སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྡོ་རྗེའི་གདན་རྣམ་བཤད་རྒྱན་གྱི་མེ་ཏོག་བཞུགས་སོ།།
རྩོམ་པ་པོ། བཅོམ་ལྡན་རིགས་པའི་རལ་གྲི། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-1 10:36:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
    ༄༅། །རྒྱ་གར་སྐད་དུ། བཛྲ་ཨཱ་པ་ན་བི་དེ་ཤ་ཨ་ལངྐཱ་ར་པུཥྤ་ནཱ་མ། བོད་སྐད་དུ། རྡོ་རྗེའི་གདན་རྣམ་པར་བཤད་པ་རྒྱན་གྱི་མེ་ཏོག་ཅེས་བྱ་བ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བསྐལ་བཟང་འདི་ལ་མཛད་པ་མཐར་ཕྱིན་པ། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ཏེ། །དེ་དག་གང་དུ་མངོན་པར་འཚང་རྒྱ་བ། །རྡོ་རྗེའི་གདན་དེ་བདག་གིས་བཤད་པར་བྱ། །གནས་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་མཁས་པ་རྣམས་ཀྱིས་བཤད་པར་རིགས་སོ། །གནས་དེ་ཡང་ཇི་ལྟར་འཆད་ཅེ་ན། རྡོ་རྗེ་གདན་དང་སངས་རྒྱས་ཀྱིས། །མཛད་པའི་ཚུལ་དང་བྲམ་ཟེའི་བུ། །གསུམ་གྱིས་ཇི་ལྟར་མཛད་པ་དང་། །མྱ་ངན་མེད་ཀྱིས་ཇི་ལྟར་མཛད། །དེ་རྗེས་ཀླུ་སྒྲུབ་ལ་སོགས་པས། །མཛད་པ་ལྔ་རུ་ཤེས་པར་བྱ། །རྡོ་རྗེའི་གདན་ཞེས་བྱ་བ་དེ་ནི། །ས་ཕྱོགས་རྡོ་རྗེའི་རྣམ་པ་ཅན། །རང་དང་གཞན་གྱིས་མི་འཇིག་པ། །སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་ལས་བྱུང་བ། དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྡོ་རྗེ་རྒྱ་གྲམ་དུ་གནས་པའི་ལྟེ་བ་ལ། བྱང་ཆུབ་ཀྱི་ཤིང་སྐྱེས་པ། རྡོ་རྗེའི་རྩེ་མོ་བཞིའི་ཐད་ཀ་ན་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞི་ཡོད་པར་ཉན་ཐོས་པ་རྣམས་འདོད་དོ། །ཐེག་ཆེན་པ་རྣམས་ནི་རྡོ་རྗེ་རྩེ་ལྔ་པ་ལངས་ནས་ཡོད་པའི་ཁོང་གསེང་ནས། བྱང་ཆུབ་ཀྱི་ཤིང་བྱུང་བ་རྭ་བཞི་ལ་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞི་ཡོད་པར་འདོད་དོ། །དེ་ན་ཁྲི་འཕང་མེད་པའི་མཆོད་རྟེན་བུམ་པ་བུམ་རྟེན་ཅན་འདོམ་གསུམ་པ་འཁོར་ལོ་རྡོ་རྗེས་མཚན་པ་བཞི་པོ་དེའི་བར་ན་མདའ་རྒྱང་འབྲིང་པོ་ཙམ་རེ་ཡོད་དོ། །དེ་ནི་རྡོ་རྗེ་གདན་གྱི་རྒྱའི་ཚད་དོ། །འདི་ཛམྦུ་གླིང་གི་དཀྱིལ་ན་ཡོད་པ་དང་། བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱས་ཐམས་ཅད་འཚང་རྒྱ་བ་དང་། བསྐལ་པ་འཇིག་པའི་མེ་ལ་སོགས་པས་ཀྱང་མི་འཇིག་པར་གཉིས་ཀས་འདོད་དོ། །རྡོ་རྗེའི་གདན་བཤད་པ་སྟེ་ལེའུ་དང་པོའོ།།  །།ད་ནི་དེར་སངས་རྒྱས་ཀྱིས་ཇི་ལྟར་མཛད་པ་བཤད་དེ། ཐུབ་པས་སེར་སྐྱ་ནས་བྱུང་སྟེ། རྣམ་དག་དྲུང་དུ་རབ་བྱུང་ནས། །ནཻ་རཉྫ་ནར་ལོ་དྲུག་བཞུགས། །དེ་ནས་རྡོ་རྗེ་གདན་དུ་བྱོན། །བྱང་ཆུབ་སེམས་དཔའ་དགུང་ལོ་ཉི་ཤུ་རྩ་དགུ་པ་ལ་གྲོང་ཁྱེར་སེར་སྐྱ་ནས་བྱུང་ནས་རབ་བྱུང་གི་མཆོད་རྟེན་རྣམ་དག་གི་དྲུང་དུ་བྱོན་ཏེ་རབ་ཏུ་བྱུང་ནས་ནཻ་རཉྫ་ནའི་དྲུང་དུ་དཀའ་བ་སྤྱད་དོ། །ཆུ་དེ་ནི་ལྷོ་ནས་བྱང་དུ་དབྱར་རྡོ་རྗེ་གདན་གྱི་རྡོ་རྗེའི་ཐེམ་པ་ལ་རེག་པར་ཤར་གྱི་མདུན་ནས་འབབ་བོ། །དེ་ནས་ལྷས་སྤྲུལ་པའི་བཟོ་བོས་རྡོ་ལས་བྱས་པའི་སངས་རྒྱས་ཀྱི་སྐུ་རྩ་རྒྱུས་དང་སྒལ་ཚིགས་ལ་སོགས་པ་ཐམས་ཅད་གསལ་ཞིང་རིད་པར་ཞལ་ནུབ་ཏུ་གཟིགས་པ་ལ་མི་འབྲིང་པོའི་ལག་ཁྲུ་གང་ཙམ་པ་ཡོད་པ། བ་ལང་རྫིས་སྙན་ཁུང་དུ་ཤིང་བུ་བཅུག་པའི་གཟུགས་ཀྱང་ཡོད་དེ་དེ་ནི་སྤྲུལ་པ་མིན་པས་མི་ཤེས་པར་གྲགས་སོ། །དེ་ན་རྒྱལ་པོ་ཟས་གཙང་མས་འཁོར་ལྔ་བརྒྱ་བཏང་བའི་རྟ་བཏགས་པའི་མཆོད་རྟེན་ཡང་ཡོད་དོ། །དེ་ནས་ཕོ་ཉ་བ་དེ་དག་གིས་བསྐུལ་བས་དཀའ་ཐུབ་ལས་བཞེངས་ཏེ། རྡོ་རྗེ་གདན་གྱི་ལྷོ་ནུབ་ཏུ་རྒྱང་གྲགས་ཕྱེད་ཙམ་ན་དུར་ཁྲོད་ཅིག་ཡོད་པར་བྱོན་ཏེ། རོ་ལས་རས་གཅུས་ནས་མདོག་བསྒྱུར་བའི་ས་ན་མཆོད་རྟེན་གཅིག་ཡོད་དོ། །དེའི་ཤར་ཕྱོགས་རྒྱང་གྲགས་ཕྱེད་ཙམ་ན་ཆོས་གོས་བཀྲུས་པའི་ས་ཡོད་དེ་དེ་ན་ཀནྟ་ཨ་དེ་ཤ་ཞེས་བྱ་བའི་མཆོད་རྟེན་ཆེ་བ་ཅིག་ཡོད་ལ། དེ་དང་ཉེ་བ་ན་བྱང་ཆུབ་སེམས་དཔས་གྲི་དང་ཁབ་བདར་བའི་བདར་ཞེང་དུ་ཁྲུ་དོ་རིང་དུ་ཁྲུ་གསུམ་པ་གཅིག་ཡོད་པ་ལ་ད་ལྟའང་མཆོད་པ་བྱེད་པ་ཡོད་དོ། །དེ་ནས་བྱང་དུ་བྱོན་ཏེ་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ལོགས་ན་སྐུ་ཁྲུས་མཛད་ཅིང་དབུ་སྐྲ་བཞར་བའི་མཚོ་གཅིག་ཡོད་དེ་དེ་ན་རྡོའི་ཐེམ་སྐས་དང་མཆོད་རྟེན་ཡང་ཡོད་དེ། བྱང་ཆུབ་ཤིང་གི་ཆག་གྲུག་དང་དེའི་ཤིང་གཞན་གྱི་ཆག་གྲུག་དང་། མེ་ཏོག་རྙིང་པ་ཐམས་ཅད་དེར་འདོར་རོ། །ཐམས་ཅད་ཀྱང་དེར་ཁྲུས་བྱེད་དེ་དེར་སྐྲ་སེན་དོར་བ་རྣམས་ངན་སོང་དུ་མི་སྐྱེ་མི་འགྲོ་ཞེས་ཟེར་རོ། །མཚོ་དེའི་ནུབ་ན་གྲོང་པའི་བུ་མོ་ལེགས་སྐྱེས་མ་དང་མཇལ་ཏེ་དེས་འོ་ཐུག་བསྐོལ་ས་ན་མཆོད་རྟེན་དྲུག་གི་ཕྲེང་བ་ཡོད་དོ། །དེ་ནས་འོ་ཐུག་དྲངས་པ་རྡོ་རྗེ་གདན་གྱི་ལྕགས་རིའི་ནང་ན་ཁེ་ར་ཨ་ཏི་ཤ་ཞེས་བྱ་བ་རྡོ་རིང་ཁྲུ་དོ་པ་གཅིག་ལ་བྱང་ཆུབ་ཀྱི་ཤིང་དང་སངས་རྒྱས་ཀྱི་འདོམ་གང་བ་གཅིག་འབུར་དུ་བཏོད་པའི་སྟེང་ན་མཆོད་རྟེན་ཆུང་ངུ་ལྔ་བཞུགས་པ་ཤིན་ཏུ་གཉན་པ་ཡོད་དེ། དེར་དཀོན་གཉེར་བའི་སྐྲ་བྲེགས་པར་བྱེད་དོ། །དེ་ནས་འོ་མ་གསོལ་བ་རྡོ་རྗེ་གདན་གྱི་ཤར་ཕྱོགས་ནཻ་རཉྫ་ནི་འགྲམ་ན་མཆོད་རྟེན་གཅིག་ཡོད་པ་དེར་གསོལ་ནས་ལྷུང་བཟེད་ཆུ་ལ་བསྐུར་ཏེ་ཚངས་རྒྱ་ན་དེ་ལྡོག་པ་དང་མི་རྒྱ་ན་ཁྱེར་ཅིག་ཅེས་གསུངས་པས་རྒྱང་གྲགས་གཅིག་ནས་ལོག་སྟེ་བསྐུར་ས་ནས། འབེན་གང་ཙམ་གྱི་གོང་དུ་བྱུང་ནས་དེ་ལྷས་ཁྱེར་ཏེ་བསྐུར་ས་དང་ལོགས་བྱུང་པ་གསུམ་ན་རྡོ་རིང་འདོམ་རེ་ལྷག་ཙམ་གྱི་ནང་ན་རྡོའི་མཆོད་རྟེན་རེ་བཞུགས་སོ། །དེ་ནས་བཙོ་མའི་གསེར་འདྲའི་སྐུ། ནུབ་ཀྱི་ཕྱོགས་སུ་བྱོན་པར་མཛད། འོ་ཐུག་གསོལ་བས་གསེར་བཙོ་མ་ལྟར་གྱུར་ཏེ། ནུབ་ཕྱོགས་ཀྱི་རྒྱང་གྲགས་ཕྱེད་དུ་ཉེ་བ་ན་ནུབ་ཅིག་གཟིམས་པའི་ས་ན་སངས་རྒྱས་ཀྱི་སྐུ་ཚད་གཟིམས་ནས་བཞུགས་པའི་སྟེང་ན་མཆོད་རྟེན་ལྷ་ཁང་གཅིག་བྱས་པ་ཡོད་དེ་དེ་ན་ཚངས་པ་དང་བརྒྱ་བྱིན་གྱིས་བྱས་པའི། འདོམ་རེ་ལྷག་ཙམ་གྱི་རྡོའི་མཆོད་རྟེན་རེ་བཞུགས་སོ། །དེ་ནས་ནུབ་བྱང་དུ་བྱོན་པ་ན་རྨ་བྱ་གཅིག་དང་ཤ་བ་གཅིག་དང་ཕྲད་དེ་དེ་གཉིས་ཀྱིས་ཕྱག་བྱས་པས་གཉིས་ཀ་ལུང་བསྟན་པའི་ས་ན་མཆོད་རྟེན་རེ་ཡོད་དོ། །དེ་ནས་བྱང་ཕྱོགས་སུ་བྱོན་ཏེ་རྡོ་རྗེ་གདན་ནས་རྒྱང་གྲགས་གསུམ་ན་རི་ག་ཡ་མཚོའི་སྟེང་དུ་འཇམ་དཔལ་དང་སྤྱན་རས་གཟིགས་དང་ལྷན་ཅིག་བཞུགས་ཏེ་འཚང་རྒྱ་བར་བཞེད་པ་ལ་ས་རྣམས་གས་ཏེ་བྱང་ཆུབ་སེམས་དཔས་སྤྱན་རས་གཟིགས་ལ་འཚང་རྒྱ་བའི་ས་ཚོལ་ཅིག་གསུངས་ནས་དེས་རྡོ་རྗེ་གདན་དུ་བྱོན་ཏེ་སྒོམ་ཞིང་བཞུགས་པས་སྤྱན་རས་གཟིགས་ལེ་ལོ་ཅན་ཞེས་གྲགས་སོ། །དེའི་སྒོམ་ས་ནི་རྡོ་རྗེ་གདན་གྱི་ལྕགས་རིའི་ལྷོ་སྒོའི་ནང་དུ་སྤྱན་རས་གཟིགས་ཀྱི་ཞལ་ལ་མཐོ་གང་ཙམ་ཡོད་པ་གཅིག་བཞུགས་པའི་མཆོད་རྟེན་ལྷ་ཁང་གཅིག་ཡོད་དོ། །དེ་ནས་སླར་ཡང་ལྷོ་རུ་བྱོན། དེ་ནས་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་སུ་བྱོན་ནས་བཞུགས་པའི་ས་ན་བྱང་ཆུབ་སེམས་དཔའི་རྡོ་སྐུ་བཞེངས་པ་གཅིག་ཡོད་དོ། །དེ་ནས་བྱང་ཆུབ་ཤིང་དྲུང་དུ། བདུད་འདུལ་ཕྱིར་ནི་བྱོན་པར་མཛད། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུད་པའི་ལམ་ཞེས་གྲགས་པ་ལ་བྱོན་ཏེ་བྱང་ཆུབ་ཀྱི་ཤིང་ནས་འདོམ་བཅོ་ལྔ་ཙམ་དུ་ཤར་དུ་གཟིགས་ཏེ་ཐུགས་ཀ་ནས་འོད་ཟེར་བཀྱེ་བས་བྱང་ཆུབ་ཀྱི་ཤིང་མ་ཡིན་པ་ཐམས་ཅད་བསྲེགས་ཏེ་དེ་ནི་བྱང་ཆུབ་ཀྱི་ཤིང་བརྟགས་པ་ཡིན་ནོ། །དེ་ན་སྐུ་སངས་རྒྱས་ཀྱི་སྐུ་ཚད་ཙམ་པ་ཤར་དུ་གཟིགས་པ་བཞེངས་པ་ཅིག་ཡོད་པའི་སྟེང་ན་འོད་ཟེར་བཀྱེ་བའི་གནྡྷོ་ལི་ཞེས་བྱ་བ་འདོམ་ཉི་ཤུ་པ་ཡོད་དོ། །སོལ་བ་རྣམས་སྤུངས་པའི་ས་ན་ཨ་ཀར་བོ་དྷི་ཞེས་བྱ་བའི་བྱང་ཆུབ་ཀྱི་ཤིང་གཅིག་ཡོད་དེ་དེ་དང་བྱང་ཆུབ་ཀྱི་ཤིང་དངོས་ཀྱི་བར་ན་འདོམ་བདུན་ཡོད་དོ། །དེའི་བྱང་རྩ་ན་ར་ས་ཀུ་པ་ཞེས་བྱ་བའི་ཁྲོན་པ་སངས་རྒྱས་ཀྱིས་དངུལ་ཆུར་བྱིན་གྱིས་བརླབས་པ་དགྲ་བཅོམ་པ་མང་པོའི་གདུང་བཞུགས་པ་དེར་སྐྲ་སེན་དོར་ན་ངན་འགྲོར་མི་སྐྱེ་ཟེར་བའི་སྟེང་ན་མཆོད་རྟེན་གཅིག་ཡོད་པའི་བུམ་པའི་ལོགས་ལ་སྐྲ་སེན་བསྐྱུར་བའི་བུ་ག་ཅན་གཅིག་ཡོད་དོ། །དེ་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱོན་ཏེ་ཞལ་ནུབ་ཏུ་གཟིགས་ནས་སྲོད་ལ་བདུད་བཏུལ་བའི་ཏིང་ངེ་འཛིན་ལ་བཞུགས་པ་ན་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་གིས་མཚོན་ཆའི་ཆར་ཕབ་བོ། །དེ་ཚེ་འཇལ་དཔལ་རྔ་སྒྲ་བརྡུངས། འཕགས་མ་སྒྲོལ་མས་བཞད་པར་མཛད། དེའི་ཚེ་རི་བོ་དེ་ཤ་ནས་འཇམ་དཔལ་རྔ་སྒྲ་ཅན་བྱོན་ཏེ་རྔའི་ཚོགས་མང་པོ་བརྡུངས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་མཐུས་བདུད་ཐམས་ཅད་བཅོམ་པར་བྱས་ཏེ་རྔ་སྒྲ་ཅན་གྱི་སྐུ་ནི་ལྕགས་རིའི་ནང་གི་ནུབ་ན་སྐུ་རང་བྱུང་ཁྲུ་གང་ཙམ་པ་མཆོད་རྟེན་གྱི་ནང་ན་བཞུགས་པ་མདུན་ན་རྡོའི་མཎྜལ་ཡོད་པ་ལ་ཉི་མ་དྲོས་ཙམ་ན་ཉན་ན་རྔ་སྒྲ་གྲག་པ་ཡོད་དོ། །དེའི་རྒྱབ་ན་རྡོ་ལེབ་ཆེན་པོ་རྒྱ་ནག་གི་ཡི་གེ་བྲིས་པ་ཡོད་དོ། །བདུད་ཕམ་པའི་ཚེ་ཧཱུ་ལུ་ཧཱུ་ལུའི་སྒྲོལ་མས་སྔར་བདུད་བཟློག་པ་ལ་མཉན་པས་བཞད་དེ་དེ་འཕགས་པ་ལ་མི་འཚམས་པར་དགོངས་ནས་སླར་ཕྱག་གིས་ཞལ་བཀབ་བོ། །དེའི་ཤུལ་ནི་བྱང་ཆུབ་ཤིང་གི་ནུབ་བྱང་མཚམས་སུ་འདོམ་ཉི་ཤུ་ལྷག་ཙམ་གཞལ་བ་ན་ཡོད་དེ་དེ་ན་ཧུ་ལུ་ཧུ་ལུའི་རྡོ་སྐུ་རང་བྱུང་བཞེངས་པ་ལོ་བརྒྱད་ཙམ་ཞལ་ལྷོ་ཕྱོགས་སུ་བདུད་འདུལ་བ་ལ་གཟིགས་པ་ཡོད་དོ། །དེའི་རྩ་ན་རིན་པོ་ཆེའི་ཆར་ཕབ་པའི་མཆོད་རྟེན་རིན་པོ་ཆེ་སྤུངས་པ་ཞེས་བྱ་བ་ཟངས་གླིང་པས་བྱས་པ་ཡོད་དོ། །དེ་ནས་ཐོ་རངས་སངས་རྒྱས་ནས། བདུན་ཕྲག་བདུན་དུ་ཆོས་མ་གསུངས། ཐོ་རངས་ཞལ་ཤར་དུ་གཟིགས་ཏེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ནས་ཞག་བདུན་ཕྲག་དང་པོ་ལ་དེར་སྐྱིལ་ཀྲུང་མ་བཤིག་པར་བཞུགས་སོ། །གཉིས་པ་ལ་བཞེངས་ནས་འཛམ་བུ་གླིང་དུ་བཅག་ཏེ་རྡོ་རྗེ་གདན་གྱི་བྱང་ཕྱོགས་རྡོ་རྗེའི་ར་བའི་ནང