེས་རྒྱལ་ནང་ཁུལ་དུ་པཎ་ཆེན་ཨེར་ཏི་ནི་ཞེས་འབོད་པ་དང་དབུས་གཙང་གཉིས་སུ་པཎ་ཆེན་རིན་པོ་ཆེ་ཞེས་འབོད་པ་དེ་བྱུང༌། གོང་དུ་བཤད་པ་ལྟར་ཀརྨ་པའི་ཡང་སྲིད་ངོས་འཛིན་ཞུས་པ་ནས་བཟུང་ཕྱོགས་ཐམས་ཅད་དུ་བླ་མའི་ཡང་སྲིད་ངོས་འཛིན་བྱས་པའི་ལམ་ལུགས་དར་བ་ཡིན། སྤྱིར་བཏང་བོད་དབུས་གཙང་གཉིས་སུ་དགེ་ལུགས་པའི་བླ་མ་སྤྲུལ་སྐུ་ལ་གོ་ས་མཐོ་དམན་གྱི་དབང་གིས་རིམ་པ་མི་འདྲ་བ་ལྔ་ཡོད་དེ། དང་པོ། རྒྱལ་སྤྲུལ། བླ་མ་སྤྲུལ་སྐུའི་ནང་ནས་བོད་ཀྱི་རྒྱལ་པོ་གནང་མྱོང་བའི་སྤྲུལ་སྐུ་སྟེ།
     1.དེ་མོ་ཧོ་ཐོག་ཐུ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་གཤེགས་རྗེས་རབ་བྱུང་བཅུ་གསུམ་པའི་མེ་གླང(1757)ལོ་ནས་རབ་བྱུང་བཅུ་གསུམ་པའི་མེ་བྱ(1777)ལོ་བར་ལོ་21རིང་སྲིད་བཟུང༌།
     2.དགའ་ལྡན་ཁྲི་ཐོག་དྲུག་ཅུ་རེ་གཅིག་པ་ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས(གོང་གི་ལོ་འཕྲོས་ནས་རབ་བྱུང་བཅུ་གསུམ་པའི་མེ་རྟ(1786)ལོ་བར་ཁྲི་ལོ10)
     3.ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་བློ་བཟང་ཡེ་ཤེས་བསྟན་པའི་མགོན་པོ།  རབ་བྱུང་བཅུ་གསུམ་པའི་ལྕགས་ཕག(1791)ལོ་ནས་རབ་བྱུང་བཅུ་བཞི་པའི་ལྕགས་རྟ་(1810)ལོ་བར་ལོ30རིང་སྲིད་བཟུང༌།
     4.རྭ་སྒྲེང་ཧོ་ཐོག་ཐུ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ(1845)ལོ་ནས་རབ་བྱུང་བཅུ་བཞི་པའི་ཆུ་ཁྱི(1862)ལོ་བར་ལོ18རིང་སྲིད་བཟུང༌།
     5.གཉལ་སྡེ་དྲུག་སྤྲུལ་སྐུ་ཁྲི་ཆེན་མཁྱེན་རབ་དབང་ཕྱུག་རབ་བྱུང་བཅུ་བཞི་པའི་ཤིང་བྱི(1864)ལོ་ནས་རབ་བྱུང་བཅོ་ལྔ་པའི་ཆུ་བྱ(1873)ལོ་བར་ལོ10རིང་སྲིད་བཟུང༌།
     6.སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ(1941)ལོ་ནས་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག(1950)ལོ་བར་ལོ10རིང་སྲིད་བཟུང་བ་བཅས་གོང་གསལ་བླ་མ་དྲུག་པོ་དེའི་སྤྲུལ་སྐུ་རྣམས་རྒྱལ་སྤྲུལ་ཡིན། གཉིས་པ། ཧོ་ཐོག་ཐུ་རྒྱལ་པོའི་སྤྲུལ་སྐུ་མིན་ཀྱང་མན་ཆིང་གོང་མའི་སྲིད་གཞུང་དང༌། ཏཱ་ལའི་བླ་མ། པཎ་ཆེན་བཅས་གསུམ་གང་རིགས་ནས་ཧོ་ཐོག་ཐུའི་གོ་གནས་སྦྱིན་པའི་བླ་མའམ་སྤྲུལ་སྐུ་རྣམས་ལ་ཟེར། གསུམ་པ། ཚོགས་ཆེན་སྤྲུལ་སྐུ། (ཧོ་ཐོག་ཐུའི་འོག་གི་སྤྲུལ་སྐུ་གོ་གནས་མཐོ་བ་ཚོགས་ཆེན་འདུ་ཁང་ནང་ཁྲི་མཐོན་པོ་ཐོབ་པ་རྣམས་ལ་ཟེར) བཞི་པ། ཁྲི་སྤྲུལ(དགའ་ལྡན་ཁྲི་པའི་སྤྲུལ་སྐུ་རྣམས)ལྔ་པ། མཁན་སྤྲུལ(སེ་འབྲས་དགེ་གསུམ་སོགས་དགོན་པ་ཁག་གི་མཁན་པོའི་སྤྲུལ་སྐུ་རྣམས་སྟེ། གྲྭ་ཚང་སྤྲུལ་སྐུ་ཡང་ཟེར)   

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...