སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་བསྟན་ཡུལ་གྲུ་སོ་སོར་དར་ཚུལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-7 10:52:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     སངས་རྒྱས་ཀྱི་བསྟན་པ་ནི་རྒྱ་གར་ནས་རིམ་བཞིན་འཛམ་གླིང་གི་ཡུལ་གྲུ་སོ་སོར་དར་བ་ཡིན་ཞིང་དེ་དར་བའི་རྒྱུད་རིམ་ནི་ཡུལ་ཕྱོགས་ཀྱིས་བཤད་ན་ལྷོ་བརྒྱུད་སངས་རྒྱས་ཆོས་ལུགས་དང་བྱང་བརྒྱུད་སངས་རྒྱས་ཆོས་གཉིས་ཡོད་ཅིང་སིངྒལ། འབར་མ། ཐེ་ལན། ཁན་བུ་ཀྲི། ལོ་ཝོ། རྒྱལ་ནང་གི་ཐའི་རིགས་སོགས་ལ་དར་བའི་ནང་བསྟན་ཨེ་ཤ་ཡའི་ལྷོའི་རྒྱུད་ནས་དར་བས་ལྷོ་རྒྱུད་ཆོས་ལུགས་ཟེར་ལ། རྒྱ་ནག་དང་ཁོ་རེ་ཡ། ཉི་ཧོང་། བོད། སོག་པོ་སོགས་ལ་དར་བའི་ནང་བསྟན་ཨེ་ཤ་ཡའི་བྱང་ཕྱོགས་ནས་དར་བས་བྱང་བརྒྱུད་ནང་བསྟན་ཟེར་ལ་སྔ་མ་ནི་ཐེག་དམན་གནས་བརྟན་པའི་ཆོས་ལུགས་ཡིན་ལ་ཕྱི་མ་ནི་ཐེག་ཆེན་གྱི་ཁོངས་སུ་གཏོགས། སྐད་ཁོངས་ཀྱི་དར་ཚུལ་གྱི་དབང་དུ་བྱས་ན་པྲ་ཀྲི་ཏའི་སྐད་ཁོངས་དང་བོད་སྐད་དང་རྒྱ་སྐད་ཀྱི་སྐད་ཁོངས་གསུམ་ཡོད་དེ་ཕྱི་མ་གཉིས་ནི་སཾ་སྐྲྀཏའི་སྐད་ལས་བསྒྱུར་བ་ཡིན་རུང་ད་ལྟ་སཾ་སྐྲྀཏའི་སྐད་ཀྱིས་བྲིས་པ་ཤིན་ཏུ་ཉུང་ཞིང་། གོང་དུ་བཤད་པའི་ལྷོ་བརྒྱུད་ནང་བསྟན་ནི་པྲ་ཀྲི་ཏིའི་སྐད་ཁོངས་ལས་དར་བ་ཡིན་ལ་རྒྱ་སྐད་ཀྱི་སྐད་ཁོངས་ལས་དར་བ་ནི་རྒྱ་རིགས་དང་ཁོ་རེ་ཡ། ཉི་ཧོང་། ཡོ་ནན་རྒྱལ་ཁབ་ཀྱི་རྒྱ་རིགས་དག་ཡིན་ལ། བོད་ཀྱི་སྐད་ཁོངས་ལས་དར་བ་ནི་བོད་དང་སོག་པོ། ཧོར། འཇང་། ཡིས་ཀོའུ་རིགས་སོགས་མི་རིགས་ལ་དར་བ་སྟེ་ཕྱི་སོག་དང་། སྔོན་གྱི་སུའུ་ལན་གྱི་ཞི་པོ་ལི་ས་ཆ་དང་རྒྱ་གར་བྱང་ཕྱོགས་ས་ཁུལ་དུ་དར་བ་དང་། ད་ལྟ་ནུབ་ཕྱོགས་ཨ་མི་རི་ཀ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་ལ་དར་བ་ཡིན་ལ། དེ་ལ་སྟབས་བདེ་བས་བཤད་ན་ལྷོ་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན། བོད་བརྒྱུད་ནང་བསྟན་ཞེས་བཤད་ན་འོས་ཤིང་གཤམ་དུ་ཡུལ་གྲུ་སོ་སོར་དར་ཚུལ་རོབ་ཙམ་བཤད་པར་བྱ་སྟེ།
དང་བོ། རྒྱ་གར་དུ་དར་ཚུལ།
     རྒྱ་གར་ནི་ནང་བསྟན་གྱི་ཕ་ཡུལ་ཡིན་ཞིང་སྟོན་པ་སངས་རྒྱས་ཀྱི་དུས་དང་དེའི་རྗེས་སུ་རྒྱན་དྲུག་མཆོག་གཉིས་སོགས་བསྟན་འཛིན་མང་བོས་ནང་བསྟན་སྤེལ་བའི་སྐབས་དེ་དག་ལ་ནང་བསྟན་དར་རྒྱས་ཀྱི་དུས་མཚམས་ལྔ་རུ་དབྱེ་ཡོད་དེ། སྟོན་པ་མྱ་ངན་ལས་འདས་ནས་ཕལ་ཆེར་ལོ་བརྒྱའི་བར་དུ་གདོད་མའི་ནང་བསྟན་གྱི་དུས་རབས། འདིའི་རྗེས་ཀྱི་ཕལ་ཆེར་ལོ་བཞི་བརྒྱ་ལྷག་ནི་སྡེ་བ་སོ་སོར་གྱེས་པའི་དུས་སྐབས། འདིའི་རྗེས་ཕལ་ཆེར་ལོ་བཞི་བརྒྱ་ལྷག་ནི་ཐེག་ཆེན་གྱི་དབུ་མའི་ལུགས་དར་བའི་དུས་སྐབས། འདིའི་རྗེས་ཀྱི་ཕལ་ཆེར་ལོ་བཞི་བརྒྱ་ཙམ་ནི་སེམས་ཙམ་པ་དར་བའི་དུས་སྐབས་ཏེ་འདིའི་མཇུག་ཏུ་གསང་སྔགས་དར་བའི་དབུ་བརྩམས་ཤིང་། དེའི་རྗེས་ཕལ་ཆེར་ལོ་སུམ་བརྒྱ་ཙམ་ནི་གསང་སྔགས་དར་བའི་དུས་སྐབས་ཡིན་པར་འདོད།
     དུས་རབས་བདུན་པའི་དཀྱིལ་ནས་ཀླ་ཀློའི་དུ་རུ་ཁའི་དམག་གིས་རྒྱ་གར་ནུབ་བྱང་གི་སར་བཙན་འཛུལ་བྱས་ཤིང་དུས་རབས་བཅུ་བའི་སྨད་དུ་རིམ་བཞིན་རྒྱ་གར་གྱི་དབུས་སུ་བཙན་འཛུལ་བྱས་ཏེ་རྒྱ་གར་གྱི་ཆོས་ལུགས་ཡོད་ཚད་ལ་གཏོར་བརླག་ཚབས་ཆེན་ཐེབས། ཁྱད་པར་དུ་དུས་རབས་བཅུ་གཅིག་ལ་སླེབས་དུས་པཱོ་ལཱའོ་(སྒོརྱ)རྒྱལ་རབས་ཀྱི་མཇུག་དང་སཱི་ནཱ(ནླལྦླྷ)རྒྱལ་རབས་དུས་སུ་བཙན་འཛུལ་གྱི་ཤུགས་རྒྱ་གར་ཤར་ཕྱོགས་སུ་སླེབས་པས་ནང་བའི་སློབ་དཔོན་དག་བལ་བོ་དང་བོད་དུ་བྲོས། མཇུག་མཐར་ནཱ་སཱིའི་རྒྱལ་བོའི་ཕོ་བྲང་ནས་ཀྱང་ལོག་ཆོས་བཀུར་བས་དགོན་པ་མང་བོ་བཤིག་ཅིང་གྲྭ་བ་སྟོངས་པར་བྱས་པས་དུས་རབས་ཉི་ཤུ་བའི་མཇུག་བར་ཕལ་ཆེར་ལོ་ངོ་བདུན་བརྒྱ་ལྷག་ལ་ནང་ཆོས་རྩ་མེད་དུ་གྱུར།
     དུས་རབས་བཅུ་དགུ་བའི་མཇུག་ཏུ་སིངྒལའི་དྷརྨ་པ་ལ་ཟེར་བའི་དགེ་བསྙེན་ཞིག་རྒྱ་གར་དུ་གནས་མཇལ་ལ་ཡོང་བར་གནས་ཆེན་དག་ཏུ་ཁང་བཤིག་ཤུལ་སྟོངས་སུ་གྱུར་པར་མ་བཟོད་ནས་བསྟན་པའི་མེ་རོ་གསོ་བར་འབད་པས་རྒྱ་གར་དུ་ནང་བའི་ཆོས་ཚོགས་དང་ཆོས་ལུགས་སྤེལ་བའི་ལས་འགུལ་བྱུང་། ཉེ་བའི་ལོ་བཅུ་ཕྲག་འགའི་ནང་དུ་ཀྲུང་གོ་དང་འབར་མ། ཉི་ཧོང་བཅས་ནས་ནང་བ་མང་བོ་རྒྱ་གར་དུ་ཡོང་སྟེ་སངས་རྒྱས་ཀྱི་བསྟན་པ་སླར་གསོ་བྱས་ཤིང་རྒྱ་གར་གྱི་མི་མང་བོ་ནང་བསྟན་ལ་སྐྱབས་སུ་སོང་ཞིང་འགའ་རེ་སིངྒལར་རབ་ཏུ་བྱུང་། 1956ལོའི་ཟླ10བར་རྒྱ་གར་གྱི་མི་དམངས་ཀྱི་དབུ་ཁྲིད་པོ་ཧྲི་རབ་འབྱམས་པ་ཨན་པེ་ཏིག་ཁར(B.R.Ambedkar)ཞེས་པས་ཚོགས་ཆེན་ཞིག་ཏུ་ཁོ་རང་ནང་བར་སྐྱབས་སུ་སོང་བ་དང་མི་ནི་ལྷས་བཟོས་པ་མིན་ཞིང་འགྲོ་བ་སེམས་ཅན་འདྲ་མཉམ་ཡིན་པ་སོགས་ནང་བའི་བསྟན་པ་བསྒྲགས་པར་བརྟེན་ཚོགས་ཞུགས་མི་ཁྲི་ལྔ་བཅུ་ཧིན་རྡུའི་ཆོས་ལུགས་བསྒྱུར་ནས་ནང་བར་ཞུགས། ལོ་དེའི་ཟླ་བཅུ་གཉིས་པར་ཁོང་གློ་བུར་དུ་གཤེགས་ནའང་ཆོས་ལུགས་བསྒྱུར་བའི་ལས་འགུལ་རྒྱ་གར་ཡོངས་སུ་ཁྱབ་ཅིང་མི་ཁྲི་སྟོང་མང་བོ་ནང་བར་ཞུགས། ལས་འགུལ་དེལོར་ད་དུང་མུ་མཐུད་དུ་འབྱུང་བཞིན་ཡོད་ཟེར། དེ་ལས་གཞན་ཕ་ཀི་སི་ཐན་དང་མངྒ་ལ་རྒྱལ་ཁབ། བལ་བོ། འབྲུག་ཡུལ། འབྲས་ལྗོངས་སོགས་སུའང་ནང་བསྟན་ཤིན་ཏུ་དར་རོ། །
གཉིས་པ། ལྷོ་བརྒྱུད་ནང་བསྟན་ཡུལ་གྲུ་སོ་སོར་དར་ཚུལ།
     1.སིངྒལར་ནང་ཆོས་དར་ཚུལ། སྟོན་པ་ཞལ་བཞུགས་དུས་སིངྒལར་ཐེངས་གཉིས་ལ་ཕེབས། ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་མཏྣེད་ནས་སིངྒལར་ཆོས་སྤེལ་བར་མངགས་པ་ནས་དངོས་སུ་ཆོས་དར་བའི་དབུ་ཚུགས། ལྷོ་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་སུ་སྐབས་དེ་ནི་ནང་བསྟན་ཐོག་མར་དར་བའི་དུས་སྐབས་ཟེར། སྤྱི་ལོ་སྔོན་གྱི200ནས་སྤྱི་ལོ1017ལོའི་བར་ནང་བསྟན་དར་རྒྱས་ཀྱི་སྐབས་དང་སྤྱི་ལོ1017ནས1750བར་ནང་བསྟན་ཉམས་པའི་དུས་སྐབས། སྤྱི་ལོ1753ནས1985བར་བསྟན་པ་ཕྱི་དར་གྱི་དུས་སྐབས་ཟེར།