་སངས་རྒྱས་ཀྱི་གོམ་པ་བཅུ་གཉིས་བོར་བའི་ཤུལ་ན་པདྨ་ཕུབ་ཙམ་པ་བཅུ་གཉིས་བྱུང་བའི་མཐའ་གཉིས་ཀྱི་པདྨའི་ཤུལ་ན་མཆོད་རྟེན་རེ་རེ་ཡོད་དོ། །སངས་རྒྱས་ཀྱི་རྩྭའི་སྟན་བསྡུས་པ་ལ་མཆོད་རྟེན་ལོགས་རེ་ལ་འདོམ་བརྒྱད་བརྒྱད་ཡོད་པ་འཕང་དུ་འདོམ་ཉི་ཤུ་ཡོད་པ་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་བྱང་ཆུབ་ཤིང་གི་འགྲམ་ན་ཡོད་དོ། །གསུམ་པ་ལ་སྟོང་གསུམ་དུ་བཅགས་པའི་མཆོད་རྟེན་ནི་བྱང་ཕྱོགས་ཀྱི་རྡོའི་གྲ་བའི་རྒྱབ་འདོམ་ལྔ་ཙམ་ན་མཆོད་རྟེན་བཅུ་གཉིས་ཀྱི་ཕྲེང་བ་ཡོད་དོ། །གཅིག་པ་ལ་བྱང་ཆུབ་ཀྱི་ཤིང་ལ་ཞག་བདུན་དུ་སྤྱན་མི་འཛུམ་པར་གཟིགས་པའི་རྟེན་ནི་བྱང་ན་སངས་རྒྱས་ཀྱི་སྐུ་ཚད་བྱང་ཆུབ་ཤིང་ལ་གཟིགས་པ་སྟེང་ན་གནྡྷོ་ལ་འདོམ་ཉི་ཤུ་རྩ་ལྔ་པ་ཡོད་དོ། །དེའི་རྒྱབ་ན་སངས་རྒྱས་ཀྱིས་དག་མ་དག་གི་སྐྱེ་བ་སྟོང་བསྟན་པའི་ས་ན་མཆོད་རྟེན་གྱི་ནང་ན་སངས་རྒྱས་ཀྱི་སྐུ་ཚད་སྦྲུལ་གྱི་གདེངས་ཀས་སྐུ་རྒྱབ་བཀབ་པ་ཡོད་དོ། །ལྔ་པ་ལ་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་བྱོན་ཏེ་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་རྒྱང་གྲགས་གཉིས་ན་མཚོ་གཅིག་ཡོད་པའི་ཤར་ཕྱོགས་སུ་ཀླུའི་རྒྱལ་པོ་བཏང་བཟུང་དང་ཕྲད་པའི་ས་ན་མཆོད་རྟེན་དང་མཚོའི་ནང་ནས་སངས་རྒྱས་ཀྱི་མདུན་དུ་རྡོའི་ཐེམ་སྐས་བྱུང་བ་ཡོད་དོ། །དེ་ནས་ནུབ་ཏུ་བྱོན་པ་ན་ཡུལ་གྲང་བྱུང་སྟེ་ཀླུའི་རྒྱལ་པོ་བཏང་བཟུང་གི་སྦྲུལ་གྱི་ལུས་ཀྱིས་སྐུ་ལ་དཀྲིས་ཏེ་གདེངས་ཀས་དབུ་བཀབ་པའི་ཤུལ་ན་ཟངས་གླིང་པས་བྱས་པའི་མཆོད་རྟེན་གྱི་ནང་ན་སྐུ་དེ་འདྲ་བ་ཡོད་དོ། །དེའི་ཤར་ཕྱོགས་མདའ་རྒྱང་གང་ཙམ་ན་རྒྱལ་ཆེན་བཞིས་ལྷུང་བཟེད་ཕུལ་བའི་ས་ན་མཆོད་རྟེན་གྱི་དྲུང་ན་སངས་རྒྱས་ཀྱི་སྐུ་ཁྲུ་གང་བ་ལ་རྒྱལ་ཆེན་བཞིས་ལྷུང་བཟེད་འབུལ་བའི་ཚུལ་བྱས་པ་ཡོད་དོ། །དྲུག་པ་ལ་བྱང་ཕྱོགས་སུ་རྒྱང་གྲགས་གཅིག་བྱོན་པའི་སར་ཀུན་ཏུ་རྒྱུ་གཅིག་བཏུལ་བའི་ས་ན་ནྱ་གྲོ་དྷའི་ཤིང་གི་རྩ་ན་མཆོད་རྟེན་གཅིག་ཡོད་དོ། །དེ་ནས་བདུན་ཕྲག་བདུན་པ་ལ་རྡོ་རྗེ་གདན་གྱི་ཤར་ཕྱོགས་ཀྱི་སྒོ་འགྲམ། ལྕགས་རིའི་རྒྱབ་ལམ་པོ་ཆེའི་གཡས་ཕྱོགས་ན་ཚོང་དཔོན་ག་གོན་དང་བཟང་སྐྱོང་གིས་སྦྲང་རྩི་དྲངས་ཏེ་སངས་རྒྱས་ཀྱིས་ཤིས་པ་བརྗོད་པའི་ས་ན་མཆོད་རྟེན་ལོགས་ལ་སངས་རྒྱས་དང་ཚོང་དཔོན་གྱི་གཟུགས་བྱས་པ་ཡོད་དོ། །དེ་ནས་རྡོ་རྗེ་གདན་གྱི་ལྷོ་ནུབ་ཏུ་བྱོན་ནས་ནྱ་གྲོ་དྷའི་དྲུང་དུ་ཆོས་མི་གསུང་བར་བཞུགས་པ་ལ་ཚངས་པ་དང་བརྒྱ་བྱིན་གྱིས་གསོལ་བ་བཏབ་པའི་ས་ན་མཆོད་རྟེན་ནྱ་གྲོ་དྷ་ཨ་དེ་ཤ་ཞེས་པ། སྒོ་ལྷོ་བྱང་ཅན་གྱི་ནང་ན་སངས་རྒྱས་ཀྱི་སྐུ་མི་འབྲིང་པོ་ཙམ་ཞལ་ནུབ་ཏུ་གཟིགས་པའི་དྲུང་ན་ཚངས་པ་དང་བརྒྱ་བྱིན་གྱི་གཟུགས་བྱས་པ་ཡོད་དོ། །དེ་ནས་ཝཱ་ར་ཎ་སཱིར་ལྔ་སྡེ་ལ་ཆོས་གསུངས་པ་ནས་མྱ་ངན་ལས་འདས་པའི་བར་རྣམས་ནི་མི་འབྲིའོ། །སངས་རྒྱས་ཀྱི་མཛད་པ་བཤད་པ་སྟེ་ལེའུ་གཉིས་པའོ།།  །།ད་ནི་བྲམ་ཟེའི་བུ་གསུམ་གྱིས་མཛད་པ་བཤད་དེ། །རྒྱལ་པོའི་ཁབ་ཀྱི་བྲམ་ཟེའི་བུ། །གསུམ་གྱིས་འོད་མའི་ཚལ་དང་ནི། །ཝཱ་ར་ཎ་སི་རྡོ་རྗེའི་གདན། །གསུམ་དུ་ཐུབ་པའི་སྐུ་གསུམ་བཞེངས། །སངས་རྒྱས་འདས་ནས་ལོ་བརྒྱ་ལོན་པ་ན་རྒྱལ་པོའི་ཁབ་ཏུ་བྲམ་ཟེ་མོ་ལོ་བརྒྱ་ཉི་ཤུ་ལོན་པ་སངས་རྒྱས་ལ་ཆོས་སྟོན་དྲངས་ཤིང་ཆོས་མཉན་པ་གཅིག་བྱུང་སྟེ་དེ་ལ་བུ་གསུམ་ཡོད་པ་ལས་ཆེ་བ་གཉིས་ནི་མུ་སྟེགས་དང་ཆུང་བ་ནི་སངས་རྒྱས་ལ་དད་ནས་རྟག་ཏུ་རྩོད་པ་བྱེད་དོ། །མས་སྨྲས་པ་འདི་ནས་བྱང་ཕྱོགས་ན་རི་བོ་གངས་ཅན་ལ་དབང་ཕྱུག་ཆེན་པོ་ཡོད་པས་དེར་དྲིས་ཤིག དེ་དག་གིས་ཕྱིན་པ་ན་དེར་དགྲ་བཅོམ་པ་ལྔ་བརྒྱ་ཙམ་ལ་བསྙེན་བཀུར་བྱེད་པ་མཐོང་ནས་ཕྱི་ནང་གཉིས་གང་བདེན་དྲིས་པས་མཐོ་རིས་ཀྱི་བདེ་བ་ནི་མུ་སྟེགས་པས་འཐོབ་སྟེ་ཐར་པ་ནི་སངས་རྒྱས་པ་ཁོ་ནས་འཐོབ་བོ་ཞེས་ཟེར་རོ། །དེ་དག་མའི་དྲུང་དུ་ལོགས་སྟེ། ཐམས་ཅད་སངས་རྒྱས་པར་བྱས་ནས་དེའི་ཚེ་དཀོན་མཆོག་གསུམ་གྱི་རྟེན་ཉུང་བས་ཆེ་ཤོས་ཀྱིས་ནི་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ནཱནྟ་ཀ་གནས་པའི་སར་སངས་རྒྱས་ཀྱི་སྐུ་ཚད་དང་མཉམ་པའི་སྐུ་གནྡྷོ་ལི་འདོམ་ཉི་ཤུ་རྩ་གཅིག་པའི་ནང་ན་བཞུགས་པ་བྱས་སོ། །འབྲིང་པོས་ནི་ཝ་ར་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་སར་སངས་རྒྱས་ཀྱི་སྐུ་ཤིན་ཏུ་ཆེ་བ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་མཛད་པ་གནྡྷོ་ལིའི་ནང་ན་བཞུགས་པ་བྱས་སོ། །ཆུང་ཤོས་ཀྱིས་རྡོ་རྗེ་གདན་དུ་ཕྱིན་ནས་སྐུ་བྱ་བར་འདོད་པ་ན་རྨི་ལམ་དུ་བསྟན་པ་ཆུ་བོ་ནཻ་རཉྫ་ནའི་འགྲམ་ན་བྱེ་མའི་འོག་ན་ཙནྡན་གོརྴི་ཥ་ཡོད་དེ་དེ་སྲང་སུམ་སྟོང་བྲམ་ཟེ་མོ་གཙང་མ་བདུན་གྱིས་རྡོ་རྗེ་གདན་དུ་བདར་ནས་རིན་པོ་ཆེ་སྣ་ཚོགས་དང་སྤོས་མང་པོ་དང་བསྲེས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྤུངས་ལ་ཞག་བདུན་ཞོག་ཅིག་དང་སངས་རྒྱས་ཉིད་ཅི་འདྲ་བའི་སྐུ་འགྲུབ་བོ། །ཞེའོ། །དེར་ཙནྡན་མ་རྙེད་པ་ལས་མ་ཧེ་མང་པོ་བྱེ་མའི་སྟེང་དུ་ཉལ་བ་མཐོང་སྟེ་དེ་དག་བསིལ་བར་སྡོད་པ་ལས་དཔགས་ཏེ་བཙལ་བས་རྙེད་དོ། །དེར་སྔར་བསྟན་པ་བཞིན་བྱས་ནས་ཞག་དྲུག་ལོན་པ་ན་མ་རྒན་མོ་བྱུང་སྟེ་ང་དོ་ནུབ་འཆི་སངས་རྒྱས་མཐོང་བ་གཞན་མེད་པས་འདྲ་མི་འདྲ་ང་མིན་པས་མི་ཤེས་ཀྱིས་སྒོ་ཕྱེ་ཞིག་ཟེར་རོ། །དེར་ཕྱེ་བ་ན་ཞལ་ལ་ཁྲུ་ཕྱེད་དང་དོ་ཡོད་པས་ཤར་དུ་གཟིགས་པ་དབུའི་གཙུག་ཏོར་ལ་བཅགས་ཁྲུ་གང་དང་སྤྱན་དང་ཞལ་ལ་མཛུབ་རེ་རེ་དང་སྙན་ལ་མཐོ་དོ་དང་འཕང་དུ་ཁྲུ་བརྒྱད་ཡོད་པ་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་བལྟ་བས་ཆོག་མི་ཤེས་པ་གཅིག་གྲུབ་ནས་འདུག་གོ །དེར་མ་ན་རེ་སངས་རྒྱས་ཀྱིས་གཙུག་ཏོར་བལྟར་མི་མངོན་པ་ལ་འདི་མངོན་པ་དང་། སངས་རྒྱས་ལ་འོད་འདོམ་གང་ཡོད་པ་ལས་འདི་ལ་མེད་པ་དང་། སངས་རྒྱས་ལ་བཞེངས་བཞུད་བཞུགས་གཟིམ་སྤྱོད་ལམ་བཞི་ཡོད་པ་ལས་འདི་ལ་བཞུགས་པ་ལས་མེད་པ་དང་། ཆོས་གསུང་མི་གསུང་མ་གཏོགས་པ་ཤིན་ཏུ་འདྲའོ་ཞེས་ཟེར་རོ། །ཞག་གཅིག་ཆད་པས་ནི་དཀོན་གཉེར་བ་རྣམས་དབུ་སྐྲ་ཚོམ་བུ་གཡས་སུ་འཁྱིལ་བ་མ་ཚང་བར་འདོད་ལ་ཁ་ཅིག་ནི་ཕྱག་ཞབས་ཀྱི་མཐེའུ་ཆུང་མ་ཚང་བར་འདོད་དོ། །བི་ཀཱ་མ་ལ་ཤཱི་ལའི་པཎྜི་ཏ་རྣམས་ནི་འོད་འདོམ་གང་བ་མ་ཚང་བར་འདོད་དོ། །དེར་ཨིནྡྲ་ནཱི་ལ་གཅིག་རྙེད་དེ་གཉིས་རྙེད་ན་སྤྱན་བྱ་སྙམ་པ་དང་། དེར་རྡོའི་སྟེང་དུ་ལྷུང་ནས་གཉིས་སུ་སོང་སྟེ་དེ་ལ་སྤྱན་བྱས་པས་མཐོན་མཐིང་འོད་དང་ལྡན་པར་ཡོད་དོ། །ཁ་ཅིག་གསུམ་པོ་དེ་བྱེད་མཁན་སློབ་དཔོན་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོར་འདོད་པ་དེ་ནི་མ་ཡིན་ཏེ་དེ་གཉིས་ནི་རྒྱ་གར་ཤར་ཕྱོགས་པར་སློབ་དཔོན་ཤེས་རབ་གོ་ཆས་བཤད་པའི་ཕྱིར་རོ། །དཀོན་གཉེར་བ་ལ་ཚེམས་དང་མཆེ་བ་མེ་ལྷས་མ་གསོལ་བ་ཆག་གང་བ་བཞུགས་སོ། །བྲམ་ཟེ་སྤུན་གསུམ་གྱིས་མཛད་པའི་ལེའུ་སྟེ་གསུམ་པའོ།།  །།ད་ནི་རྒྱལ་པོ་མྱ་ངན་མེད་ཀྱིས་མཛད་པ་བཤད་དེ། རྒྱལ་པོ་མྱ་ངན་མེད་པ་ཡིས། །མཛད་པ་བརྒྱད་ཀྱི་མཆོད་རྟེན་བརྒྱད། །འཛམ་བུའི་གླིང་དུ་སྐུ་གདུང་གི། །མཆོད་རྟེན་བྱེ་བ་མཛད་པ་ཡིན། །སངས་རྒྱས་འདས་ནས་ལོ་བརྒྱ་ལྷག་པ་ན་རྡོ་རྗེ་གདན་ནས་ཤར་ཕྱོགས་སུ་དཔག་ཚད་བཅུའི་ས་གཱདྒའི་འགྲམ་གྱི་གྲོང་ཁྱེར་མེ་ཏོག་རྒྱས་པ་ཞེས་བྱ་བར་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་བྱུང་ངོ་། །དེ་ལ་ཕུ་བོ་བཅུ་བདུན་ཡོད་པ་ལ་སྤུན་རྣམས་རྒྱལ་སྲིད་གང་གིས་བྱེད་བྲམ་ཟེ་ལ་མཚན་བསྟན་པ་ན་འདི་རྣམས་ལས་ཁ་ཟས་མཆོག་ཟོས་ཏེ་གོས་གྱ་ནོམ་པ་དང་སྟན་བཟང་པོ་ལ་འདུག་པ་ཞིག་རྒྱལ་པོར་འགྱུར་རོ་ཞེས་ཟེར་རོ། །དེའི་བློན་པོ་གཅིག་གིས་ཕག་ཏུ་དྲིས་པས་སྟན་མཆོག་ས་གཞི་གོས་མཆོག་རས་ཁ་ཟས་མཆོག་འབྲས་ཆན་ཡིན་ནོ་ཞེས་ཟེར་རོ། །བཅུ་བདུན་པོ་ནི་དེ་བས་ཁྱད་པར་དུ་འཕགས་པའི་ཟས་གོས་ལ་སྤྱོད་ལ་མྱ་ངན་མེད་ནི་གཡོག་མོའི་བུ་ཡིན་པས་དེ་འདྲ་བ་ལ་སྤྱོད་པས་དེ་ལུང་བསྟན་པར་ཤེས་སོ། །དེ་ནས་བཅུ་བདུན་པོ་ཡུལ་གཞན་དུ་དམག་དཔོན་ལ་སོང་བ་ན་དེ་རྣམས་ཀྱི་ཡབ་རྒྱལ་པོ་ཤི་ནས་མྱ་ངན་མེད་ཀྱིས་རྒྱལ་པོ་བྱས་ཏེ་དམག་བཏང་ནས་བཅུ་བདུན་པོ་བསད་དོ། །དེས་སྡིག་པ་སྣ་ཚོགས་སྤྱོད་ཅིང་འབངས་རྣམས་ངན་སོང་གསུམ་གྱི་སྡུག་བསྔལ་དང་ལྡན་པའི་རྒྱལ་སྲིད་བྱས་པས་གཏུམ་པོ་མྱ་ངན་མེད་ཅེས་གྲགས་སོ། །དེའི་ཚེ་རྒྱ་གར་ཤར་ཕྱོགས་བྱ་གག་གི་ཀུན་དགའ་ར་བ་ན་དགྲ་བཅོམ་པ་གྲགས་པ་རྒྱལ་མཚན་ཞེས་བྱ་བ་ཀུན་དགའ་བོའི་སུམ་སློབ་ཞིག་ཡོད་པ་ལ་ཤར་ཕྱོགས་པའི་ཚོགས་ཕུག་ན་བ་བཅོལ་བ་དགེ་ཚུལ་བྱས་པ་གཅིག་མྱ་ངན་མེད་ཀྱི་སར་འོངས་ནས་འདི་འདྲ་བ་གསོད་མ་མྱོང་བས་སོད་ཅིག་ཅེས་བསྒོས་སོ། །དེ་གཤེད་མ་བས་གསོད་པར་གཟས་པ་ན་ང་ཞག་བདུན་སྒོམ་དུ་ཆུག་ཅིག་ཟེར་ཏེ་བསྒོམས་པས་དགྲ་བཅོམ་པ་ཐོབ་བོ། །དེ་ནས་དེ་ཏིལ་མར་དུ་བཙོས་ཏེ་བསད་པ་ན་ཟིལ་པ་ཕྲོམ་མེ་མ་ཤི་བར་བྱུང་བས་རྒྱལ་པོ་ངོ་མཚར་སྐྱེས་ཏེ་དྲིས་པས་སྔར་བཞིན་བཤད་དོ། །རྒྱལ་པོས་ངའི་སྡིག་པ་སྦྱང་དུ་གསོལ་ཞེས་གསོལ་བ་བཏབ་པས་ངས་མི་ཤེས་པས་ངའི་མཁན་པོ་ལ་ཞུས་ཤིག་ཅེས་ཟེར་ཏེ་ཆོ་འཕྲུལ་བསྟན་ནས་མྱ་ངན་ལས་འདས་སོ། །དེའི་ཤུལ་ན་ད་ལྟའང་དེའི་གདུང་ལ་བཞེངས་པའི་མཆོད་རྟེན་ཞིག་ཡོད་དོ། །རྒྱལ་པོས་མཁན་པོའི་དྲུང་དུ་འོང་བར་ཞུས་པ་ན་དེ་ཡུལ་ཁམས་མང་པོ་ལ་གནོད་པར་དོགས་ནས་དགྲ་བཅོམ་པ་ཉིད་རྒྱལ་པོའི་དྲུང་དུ་བྱོན་ཏེ་ཁྱོད་སངས་རྒྱས་ཀྱི་སྟོབས་ཀྱིས་འཁོར་ལོས་བསྒྱུར་བར་ལུང་བསྟན་པ་ཡིན་པས་སངས་རྒྱས་ཀྱི་སྐུ་གདུང་གི་མཆོད་རྟེན་བྱེ་བ་བྱེད་དགོས་ཞེས་བྱས་ཏེ་རྒྱལ་པོའི་ཁབ་འོད་མའི་ཚལ་ན་རྒྱལ་པོ་མ་སྐྱེས་དགྲའི་སྐལ་བ་མ་ག་དྷའི་བྲེ་བོ་ཆེའི་ཁལ་གཅིག་གཏེར་དུ་སྦས་པ་བཏོན་པ་ན་མཚོན་ཆའི་འཁོར་ལོ་བྱུང་ནས་མ་ཐོན་ནོ། །བུད་མེད་ཅིག་ན་རེ་གངྒའི་ཆུ་འདིར་དྲོངས་ཞེས་ཐོས་སོ་ཞེས་ཟེར་ཏེ་དེ་བཙལ་ཏེ་བཅད་པས་འཁོར་བ་ཆད་དོ། །དེར་བྲུས་པ་ན་རྒྱལ་པོ་དབུལ་པོ་གཅིག་གིས་རྙེད་པར་འགྱུར་རོ་ཞེས་བྱ་བའི་རིན་པོ་ཆེའི་ཡི་གེ་བྱུང་ནས་རྒྱལ་པོ་ང་རྒྱལ་གྱིས་ཚོལ་དུ་མ་འདོད་པ་ན་དགྲ་བཅོམ་པ་ལ་སོགས་པས་བསྐུལ་ཏེ་བཙལ་བའི་རིན་པོ་ཆེའི་སྒྲོམ་གྱི་ནང་ན་འདུག་སྟེ་དེའི་ཕྱོགས་བཞི་ནས་རིན་པོ་ཆེ་བཞིའི་སྒྲོན་མ་བྱེད་པའི་རེ་རེ་ལའང་རྒྱལ་པོའི་རྒྱལ་སྲིད་ཐམས་ཅད་རི་བ་བྱུང་བས་ང་རྒྱལ་ཆག་གོ །དེ་ནས་མ་ག་དྷའི་བྲེ་ཆེན་བཞི་སྤྱན་དྲངས་ཏེ་བྲེ་ཆུང་གི་ཁལ་གཅིག་གོ །ལྷག་མ་རྣམས་སྔ་མ་བཞིན་སྦས་ཏེ་གངྒའི་ཆུ་བཏང་ནས་འཁོར་ལོ་འཁོར་བ་བྱས་སོ། །དེ་ན་ད་ལྟའང་མཆོད་རྟེན་འཕང་དུ་འདོམ་བཞི་ཡོད་པ་སོ་ཕག་ལས་བྱས་པ་ཤིན་ཏུ་ལེགས་པ་ཡོད་དེ་དེ་ལ་མཆོད་པ་རྒྱུན་མི་འཆད་པ་ཡོད་དོ། །དེ་ནས་རྒྱལ་པོས་བྱང་ཆུབ་ཀྱི་ཤིང་གི་མདུན་ཐུབ་པའི་སྐུའི་སྟེང་དུ་གནྡྷོ་ལི་འདོམ་སུམ་ཅུ་རྩ་ལྔ་པ་རྡོ་རྗེ་བསླངས་པའི་རྣམ་པ་ཅན་བང་རིམ་གྲུ་བཞི་པ་གྱེན་དུ་བྱིན་གྱིས་ཕྲ་བ་སོ་ཕག་ལས་བྱས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་བཟོ་ཁྱད་པར་དུ་འཕགས་པ་ཁང་བརྩེགས་བདུན་ཡོད་པ་སྟེང་ན་འཁོར་ལོ་ཡོད་པའི་ནང་ན་སངས་རྒྱས་ཀྱི་གདུང་བྲེ་ཆུང་གང་བཞུགས་པ་དེའི་སྟེང་ན་གསེར་གྱི་ཏོག་འདོམ་གང་བ་ཡོད་པ་བྱས་སོ། །བརྩེགས་ཁང་འོག་མ་ལ་སངས་རྒྱས་ཀྱི་སྐུ་ཙནྡན་སྦྲུལ་གྱི་སྙིང་པོ་ལ་བི་ཤོ་ཀརྨས་བྱས་པའི་མེས་སེང་གེ་འགྲམ་གྱི་ཞལ་རྐྱང་ཁྲུ་གང་ཡོད་པ་ཞིག་བཞུགས་སོ། །དེའི་སྒོ་ཁང་སྟེང་གི་ཟུར་བཞི་ན་གནྡྷོ་ལ་བཞི་ཡོད་དོ། །དབུའི་རྩེའི་འོག་ཁང་ལ་སྒོ་རིམ་པ་གསུམ་ཡོད་པའི་ནང་མ་ལ་སྒོ་མེད་དོ། །བར་སྒོའི་གཡས་གཡོན་ན་བྱམས་པ་དང་སྤྱན་རས་གཟིགས་གཉིས་བཞུགས་སོ། །ཕྱིའི་སྒོ་རྒྱབ་ན་སངས་རྒྱས་ཀྱི་སྐུ་ཞལ་ལ་མཐོ་རེ་ལྷག་ཡོད་པ་གཉིས་ཞལ་ལྷོ་བྱང་དུ་བསྟན་ནས་བཞུགས་ཏེ་དེར་སྔོན་ཇོ་བོ་ཤཱཀྱ་བཞུགས་པ་ཡིན་ནོ་ཡང་ཟེར་རོ། །དེ་ནས་ཕྲག་པ་ཅན་ན་རྡོ་སྐུ་བརྒྱད་དང་སྒྲོལ་མ་དང་འཇམ་དཔལ་དང་བྱམས་པ་དང་སངས་རྒྱས་ཀྱི་སྐུ་བཞེངས་པ་མང་པོ་གཡས་གཡོན་ན་ཡོད་དོ། །ཁྱམས་ཀྱི་ལྷོ་ཕྱོགས་ཀྱི་ཁུགས་ན་མྱ་ངན་མེད་སྔོན་བྱིས་པར་གྱུར་པས་སངས་རྒྱས་ལ་བྱེ་མ་ཕུལ་བས་ལུང་བསྟན་པའི་ལྷ་ཁང་ན་སངས་རྒྱས་ཀྱི་སྐུ་ལྷུང་བཟེད་ཐོགས་པ་བཞེངས་པ་དང་མས་རྡེག་པའི་ཚུལ་བྱས་པ་ཡོད་དོ། །ནུབ་ཕྱོགས་ན་བདུད་འདུལ་བྱང་ཆུབ་སེམས་དཔའི་ཞལ་ནུབ་ཏུ་བསྟན་བདུད་ཀྱི་རྒྱལ་པོ་ཁེ་དྲ་པཱ་ལ་དང་རུ་དྲ་པཱ་ལས་གཙོ་བྱས་བདུད་དམག་མང་པོ་འདུལ་བ་དང་སའི་ལྷ་མོ་བཞུགས་སོ། །དེའི་རྒྱབ་གཡས་གཡོན་གཉིས་ན་རྡོ་སྐུ་བཞེངས་པ་ཞལ་ནུབ་ཏུ་བསྟན་པ་རྡོའི་མཎྜལ་ཅན་ཡོད་དེ་དེ་གཉིས་ཀྱིས་ཇོ་བོ་རྗེ་ལ་ཆོས་གསུངས་པ་ཡིན་ནོ་ཞེས་ཟེར་རོ། །བྱང་ཕྱོགས་ཀྱི་ཁྱམས་ཀྱི་རྒྱབ་ན་ལུམྦི་ནིར་སྐུ་བལྟམས་པའི་ལྡེར་ཚོ་བཞུགས་སོ། །གནྡྷོ་ལའི་རྒྱབ་ལོགས་ལ་སངས་རྒྱས་སྟོང་འབུར་དུ་བྱས་པ་དང་། མདོ་སྡེའི་རྒྱུད་རིས་དང་བྱ་དང་ཆུ་སྲིན་གྱི་པ་ཏྲ་དང་རི་དྭགས་དང་སེང་གེ་ལ་སོགས་པའི་བཟོ་ལེགས་པོ་མང་པོ་བཞུགས་སོ། །རྡོའི་ར་བའི་ཕྱི་ཟུར་ལྷོ་ནུབ་མཚམས་ན་འདོམ་ཉི་ཤུ་ན་སངས་རྒྱས་ཀྱི་མདོ་སྡེ་མཛངས་བླུན་གྱི་ལེའུ་དང་པོ་གསུངས་པའི་ཁྲི་ཡོད་པའི་སར་མྱ་ངན་མེད་ཀྱི་བུ་གཅིག་དགྲ་བཅོམ་པ་ལྔ་སངས་རྒྱས་ལ་བསྙེན་རྫོགས་བྱས་ཏེ་དགྲ་བཅོམ་པ་ཐོབ་པའི་ས་ན་མཆོད་རྟེན་ལྔ་གྲུ་བཞི་པའི་དབུས་མ་ལ་སངས་རྒྱས་སྟོང་གི་སྐུ་བཞུགས་པ་ཡོད་དོ། །དེ་དག་ནི་ལྷ་མི་སྲིན་སྡེ་བརྒྱད་ཀྱིས་ནུབ་གཅིག་ལ་བྱས་སོ་ཞེས་གྲག་གོ །དེ་ནས་སེར་སྐྱ་དང་ཝ་ར་ཎ་སི་དང་གཉན་ཡོད་དང་རྒྱལ་པོའི་ཁབ་དང་ཡངས་པ་ཅན་དང་གྲོང་ཁྱེར་གསལ་ལྡན་དང་རྩྭ་མཆོག་དང་རྡོ་རྗེ་གདན་ཏེ་གནས་ཆེན་པོ་བརྒྱད་དུ་དྷརྨ་རཱ་ཛ་ཀ་ཅེས་བྱ་བའི་མཆོད་རྟེན་ཆེན་པོ་བརྒྱད་བུམ་པའི་ནང་ན་གདུང་ཕུལ་རེ་ཡོད་པ་ནུབ་གཅིག་བྱས་ཏེ་རྡོ་རྗེ་གདན་གྱི་ནི་ཤར་ལྷོར་ནཻརཉྫ་ནའི་འགྲམ་ན་མཆོད་རྟེན་ཟླུམ་པོ་བང་རིམ་ཅན་ཤིན་ཏུ་ཆེ་བ་ཞིག་ཡོད་དོ། །བརྒྱད་པོ་དེའི་དྲུང་ན་རྡོ་རིང་ཆེན་པོ་བརྒྱད་ཀྱི་སྟེང་ན་ལྷ་མི་སྲིན་སྡེ་བརྒྱད་ཀྱིས་ནུབ་གཅིག་ལ་བྱས་པའི་རྟགས་མི་འདྲ་བ་བརྒྱད་ཡོད་དེ་རྡོ་རྗེའི་གདན་ན་ནི་ལྷས་བྱས་པའི་རྟགས་མཆོད་རྟེན་ཡོད་དོ། །དེའི་ལྷོ་ངོས་ན་རྒྱལ་པོའི་སྲས་དང་བཙུན་མོ་གསུམ་གྱིས་བཞེངས་པའི་མཆོད་རྟེན་འདོམ་བཅོ་ལྔ་པ་བུམ་པ་ལ་ལྷ་སྐུ་བཞུགས་པ་ཁྲི་འཕང་དང་ཐེམ་སྐས་ཅན་དང་གཉིས་ཡོད་དེ་རྒྱལ་པོས་ཀྱང་དེ་ཉིད་དུ་བཞུགས་ནས་དེ་རྣམས་བྱས་སྐད་དོ། །སྔར་སངས་རྒྱས་ཀྱི་མཛད་པའི་སྐབས་སུ་བྱས་པའི་སྐུ་དང་མཆོད་རྟེན་རྣམས་ཀྱང་རྒྱལ་པོ་འདིས་དེའི་ཚེ་བྱས་སོ་སྐད་དོ། །རྡོ་རྗེ་གདན་དུའང་མཆོད་རྟེན་ཆེན་པོ་བརྒྱད་བྱས་སོ། །དེའི་ཕྱི་ནུབ་ལ་འཛམ་བུ་གླིང་ཐམས་ཅད་དུ་སངས་རྒྱས་ཀྱི་གདུང་བཞུགས་པའི་མཆོད་རྟེན་བྱེ་བ་བྱས་སོ། །དེ་ནས་ཆོས་ཀྱི་རྒྱལ་པོར་གྱུར་ཏེ་མཚན་ཡང་དྷརྨ་ཨ་ཀོ་ཤ་ཨ་ཤོ་ཀ་ཡིན་ནམ་ཞེས་གྲགས་སོ། །མ་སྐྱེས་དགྲས་ལོ་སུམ་ཅུ་རྩ་གཉིས་རྒྱལ་པོ་བྱས་ནས་རྒྱལ་རབས་བཅུ་ན་མྱ་ངན་མེད་བྱུང་ངོ་། །དེས་རྒྱལ་སྲིད་ལོ་ལྔ་བཅུ་བྱས་ཏེ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བཞི་ཆ་ལ་དབང་བྱེད་པར་བཤད་དོ། །རྒྱལ་པོ་མྱ་ངན་མེད་ཀྱིས་ཇི་ལྟར་མཛད་པའི་ལེའུ་སྟེ་བཞི་པའོ།།  །།ད་ནི་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས་མཛད་པའི་ཚུལ་བཤད་དེ། །དེ་རྗེས་ཀླུ་སྒྲུབ་ལ་སོགས་པས། །མཁས་དང་དད་པ་ཅན་རྣམས་ཀྱིས། །དུས་གསུམ་སངས་རྒྱས་ཀུན་གྱི་གནས། །རྡོ་རྗེའི་གདན་དེ་རྒྱས་པར་མཛད། །སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ན་སློབ་དཔོན་ཀླུ་སྒྲུབ་བྱོན་ཏེ་རྡོ་རྗེའི་གདན་གྱི་ཕྱི་ཁྱམས་ཕྲག་པ་ཅན་རྡོའི་ཀ་བ་ཉི་ཤུ་ཡོད་པ་ཡང་མཛད། དེའི་ཕྱི་རོལ་དུ་བྱང་ཆུབ་ཀྱི་ཤིང་ལ་གླང་པོ་ཆེའི་གནོད་པ་བསྲུང་བའི་དོན་དུ་རྡོའི་དྲ་བ་རྡོའི་ཀ་བ་བརྒྱ་དང་གཅིག་ཡོད་པ། ཤར་ན་མེད་པ་སྒྲོལ་མ་བརྒྱད་དང་མགོན་པོ་བརྒྱད་ཡོད་པ་བྱས་ཏེ་དེ་ཐམས་ཅད་མཐོང་ན་དངོས་གྲུབ་སྣ་རེ་འཐོབ་ངེས་ཏེ་མཐོང་བ་ཉུང་ངོ་། །ཕྱི་ཁྱམས་ཀྱི་སྟེང་དུ་མཆོད་རྟེན་ཆེ་ཆུང་བཞི་མཛད་དོ། །སློབ་དཔོན་ཀླུ་སྒྲུབ་བསྐོར་བ་མཛད་པའི་ཚེ་ཀ་བ་ལིའི་ནང་ན་ཐུགས་དམ་སྒྲོལ་མ་བཞུགས་པ་བྲུལ་ནས་བླངས་པ་ན་ང་མ་བླང་བར་ཞོག་དང་སེམས་ཅན་གྱི་དོན་དུ་འགྱུར་གསུངས་ནས་དེར་བཞུགས་ཏེ་ཙོ་པ་རིའི་ལྷ་ཁང་ཞིག་བྱས་སོ། །དེ་ལ་ཀ་བ་ལི་ཏཱ་ར་ཞེས་གྲགས་ཏེ་རྡོ་རྗེ་གདན་གྱི་ཤར་ལྷོ་མཚམས་ཀྱི་ལྕགས་རིའི་ནང་ན་ཞལ་བྱང་དུ་བསྟན་ནས་བཞུགས། དེ་ལ་ད་ལྟ་མཐོ་གསུམ་ཡོད་དོ་མཐོ་བཞི་པར་སོང་ཙ་ན་སློབ་དཔོན་ཀླུ་སྒྲུབ་ཀྱང་འབྱོན་སྐད། སྐུ་དེ་དང་པོ་རང་བྱུང་མཐོ་གང་ཙམ་ཞིག་ཇེ་ཆེ་ལ་སྐྱེ་བ་ཡིན་ནོ། །དེ་ན་སློབ་དཔོན་གྱིས་ཙམ་པ་ཀའི་ཤིང་ལྔ་བཙུགས་ཏེ་བདག་དམ་ཚིག་ཉམས་ན་མི་སྐྱེ་ལ་མ་ཉམས་ན་སྐྱེ་བར་གྱུར་ཅིག་བྱས་པས་སྐྱེས་པ་ཡོད་དོ། །དེའི་རྩ་ན་མགྲོན་མོ་ཏཱ་ར་ཞེས་པ་ལྷོ་ཕྱོགས་རྒྱ་མཚོའི་གླིང་ནས་རང་བྱོན་པ་ཁྲུ་གང་བ་ཞིག་མཆོད་རྟེན་གྱི་ནང་ན་ཞལ་བྱང་བསྟན་དུ་བཞུགས་སོ། །བྱང་གི་སྐོར་ལམ་ན་སྒྲོལ་མ་རྐྱང་ཁྲུ་གང་ཙམ་གྱི་སྟེང་ན་ཙོ་པ་རའི་ལྷ་ཁང་བྱས་པ་ཡོད་དེ་དེ་དང་པོ་ཡོན་བདག་ཅིག་གིས་ཞལ་བྱང་དུ་བསྟན་ནས་བཞེངས་པ་ལ་བསྐོར་བ་བྱེད་པའི་རྡུལ་གྱིས་ཇོ་མོ་ལ་གོས་པ་དང་སངས་རྒྱས་ལ་རྒྱབ་བསྟན་པ་འདི་མ་ལེགས་སྙམ་པ་ལ་རྨི་ལམ་དུ་ཁྱོད་ཡིད་མི་བདེ་མི་དགོས་ང་རང་ཁ་ལྷོར་བལྟས་པས་ཆོག་གསུངས་ནས་ལྷ་ཁང་དང་བཅས་པ་ཁ་ལྷོར་བསྟན་ཏེ་དེ་ལ་ཞལ་འགྱུར་ཏཱ་ར་ཞེས་གྲགས་སོ། །དེའི་ཤར་གྱི་ཉེ་ལོགས་ན་སློབ་དཔོན་ཙནྡྲ་གོ་མིས་ཐུགས་དམ་དུ་བཞེངས་པ་ཙནྡྲ་ལོ་ཀེ་ཤྭ་ར་ཞེས་པ་གཙོ་འཁོར་ལྔ་པ་བྲག་རི་དང་བཅས་པ་རྡོ་ལ་བྱས་པ་གནྡྷོ་ལའི་ནང་ན་བཞུགས་པ་ཡོད་དེ་དེ་བྱིན་རླབས་ཆེ་བས་ས་ཏེ་འཛུགས་པ་མང་པོ་ཡོད་དོ། །ལྕགས་རིའི་ནང་གི་བྱང་ནས་ལྷོར་འགྲོ་བའི་ལམ་གཡས་གཡོན་ན་མཆོད་རྟེན་གཉིས་ཀྱི་ནང་ན་སྤྱན་རས་གཟིགས་སེང་གེ་སྒྲའི་སྐུ་རྡོ་ལ་བྱས་པ་གཉིས་ཡོད་དོ། །དེ་གཉིས་བྱིན་རླབས་ཆེ་ཞིང་མཚན་མོ་འོད་ཀྱང་འབྱུང་ངོ་། །མཆོད་རྟེན་རང་བྱོན་ནི་བྱང་ཤར་མཚམས་ཀྱི་ནང་ན་རྡོའི་མཆོད་རྟེན་འཕང་དུ་འདོམ་གཉིས་པ་ལོགས་ལ་སངས་རྒྱས་ཀྱི་སྐུ་བཞུགས་པ་ཡོད་དེ་དགྲ་བཅོམ་པ་ཞིག་གིས་བཞེངས་ཏེ་ལྕགས་རིའི་ཕྱི་ན་བཞུགས་པ་ལ་འདི་ས་རྡུལ་ལ་སོགས་པས་འོ་བརྒྱལ་བས་ནང་ན་ཡོད་ན་སྙམ་པ་དང་ནང་དེར་བྱོན་ནོ། །དེའི་ནང་ན་མཆོད་རྟེན་གཞན་དང་མི་འདྲ་བ་གཅིག་ནས་ལྷོ་ཕྱོགས་སུ་མདའ་རྒྱང་གང་ཙམ་ན་མཆོད་རྟེན་ཞིག་ཡོད་པའི་བར་ནི་སངས་རྒྱས་ཀྱི་འཆག་ས་ཡིན་སྐད་དོ། །ཤར་ལམ་སྐོར་ལམ་གྱི་བསྣོལ་མཚམས་ཀྱི་ནང་ན་རྡོའི་ནང་ན་རྡོའི་མཆོད་རྟེན་འདོམ་གང་བ་བུམ་པ་ལ་སངས་རྒྱས་ཀྱི་སྐུ་འབུར་དུ་བཏོད་པ་ཡོད་པའི་མདུན་ན་རྡོའི་མཎྜལ་ཁྲུ་གང་བ་གཅིག་ཡོད་དེ་དེ་ནི་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་དུ་བུད་མེད་ཅིག་གིས་ཡོན་བདག་བྱས་ནས་བཞེངས་པ་ལ་དེ་འཆི་ཀར་ངའི་མཆོད་རྟེན་ལ་མཆོད་པ་མེད་སྙམ་དུ་ཡིད་མ་བདེ་བ་ལ་རྨི་ལམ་ན་ཁྱོད་སེམས་མི་བདེ་མི་དགོས་ང་རང་རྡོ་རྗེ་གདན་དུ་འགྲོ་གསུངས་ནས་དེར་བྱོན་ནོ། །དེའི་ཉེ་ལོགས་ལྷོའི་སྐོར་ལམ་ན་རྡོའི་མཆོད་རྟེན་སངས་རྒྱས་སྟོང་གི་བཞུགས་པ་གཅིག་ཡོད་དེ་དེ་ནི་ནཱ་ལེནྡྲ་ནས་བྱོན་ཏེ་དེ་དག་ལ་མཆོད་རྟེན་མགྲོན་པོ་ཞེས་ཟེར་རོ། །རྡོའི་ར་བའི་ཕྱི་ཟུར་ལྷོ་ནུབ་མཚམས་ན་རྡོ་ཞིག་ལས་གྲུབ་པའི་མཆོད་རྟེན་འཕང་དུ་འདོམ་ཕྱེད་དང་དོ་པ་ཞིག་ཡོད་དེ་དེ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་གཅིག་གིས་བྱས་ཀྱང་ཟེར། མགྲོན་པོ་ཡིན་ཡང་ཟེར་རོ། །ནུབ་བྱང་མཚམས་ཀྱི་ནང་ན་སངས་རྒྱས་ཀྱིས་བཅའ་སྒ་དང་མར་བསྲེས་ཏེ་གསོལ་བ་ན་རྡོ་ཞིག་ལས་བྱས་པའི་མཆོད་རྟེན་འདོམ་ཕྱེད་དང་དོ་པ་ཡོད་དེ། དགྲ་བཅོམ་པས་བྱས་ཀྱང་ཟེར་མགྲོན་པོ་ཡིན་ནམ་ཡང་ཟེར་རོ། །ཤར་གླིང་ན་དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་དང་རྒྱལ་པོས་བྱས་པའི་གནྡྷོ་ལ་ཆེ་བ་བཞི་དང་ཁ་