     དེང་སྐབས་སིངྒལར་དགོན་པ་དྲུག་སྟོང་ཡས་མས་དང་དགེ་ཚུལ་སློང་ཉི་ཁྲི་ལྔ་སྟོང་ལྷག་ཡོད་ཅིང་ནང་བསྟན་སློབ་གསོའི་འཕེལ་རྒྱས་ཤིན་ཏུ་མགྱོགས། རྒྱལ་ཡོངས་སུ་ནང་བསྟན་སློབ་གྲྭ་སུམ་བརྒྱ་ལྷག་ཡོད་ལ་མི་བརྒྱ་ཆའི་གོ་བཞིས་ནང་བསྟན་ལ་དད་མོས་བྱེད། 1969ལོར་དགེ་སློང་སློབ་གྲྭ་ཆེན་མོ་བཙུགས་ཏེ་སྡེ་སྣོད་གསུམ་ལ་མཁས་པ་མང་བོ་གསོ་སྐྱོང་བྱེད་ཅིང1981ལོར་སློབ་གྲྭ་ཆེན་མོ་དེར་ཞིབ་འཇུག་སློབ་མའི་སློབ་གླིང་བཙུགས། སྲིད་གཞུང་དུའང་ནང་བསྟན་པུའུ་བཙུགས་ནས་ཙུང་ཐུང་གིས་པུའུ་ཀྲང་གི་ཚབ་བྱེད།
     2.འབར་མར་ནང་ཆོས་དར་ཚུལ། སྟོན་པའི་དུས་སུ་ས་འདིར་ནང་ཆོས་ཐོག་མར་དར་བར་བཤད། ད་ལྟ་རྒྱལ་ཡོངས་ཀྱི་མི་གྲངས་བརྒྱ་ཆའི་དགུ་བཅུ་ནང་བར་དད་མོས་བྱེད་ཅིང་དགོན་པ་ཁྲི་ལྷག་དང་གྲྭ་བ་ཁྲི་བཅུ་གསུམ་ལྷག་ཡོད། ཁྱིམ་ཚང་དབུལ་ཕྱུག་ཚང་མར་མཆོད་ཁྲི་ཡོད་ཅིང་ཞོགས་པར་བུད་མེད་ཚོས་ཐོག་དང་བོར་ཁྲོམ་ནས་མེ་ཏོག་ཉོས་ནས་མཆོད་པ་ཕུལ་ཏེ་ཕྱག་འཚལ། ཁ་བཏོན་གསུངས། ཞོགས་ཟས་ཀྱི་ཕུད་བླངས་ཏེ་དགེ་སློང་བསོད་སྙོམས་སློང་བར་གྲ་སྒྲིག་བྱེད་ཅིང་ཕྱོགས་གང་སར་བསོད་སྙོམས་པའི་དགེ་སློང་མཐོང་ཐུབ། མཆོད་རྟེན་བཞེངས་པ་བསོད་ནམས་ཀྱི་ཞིང་དུ་འདོད་པས་གང་སར་མཆོད་རྟེན་གྱི་གཟི་མདངས་མངོན། 1950ལོ་ནས1951ལོའི་བར་སྲིད་གཞུང་གིས་གྲྭ་བར་རོགས་བྱས་ནས། ནང་བསྟན་དཔྱད་གླེང་ཚོགས་འདུ་དང་ཆོས་དོན་ཁང། ནང་བསྟན་ཁྲིམས་གཉེར་ཁང་བཅས་བཙུགས། ནང་བསྟན་དཔྱད་གླེང་ཚོགས་འདུ་ཆེས་མཐོ་བའི་ནང་བསྟན་རྩ་འཛུགས་ཡིན་ལ། དེས་ཆོས་ཐོག་ཆེན་པོ་དང་ནང་བསྟན་སློབ་གསོ་དར་སྤེལ། ནང་རིག་ཞིབ་འཇུག རྒྱལ་ཡོངས་ཀྱི་ཆོས་ལུགས་རྒྱུགས་ལེན། ནང་བསྟན་རིག་གནས་དང་བསམ་བློ་དར་སྤེལ། དགེ་སློང་ཉམས་མྱོང་ཅན་བདམས་ཏེ་མང་ཚོགས་ལ་ཉམས་ལེན་གྱི་སློབ་སྟོན་བྱེད་པ། སྒོམ་གྲྭ་འཛུགས་སྐྲུན་སོགས་ཀྱི་འགན་ཁུར། ཆོས་དོན་ཁང་གིས་སྲིད་གཞུང་རོགས་རམ་འོག་གྲྭ་བའི་སྒྲིག་ལམ་འཛུགས་པ། ནང་བསྟན་སློབ་གྲྭ་ཆེན་མོ་དང་ནང་བསྟན་གྱི་དགེ་རྒན་གསོ་སྐྱོང་གི་འགན་ཁུར། ནང་བསྟན་ཁྲིམས་གཉེར་པུའུ་ཡིས་གྲྭ་བའི་ཁྲིམས་ཁང་བཞིན་ཚུལ་ཁྲིམས་སྲུང་བ་དང་སྒྲིག་ལམ་བརྩི་བ། གྲྭ་བ་ཕན་ཚུན་བར་གྱི་རྩོད་ཉོག་ཐག་གཅོད་བྱེད་པ་བཅས་སྒྲུབ་བོ། །
     3.ཐེ་ལན་ལ་ནང་བསྟན་དར་ཚུལ། ཐེ་ལན་ལ་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པར་དམ་པའི་ཆོས་དར་ཞིང་སངས་རྒྱས་ཆོས་ལུགས་ཀྱི་རྒྱལ་ཁབ་ཏུ་འབོད། ནང་བསྟན་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་གཏན་འཁེལ་བྱས་ཤིང་རྩ་ཁྲིམས་སུ་རྒྱལ་བོ་ངེས་པར་དུ་ནང་བ་བྱེད་དགོས་ཚུལ་འཁོད། རྒྱལ་ཡོངས་སུ་དགོན་པ་སུམ་ཁྲི། དགོན་པ་ལ་རྒྱལ་ཁབ་ཀྱི་དགོན་པ་དང་དམངས་ཀྱི་དགོན་པ་གཉིས་ཡོད། རྒྱལ་ཁབ་ཀྱི་དགོན་པ་རྒྱལ་བོས་བདག་བྱེད། མཆོད་རྟེན་ཁྲི་བཅུ། སྟོན་པའི་སྐུ་ཁྲི་བཞི་སྟོང་ལྷག་ཡོད། དགེ་སློང་ཉི་ཁྲི་སུམ་སྟོང་བཞི་བརྒྱ་དང་དགེ་ཚུལ་ཆིག་འབུམ་དྲུག་སྟོང་ཡོད་ཅིང་རྒྱལ་ཁབ་ཀྱི་མི་བརྒྱ་ཆའི་གོ་བཞི་ནང་བ་ཡིན། སྐྱེས་པ་ཡོད་ཚད་མ་མཐའ་ཡང་ཟླ་གསུམ་རེར་རབ་ཏུ་བྱུང་། རྗེས་སུ་སྲོལ་དེ་ཞིག་ནས་ཉིན་བཅོ་ལྔ་དང་བཅུ། ལྔ། མ་མཐའ་ཡང་ཉིན་གསུམ་རེར་རབ་ཏུ་འབྱུང་དགོས། རབ་ཏུ་མ་བྱུང་བར་མིའི་ཡན་ལག་ཅིག་མ་ཚང་བ་ལྟར་སྐྱོན་དུ་བརྩི།
     རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཕྱེད་ཀའི་ཡན་དགོན་པ་རུ་བཙུགས་ཤིང་ད་དུང་དགོན་པ་མང་བོར་སྒེར་བཙུགས་སློབ་གྲྭ་ཡོད། རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་ཏུ་ཆོས་ཀྱི་རྒྱུན་ཤེས་དང་ནང་དོན་ལུགས་སྲོལ་བཀོད་སྒྲིག་བྱས་ཡོད། དགོན་པར་ནང་བསྟན་སློབ་གྲྭ་བཙུགས་ཤིང་དུས་ཡུན་རིང་ཐུང་གང་ཞིག་ཡིན་ཡང་དེར་སློབ་སྦྱོང་བྱས་ཆོག་ཅིང་ལོ་རེར་རྒྱལ་ཡོངས་སུ་གཅིག་གྱུར་ཀྱི་རྒྱུགས་ལེན།
ཚེ་གང་བོར་རབ་ཏུ་བྱུང་བའི་སློབ་དཔོན་ཞིག་གིས་དབུ་འཛིན་པའི་གནས་བརྟན་ཆེན་པོའི་ཚོགས་པ་ནི་དབང་ཆ་ཆེས་མཐོ་བའི་ལས་ཁུངས་ཤིག་སྟེ་དེའི་ཁོངས་སུ་སྲིད་འཛིན་དང་དེའི་འོག་ཏུ་དགེ་འདུན་གྱི་གྲོས་ཚོགས་དང་ཁྲིམས་ཁང་བཙུགས་ཡོད། སྲིད་གཞུང་གི་ཆོས་ལུགས་ཐིན་སློབ་གསོ་པུའུའི་ཁོངས་སུ་བཙུགས་ཡོད།
     4.ཁམ་ཕུ་ཁྲེར་ནང་བསྟན་དར་ཚུལ། དུས་རབས་དང་བོ་ནས་ཁམ་ཕུ་ཁྲེར་ནང་བསྟན་དར། ལྷག་པར་ཁམ་ཕུ་ཁྲེ་རང་བཙན་བྱས་ནས་རྩ་ཁྲིམས་སུ་ནང་བསྟན་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་གཏན་འཁེལ་བྱས་པས་ཤིན་ཏུ་དར་རྒྱས་སུ་གྱུར། 1955ལོར་ནང་བསྟན་གྱི་སློབ་གྭ་ཆེན་མོ་ཐོག་མར་བཙུགས། 1970ལོར་བསྡོམས་རྩིས་བྱས་པ་ལྟར་ན་དགོན་པ་སུམ་སྟོང་དང་དགེ་ཚུལ་སློང་དགུ་ཁྲི་དང་ནང་བས་རྒྱལ་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆའི་ལྔ་བཅུ་ཟིན། དགེ་ཚུལ་སློང་གིས་ཕྱི་དྲོའི་ཁ་ཟས་མི་བཞེས་ཤིང་བསོད་སྙོམས་འགྲིམ། ཟླ་རེར་སྐྲ་ཐེངས་རེ་དང་སྨིན་མ་ཐེངས་གཉིས་རེར་བཞར། ཐེ་ལན་ཇི་བཞིན་སྐྱེས་པ་དུས་ཐུང་ངུར་རབ་ཏུ་བྱུང་། རྒྱལ་ཡོངས་སུ་དགེ་འདུན་པའི་དབུ་འཛིན་གཅིག་དང་དབུ་འཛིན་གཞོན་པ་གཉིས་ཀྱིས་དབུ་ཁྲིད་པའི་གྲུབ་མཐའ་འདུས་པའི་ཚོགས་པ་ཞིག་ཡོད་པའི་སྒྲིག་གཞི་དེས་ཁམ་ཕུ་ཁྲེའི་ནང་བསྟན་ལ་གཅིག་གྱུར་ཀྱི་བཀོད་འདོམས་བྱེད།
     5.ལའོ་ཝུའོ་ལ་ནང་བསྟན་དར་ཚུལ། སྤྱི་ལོའི་དུས་རབས་དང་བོ་ནས་ནང་བསྟན་དར། ད་ལྟ་གྲྭ་བ་ཁྲི་གཅིག་དང་སྟོང་གཉིས་ཡོད་ལ་དགོན་པ་ཉིས་སྟོང་ཡོད་ཅིང་ནང་བསྟན་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་བརྩིས་ཤིང་སྲིང་མོའང་འབྲེལ་འདྲིས་མི་བྱེད་ཅིང་ཚོང་བ་བུ་མོས་དངོས་པོ་གྲྭ་བ་ལ་མི་སྟེར་བར་གྲྭ་བ་རང་གིས་ལེན། གྲྭ་བས་རྒྱུ་ནོར་མི་གསོག་པར་སློང་མོ་ཁོ་ནར་བསྟེན་ཅིང་གྲྭ་བ་གཅིག་པུ་རེ་ལམ་དུ་སོང་མི་ཆོག 1965ལོར་སློབ་གསོ་གཏན་འཁེལ་གསར་བ་བཟོས་ཏེ་གྲྭ་བ་དམའ་འབྲིང་རིམ་པ་དང་། མཐོ་རིམ་གྱི་སློབ་གསོ་བཅས་རིམ་པ་གསུམ་གཏན་འཁེལ་བྱས་ཤིང་། དམའ་རིམ་མཐར་ཕྱིན་ནའང་ཆོས་དོན་ཁངའམ་ཡང་ན་སློབ་གསོ་ཁང་གིས་མཐར་ཕྱིན་དཔང་ཡིག་སྟེར། མཐོ་རིམ་མཐར་ཕྱིན་པར་མ་ཧཱ་ཞེས་པའི་གོ་མིང་སྟེར། འབྲིང་རིམ་ནང་བསྟན་སློབ་གྲྭར་ནང་རིག་དང་པྲ་ཀྲི་ཏ། ལའོ་ཡིག