སར་པ་ནིའི་གནྡྷོ་ལའི་དཔེའང་བཞུགས། ཤར་ཕྱོགས་ཀྱི་སྟོད་ན་ཙོ་པ་རའི་ལྷ་ཁང་ན་མ་ཤི་ཀ་ར་ཏ་ཞེས་པའི་ལྷ་ཕྱག་གཉིས་དབུའི་སྟེང་དུ་བསྣོལ་ནས་འགྱིང་བ་ཁྲུ་གང་བ་བྱིན་རླབས་ཅན་ཡོད་དོ། །དབུ་རྩེའི་མདུན་ན་ལྷོ་བྱང་གི་སྒོར་འགྲོ་བ་དང་ཤར་སྒོར་འགྲོ་བའི་ལམ་ཡོད་པའི་ཤར་གྱི་ལམ་དཀྱིལ་ན་སངས་རྒྱས་ཀྱིས་རྡོ་ལ་ཞབས་བཞག་པ་མཐོ་གསུམ་ལྷག་ཡོད་པ་བཀྲ་ཤིས་ཀྱི་རྫས་བརྒྱད་དང་བཅས་པ་རྡོའི་པདྨའི་གདན་ཁྲུ་དོ་པའི་སྟེང་ན་ཡོད་པ་རྡོའི་རྟ་བབས་རི་དྭགས་དང་བཅས་པ་ཡོད་དོ། །དེའི་དྲུང་ན་དྷརྨ་ཀ་ཤོ་ཀ་སྤྱི་བོ་ན་མར་མེ་སྟོང་ཡོད་པའི་སྡོང་པོ་ཅན་ཡོད་དོ། །ལྷོ་གླིང་ན་སྤྱན་རས་གཟིགས་ལེ་ལོ་ཅན་གྱི་རྒྱབ་ན་སངས་རྒྱས་ཀྱི་སོ་ཤིང་བསྐུར་བའི་ས་ན་མཆོད་རྟེན་སངས་རྒྱས་ཀྱི་སྐུ་ཚད་བཞུགས་པ་ཡོད་དོ། །དེ་དང་ཉེ་བ་ན་སངས་རྒྱས་ལྷའི་བུ་ཉི་ཟླ་དང་མཇལ་བའི་མཆོད་རྟེན་ཉི་ཟླ་གཉིས་ཀྱི་རྟགས་ཅན་ཡོད། སངས་རྒྱས་ཀུན་དགའ་བོ་དང་འགྲོགས་ནས་བྱོན་པའི་མཆོད་རྟེན་གཉིས་ཀྱང་ཡོད་དོ། །ནུབ་ཕྱོགས་ཀྱི་རྡོའི་ར་བའི་རྒྱབ་བྱང་དུ་ཉེ་བ་ན་དཔལ་ལྡན་ལྷ་ལས་བབས་པའི་མཆོད་རྟེན་སངས་རྒྱས་ཀྱི་སྐུ་ནང་ན་བཞུགས་སོ། །བྱང་ཕྱོགས་ན་སངས་རྒྱས་ཀྱིས་སྨན་ཚ་བ་གསུམ་གསོལ་བའི་ས་ན་མཆོད་རྟེན་སངས་རྒྱས་ཀྱི་སྐུ་ཅན་ཞལ་བྱང་དུ་གཟིགས་པ་བྱིན་རླབས་ཅན་ཡོད་དོ། །སེང་གེ་སྒྲ་དང་ཉེ་བ་ན་སངས་རྒྱས་ཀྱི་བདུད་བཏུལ་བ་ན་སངས་རྒྱས་ཀྱི་སྐུ་བཞེངས་ནས་ཕྱག་གཡས་པ་ནམ་མཁའ་ལ་ཕྱར་གཡོན་པ་དཀུར་བསྟེན་ཏེ་བདུད་སྡིགས་པ་ཙོ་པ་རའི་ལྷ་ཁང་ན་བཞུགས་པ་ཡོད་དེ་དེ་དག་ནི་ནང་ཁོ་ན་ལ་གནས་པ་ཡིན་ནོ། །ད་ནི་ལྕགས་རིའི་ནང་ལོགས་ལ་གནས་པ་བཤད་དེ། གོམ་པ་སྟོང་དང་བརྒྱད་བརྒྱ་ནི། །ཡོད་པའི་ལྕགས་རི་མཛེས་པ་ནི། །ཤར་ནུབ་ཐུང་ཞིང་ལྷོ་བྱང་རིང་། །ཕྱོགས་བཞིར་ལྷ་ཁང་བརྒྱ་ཕྲག་རེ། །ལྕགས་རིའི་ནང་གི་སྐོར་ལམ་ལ་གོམ་པ་སྟོང་བརྒྱད་བརྒྱས་འཁོར་བ་གྲུ་བཞི་པ་ཡོད་དེ་འདི་ནི་ཕྱིས་བྱས་པ་ཡིན་ནོ། །དེའི་ཤར་སྒོའི་བྱང་ངོས་ན་ལྷ་མོ་འོད་ཟེར་ཅན་གྱི་རྡོ་སྐུ་བཞུགས་སོ། །སྒོ་མོ་ཆེའི་ཕུག་ན་སྒོ་སྲུང་མ་ཧཱ་ཀཱ་ལ་དང་ནང་གཡས་གཡོན་གནོད་སྦྱིན་གྱི་རྒྱལ་པོ་ཆུ་སྲིན་ཞོན་ནས་ལག་གིས་སྐེད་པའི་གྲི་ཐུང་ལ་བཟུང་བ་ཤིན་ཏུ་འཇིགས་པ་གཉིས་ཞལ་ནང་དུ་བསྟན་པ་ཡོད་དོ། །ཤར་སྒོའི་ཕྱིའི་ལྷོ་ན་དཔལ་རྒ་ལོའི་སྒོམ་ཁང་ཡོད་དོ། །དེ་བཞིན་དུ་ཨཱརྻ་དེ་ཝའི་སྒྲོལ་མ་དང་། གཤིན་རྗེ་གཤེད་དམར་པོ་མ་ཧེ་ལ་ཞོན་པ་དང་ཤར་ལྷོ་ན་དོན་ཞགས་ཞལ་གཅིག་ཕྱག་བཞི་པ་དང་། མུ་སྟེགས་པའི་ལྷ་སྤྱན་རས་གཟིགས་སུ་འགྱུར་བ་དང་། སྤྱན་རས་གཟིགས་ཁྲི་སུམ་བརྩེགས་པ་ཁྲུ་གང་བ་དང་། ཟུར་ན་ཤི་ཝི་ཏཱ་རེ་ཞེས་པའི་སྒྲོལ་མ་གཟིམས་པ་ལ་རལ་གཅིག་མས་བྱུག་པ་བྱེད་པའི་ཚུལ་ཅན་ཡོད་དོ། །ལྷོ་ན་མ་ཧཱ་མཱ་ཡཱ་དང་སྒོ་སྲུང་མགོན་པོ་བཞེངས་པ་དང་། སྤྱན་རས་གཟིགས་གར་བྱེད་པ་དང་ཛམྦྷ་ལ་དང་དགྱེས་རྡོར་ཞལ་གཅིག་ཕྱག་གཉིས་པ་དང་ལྷོ་ནུབ་མཚམས་ཀྱི་ཟུར་ཁུགས་ན་འཇམ་དཔལ་སེང་གེ་ལ་བཞུགས་པ་ཡོད་དོ། །ནུབ་ལོགས་ལ་ཀུ་རི་ཀུ་ལེ་དང་འཇམ་དཔལ་ཨ་ར་པ་ཙ་ན་རང་བྱུང་དང་ཡི་གེ་དྲུག་པ་གཙོ་འཁོར་གསུམ་པ་དང་ནུབ་བྱང་མཚམས་ན་བྱང་ཆུབ་ཆེན་པོ་བཞུགས་སོ། །བྱང་ལོགས་ལ་སྤྱན་རས་གཟིགས་བྱིན་རླབས་ཅན་དང་འཇིག་རྟེན་གསུམ་ཀུན་ཏུ་བསྐྱོད་པའི་དགྱེས་པ་རྡོ་རྗེ་དང་ལྕགས་ཀྱི་སྟེང་གི། ལྷ་བཤོས་ཀྱི་འབྲས་ཚད་མེད་པའི་ཁང་པའི་སྒོ་ན་སྤྱན་རས་གཟིགས་ཀྱི་མཆོད་རྟེན་ལྷ་ཁང་དང་བྱང་སྒོའི་ལྕགས་རིའི་ཤར་ངོས་ན་སྒོ་སྲུང་བ་སིང་ག་གླིང་པའི་ཆོས་སྐྱོང་མགོན་པོ་རྟ་ཞོན་ཞལ་གཅིག་ཕྱག་བཞི་པའི་རྡོ་སྐུ་འཇིགས་པ་དང་། སྤྱན་རས་གཟིགས་ཡུམ་ཅན་ཞལ་གཅིག་ཕྱག་བཅུ་གཉིས་འཇིག་རྟེན་ཀུན་ཏུ་བསྐྱོད་པའི་དགྱེས་པ་རྡོ་རྗེ་དང་མི་གཡོ་བ་པུས་བཙུགས་དང་གསང་འདུས་ཀྱི་གཙོ་བོ་ཞལ་གསུམ་ཕྱག་དྲུག་པ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་བ་དང་ཕག་མོ་གཉིས་དང་ཨ་ར་པ་ཙ་ན་ལྷ་པ་ལྔ་དང་། དེ་དག་ཉེ་བའི་བྱང་ཤར་ན་ཆུ་ཁུང་སྒྲོལ་མ་ཞེས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་རྡོ་སྐུ་ཁྲུ་གང་བ་བཞུགས་ཏེ་སྔོན་རྒྱལ་པོ་དྷརྨ་པཱ་ལའི་ཆད་པ་ཕོག་ནས་སིང་ག་གླིང་པའི་བཙུན་པ་རྣམས་བཀྲོངས་པ་ལ་བཙུན་པ་གཅིག་གིས་དེ་ལ་སྐྱབས་ཞུས་པས་ཁྱོད་བདེ་བའི་དུས་ན་ང་མི་དྲན་པར་ད་ལྟ་དྲན་ན་ཟེར་ཏེ་ཆུ་ཁུང་མི་ཤོང་བར་བྱིན་གྱིས་བརླབས་ནས་དེར་ཡིབས་ཤིག་གསུངས་ནས་ཡིབས་པས་ཐར་རོ། །དེ་རྒྱ་གར་ཤར་ཕྱོགས་ཐག་རིང་པོར་བྲོས་པ་ན་རྒྱལ་པོ་དྷརྨ་པཱ་ལས་བྱང་ཆུབ་ཆེན་པོའི་སྟེང་ཁང་གི་སྒོ་ཕྱེ་བས་མ་ཕྱེད་དེ་སིང་ག་གླིང་པ་ཁོ་ནས་ཕྱེད་པར་ཐོས་སོ། །བཙུན་པ་དེ་ཤར་ཕྱོགས་ནས་བཀུག་སྟེ་ཕྱེ་བས་ཕྱེད་ནས་རྒྱལ་པོ་འགྱོད་པ་སྐྱེས་ཏེ་སྡིག་བཤགས་ལ་འཁོར་གསུམ་ཡོངས་དག་རྡོ་རྗེ་གདན་དུ་ཕུལ་ལོ། །དེ་ཕུལ་ས་ལྕགས་རི་ནང་གི་ལྷོའི་ལམ་དཀྱིལ་ན་མཆོད་རྟེན་གཅིག་ཡོད་དོ། །ད་ནི་ལྕགས་རིའི་ཕྱི་ན་གནས་པ་བཤད་དེ། ལྕགས་རི་དེ་ཡི་ཕྱི་རོལ་ན། །ངོ་མཚར་རྟེན་ཚོགས་དཔག་མེད་དང་། །མཁས་གྲུབ་རྣམས་ཀྱི་བཞུགས་པའི་གནས། །གཞན་ལས་ཁྱད་འཕགས་དུ་མ་ཡོད། །དེ་ལ་ཤར་གྱི་ལྕགས་རིའི་ཕྱི་རོལ་སྒོ་མོ་ཆེའི་ཐད་ཀ་ནཻརཉྫ་ནའི་འགྲམ་ན་མ་ཧཱ་ཀཱ་ལ་སེང་གེ་ལ་གནས་པ་ཕྱག་གཉིས་ཀྱི་དབྱུག་པ་ཨོཾ་ཚུགས་སུ་བྱས་པ་ཆེ་ཞིང་འཇིགས་པ་གཉིས་ཞལ་ཤར་དུ་བསྟན་ནས་བཞུགས་སོ། །དེའི་མདུན་ཕྱོགས་ཀྱི་ཆུ་ཀླུང་ན་སྔོན་ལྟེང་རྒྱས་འོད་སྲུངས་ལ་སོགས་པ་གཉིས་རལ་པ་ཅན་སྟོང་རབ་ཏུ་བྱུང་བའི་ས་ན་བྱེ་མ་སྤུངས་པ་ལ་མཆོད་རྟེན་གྱི་གཟུགས་བྱས་པ་ཆེན་པོ་ཡོད་དོ། །ལྷོ་ཕྱོགས་ལྕགས་རི་ལ་ལོགས་གཏད་པ་ན་གྷེ་ལ་བི་ཧ་ར་ཞེས་བྱ་བ་མ་ཧཱ་ཀཱ་ལ་བྱིན་རླབས་ཅན་ཡོད་པ་སློབ་དཔོན་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱིས་ཀྱང་བཞུགས་པ་བོད་ཀྱི་རབ་བྱུང་རྣམས་ཀྱང་གནས་འཆའ་བ་ད་ལྟ་ཁ་ཆེས་བདག་པོ་བྱེད་པ་ཡོད་དོ། །དེ་དང་ཉེ་བ་ན་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་བསོད་སྙོམས་མཛད་པ་ན་འདག་པ་ལྷུང་བཟེད་རེ་བསྣམས་ནས་བྱོན་ཏེ་བཞེངས་པའི་མ་ཏི་བི་ཧ་ར་ཞེས་བྱ་བ་ཡོད་དེ་དེར་ཇོ་བོ་རྗེས་ཀྱང་རབ་ཏུ་བྱུང་བ་ཡིན་སྐད། དེའི་ཕྱི་རོལ་ན་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་བྱིན་གྱིས་བརླབས་ནས་བཙུགས་པའི་ཨ་རུ་རའི་ཤིང་སྡོང་ཡོད་དོ། །དེ་དང་ཉེ་བ་ན་ཙོ་པ་རའི་ལྷ་ཁང་ན་སྒྲོལ་མའི་རྡོ་སྐུ་བྱིན་རླབས་ཅན་ཡོད་དོ། །དེ་ནས་ལྷོ་ཕྱོགས་རྒྱང་གྲགས་གསུམ་གྱི་ནགས་གསེབ་ན་སྔོན་སངས་རྒྱས་གླང་པོ་ཆེར་སྐྱེ་བ་བཞེས་པའི་ཤུལ་ན་མཆོད་རྟེན་འདོམ་ལྔ་པ་ཡོད་དོ། །ཡང་ཕྱོགས་དེ་ན་ཀུ་པ་ཙའི་ཚལ་ཞེས་བྱ་བ་སྟག་དང་དྲེད་ལ་སོགས་པ་མང་པོ་གནས་པ་སློབ་དཔོན་ཡེ་ཤེས་སངས་རྒྱས་ཞབས་ཀྱིས་ཟླ་བ་དྲུག་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་འཕགས་པ་འཇམ་དཔལ་གྱིས་གཙོ་བོ་བྱས་པའི་དཔལ་གསང་བ་འདུས་པ་སྤྲུལ་པའི་དཀྱིལ་འཁོར་ཞལ་གཟིགས་པ་ཡོད་དོ། །ནུབ་ཕྱོགས་ན་སྔོན་སངས་རྒྱས་བསོད་སྙོམས་ལ་བྱོན་པ་ལ་རྒན་མོ་གཅིག་གིས་ལྕི་བའི་གོང་པོ་ཞིག་ཕུལ་བ་དེ་གསེར་དུ་བསྒྱུར་ཏེ་སླར་རྒན་མོ་ཉིད་ལ་གནང་བའི་ས་ན་གོ་བ་ཨ་དེ་ཤ་ཞེས་པའི་མཆོད་རྟེན་འདོམ་གསུམ་པ་བཞུགས་སོ། །བྱང་ཕྱོགས་ཀྱི་ལྕགས་རིའི་དྲུང་ན་ནག་པོ་སྤྱོད་པ་བ་བཙུན་མོ་དང་བཅས་པའི་མུན་པའི་སྒོམ་ཁང་ཡོད་དོ། །དེ་ན་སིང་ག་གླིང་པའི་གྲོང་ཡོད་པའི་དཀྱིལ་ན་སྔོན་སངས་རྒྱས་རི་བོང་དུ་སྐྱེས་ཏེ་བརྒྱ་བྱིན་ལ་ལུས་མེར་མཆོངས་ནས་ཟིན་པའི་ཤུལ་ན་མཆོད་རྟེན་གསུམ་བཞུགས་སོ། །དེ་དང་ཉེ་བ་ན་སྔོན་སངས་རྒྱས་སྲེག་པར་སྐྱེས་ནས་གླང་པོ་དང་སྤྲེའུ་དང་རི་བོང་གསུམ་བསྙེན་བཀུར་གྱི་དོན་དུ་གང་རྒན་བརྩིས་པའི་ནྱ་གྲོ་དྷའི་ཤུལ་ན་མཆོད་རྟེན་གཅིག་དང་ནྱ་གྲོ་དྷའི་ཕུང་པོ་ཞིག་ཡོད་དོ། །བྱང་ཤར་ན་སངས་རྒྱས་གཞོན་ནུ་མ་བདུན་དང་མཇལ་བའི་ས་ན་མཆོད་རྟེན་བདུན་དང་རལ་པ་ཅན་ལྔ་བརྒྱ་བཏུལ་བའི་ས་དང་སློབ་དཔོན་ཀླུ་སྒྲུབ་ཀྱི་སྒོམ་ཁང་ས་ཕུག་དང་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀླུའི་ཡུལ་ནས་བོ་དྷི་ཙི་བསྣམས་ནས་བྱོན་ཏེ་བྱིན་གྱིས་བརླབས་ནས་བཙུགས་པའི་ཤིང་བུ་གསུམ་ཡོད་དོ། །རྡོ་རྗེ་གདན་ནས་བྱང་ཤར་དུ་རྒྱང་གྲགས་ལྔ་བཅུ་ན་གྲུབ་ཐོབ་རྣམས་ཀྱི་གནས་ཆོས་ཀྱི་མྱུ་གུ། སར་བ་རའི་ཕུག་ཅེས་བྱ་བ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ལུང་དང་མཐུན་པའི་ཆོས་བཅུ་བཞི་འཇམ་དཔལ་ཞལ་གྱི་ལུང་རྩོམ་ཞིང་འཁོར་བཅོ་བརྒྱད་དང་ལྷན་ཅིག་བཞུགས་པ་ཡོད་དོ། །དེ་དག་ནི་གནས་དང་རྟེན་བྱིན་རླབས་ཅན་ཁྱད་པར་འཕགས་པ་རྣམས་ཡིན་ལ། གཞན་ཡང་བསམ་གྱིས་མི་ཁྱབ་པ་བཞུགས་ཏེ་དེང་སང་ནི་མཆོད་རྟེན་ལྔ་བརྒྱ་ཡོད་ལ་ལྷ་སྐུ་ལ་གྲངས་མེད་དོ། །དེ་དག་ལས་སྔར་བཤད་པ་ཐམས་ཅད་དམ་རང་བྱོན་རྣམས་ལ་སོགས་པ་གང་འདོད་པ་བཞེངས་ཏེ་མཆོད་པ་དང་སྒོམ་པ་དང་སྐོར་བ་ལ་སོགས་པ་ལ་བརྩོན་པར་བྱ་སྟེ་དཀྱིལ་འཁོར་དང་ལྷ་གཞན་སྒོམ་པས་ཀྱང་འདིར་བདག་བསྐྱེད་དང་མདུན་བསྐྱེད་དུ་བསྒོམས་ཏེ་གསོལ་བ་བཏབ་ན་བྱིན་རླབས་མྱུར་བ་ཡིན་ནོ། །རྒྱལ་བའི་ཡུམ་ལས་ཀྱང་འདིའི་འཁོར་ཡུག་ཏུ་ཆུད་པའི་སེམས་ཅན་ལ་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི་གནོད་པ་མི་འབྱུང་བར་བཤད་དོ། །འཕགས་པ་ཀླུ་སྒྲུབ་ལ་སོགས་པས་མཛད་པའི་ཚུལ་ཏེ་ལེའུ་ལྔ་པའོ།།  །།དེ་ལྟར་སངས་རྒྱས་རྣམས་ཀྱིས་མངོན་པར་འཚང་རྒྱའི་གནས། །འོག་མིན་དང་མཚུངས་རྡོ་རྗེའི་གདན་འདི་ལེགས་བཤད་པས། །སྐྱེ་བ་ཀུན་ཏུ་འཕགས་པའི་ཚོགས་དང་མི་འབྲལ་ཞིང་། །བྱང་ཆུབ་སྙིང་པོར་མྱུར་དུ་སངས་རྒྱས་ཐོབ་པར་ཤོག རྡོ་རྗེ་གདན་རྣམ་པར་བཤད་པ་རྒྱན་གྱི་མེ་ཏོག་ཅེས་བྱ་བ་མང་དུ་ཐོས་པའི་དགེ་སློང་བཅོམ་ལྡན་རལ་གྲིས། དཔལ་ལྡན་སྣར་ཐང་གི་དགོན་པར་སྦྱར་བ་རྫོགས་སོ། །དཔྱལ་ལོའི་ཚེ་མཆོད་རྟེན་ལྷ་ཅན་ཉིས་བརྒྱ་དྲུག་ཅུའོ། །དགེའོ། །སིདྡྷཾ།།  །།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...