ཧྥ་ཡིག དབྱིན་ཡིག རྩིས་རིག ལོ་རྒྱུས། ས་རྒྱུས། ཚན་རིག་གི་རྒྱུན་ཤེས། ལུས་ཁམས་གཙང་སྦྲ། མིའི་རིགས་དར་རྒྱས་ལོ་རྒྱུས་བཅས་དང་མཐོ་རིམ་སློབ་གྲྭ་ལ་སོགས་ཐེ་ལན་དང་འདྲ། ནང་དོན་རིག་པ་དང་པྲ་ཀྲི་ཏའི་ཡིག་བསྒྱུར། ནང་བསྟན་ལོ་རྒྱུས། ཐེག་ཆེན་ལོ་རྒྱུས་དང་གནས་བརྟན་པའི་སྒྱུ་རྩལ་ལོ་རྒྱུས། རྒྱ་གར་དང་ཨེ་ཤར་གྱི་མཚན་ཉིད་རིག་པའི་ལོ་རྒྱུས། ཧྥ་དབྱིན། སཾ་སྐྲྀ་ཏའི་ཡི་གེ རྒྱ་ཡིག འཇར་མན་ཡི་གེ ཐེ་ལན། འབར་མ། ལོའོ་ཝུའོ། ཅན་པུ་ཁྲེ། ཉི་ཧོང་བཅས་ཀྱི་རྩོམ་རིགགནམ་བདག་ཆོས་ལུགས། ཁ་ཆེའི་ཆོས་ལུགས་ཀྱི་ལོ་རྒྱུས། ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ཞིབ་བསྡུར་སློབ་ཚན་བཀོད་སྒྲིག་བྱས། དུས་ཐུང་རབ་བྱུང་ལ་སོགས་ཐེ་ལན་དང་འདྲ།
གསུམ་པ། རྒྱ་བརྒྱུད་ནང་བསྟན།
     1.རྒྱ་ལ་དར་ཚུལ། སྤྱི་ལོ67ལོར་ཧན་རྒྱལ་བོ་མེན་ཏེས་རེ་ཞུས་བཞིན་དགྲ་བཅོམ་པ་མཏིངྒ་དང་པནྜིཏ་བ་ར་ན་གཉིས་ཕེབས་ཏེ་རྒྱལ་བོས་པེ་མ་ཟི(北马寺)ཟེར་བ་བཞེངས་ནས་ནང་བསྟན་སྤེལ། སྤྱི་ལོ250ལ་དགེ་སློང་དང429ལོར་དགེ་སློང་མ་བྱུང་། རིམ་བཞིན་བཀའ་བསྟན་མང་བོ་བསྒྱུར་ཏེ་ཐེག་པ་ཆེ་ཆུང་གཉིས་ཀ་དར། སྤྱི་ལོ་དུས་རབས་དྲུག་པའི་མཇུག་ནས་དགུ་བའི་བར་དུ་ནང་བསྟན་དར་བའི་སྐབས་ཡིན་ཟེར་ཞིང་རིམ་བཞིན་ལོ་རྒྱུས་ཀྱི་དར་རྒུད་བརྒྱུད་དེ་གྲུབ་མཐའ་སྣ་མང་གྱེས་ནའང་དེང་སྐབས་དར་ཆེ་བ་ནི་རྣམ་བཤད་གསུམ་པ་བ(三论宗)ཡོ་ག་བ(愈加宗)   གནམ་སྟེགས་པ(天台宗)སྒོམ་པ་བ(禅宗)དག་ས་བ(净士宗)ཚུལ་ལྡན་པ(律宗)གསང་བ་པ(密宗)ཕལ་ཆེན་པ(华严宗)བཅས་བརྒྱད་བྱུང་ཡོད། ད་ལྟ་དགོན་པ་མང་བོ་ཞིག་དང་ནང་བསྟན་སློབ་གྲྭ ནང་བསྟན་མཐུན་ཚོགས་བཅས་གང་མང་ཞིག་བཙུགས་ཡོད།
     2.ཁོ་རེ་ཡ(朝鲜)ལ་དར་ཚུལ། སྤྱི་ལོ374ནས་ནང་བསྟན་ཡུལ་འདིར་དར་བར་བཤད་ཅིང་། 392ལོར་ལིས་རྒྱལ་རབས་བཙུགས་ཏེ་དམ་པའི་ཆོས་བསྣུབ་པར་བརྩམས་ཀྱང་བསྣུབས་མ་ཐུབ། 1971ལོར་རྩིས་བླངས་པ་ལྟར་ན་དགོན་པ་ཆིག་སྟོང་སུམ་བརྒྱ་ལྷག་དང་། གྲྭ་བ་ཆིག་ཁྲི་སུམ་སྟོང་དང་དད་ལྡན་ས་ཡ་བཞི་དང་ལྔ་འབུམ་ཡོད་ཟེར།
     3.ཉི་ཧོང་ལ་དར་ཚུལ། སྤྱི་ལོ522ཡས་མས་སུ་རྒྱ་ནག་དང་ཁོ་རེ་ཡ་ནས་སོ་སོར་དར་ནས་རིམ་བཞིན་དར་རྒྱས་སུ་ཕྱིན། གོང་མ་མེན་ཀྲི་ཞེས་པས་བསྟན་པ་བསྣུབས་པའི་དུས་ཡུན་རིང་བོ་མ་སོང་བར་ཡུལ་མི་དག་གི་རེ་འདུན་བཞིན་སྲིད་གཞུང་གིས་སླར་ཡང་ནང་བསྟན་ལ་དོ་དམ་ལས་ཁུངས་སོགས་བཙུགས་ཤིང་དད་མོས་རང་དབང་གི་བཅའ་ཁྲིམས་ལག་ལེན་ཏུ་བཏབ། སློབ་གྲྭ་ཆེན་མོ་དག་ཏུ་ནང་བསྟན་ཆེད་སྦྱོང་འཛིན་གྲྭ་སོགས་བསྒྲུབས།
     1964ལོར་ཡུལ་འདིར་ནང་བསྟན་གྱི་ཚོགས་པ་ཆིག་བརྒྱ་དྲུག་ཅུ་དང་སྤྱི་ལོ1986ལོར་ནང་བ་བ་བྱེ་བ་གཉིས་ལྷག་ཡོད་པར་བཤད་ཅིང་ད་སྐབས་དར་རྒྱས་སུ་འགྲོ་བཞིན་པའི་སྐབས་ལགས་ཤིང་མི་གྲངས་བརྒྱ་ཆའི70ནང་བར་དད་པར་བཤད།
བཞི་བ། བོད་བརྒྱུད་ནང་བསྟན།
     1.བོད་ལ་དར་ཚུལ། ལྷ་ཐོ་ཐོ་རིའི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། སྲོང་བཙན་སྒམ་པོའི་རིང་ལ་བསྟན་པའི་སྲོལ་གཏོད། ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བསྟན་པ་དར་ཞིང་རྒྱས་པར་བྱས་པ་ནས་གླང་དར་མས་བསྟན་པ་བསྣུབས་པའི་བར་བསྟན་པ་སྔ་དར་ཟེར། བླ་ཆེན་དགོངས་པ་རབ་གསལ་གྱིས་བསྟན་པའི་མེ་རོ་གསོས་པ་ནས་བསྟན་པ་ཕྱི་དར་ཟེར།
     (1)མདོ་ལ་གསར་རྙིང་གི་ཐ་སྙད་མེད་མོད་བསྟན་པ་སྔ་དར་སྐབས་བསྒྱུར་པའི་སྔགས་ལ་གསང་སྔགས་རྙིང་མ་དང་བསྟན་པ་ཕྱི་དར་ནས་བསྒྱུར་པའི་སྔགས་ལ་གསང་སྔགས་གསར་མ་ཟེར་མོད། དེང་སང་རྙིང་མ་ཞེས་པ་སློབ་དཔོན་པདྨའི་རྗེས་འཇུག་པར་ཆེད་དུ་གོ་ཞིང་གསང་སྔགས་རྙིང་མའི་ཆོས་བརྒྱུད་ལ་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ་གཉིས་ཡོད་ལ་རིང་བརྒྱུད་བཀའ་མ་ནི་གསང་སྔགས་རྙིང་མའི་ལུགས་ཀྱི་མདོ་སྒྱུ་སེམས་གསུམ་སོགས་རྒྱ་གར་གྱི་པཎ་གྲུབ་རྣམས་ནས་བོད་ཀྱི་ལོ་ཙཱ་བ་རྣམས་ལ་བཤད་ཅིང་བསྒྱུར་ནས་བྱུང་བ་སྟེ་དབྱེ་ན། སྒྱུ་ལུས་དང་འདུས་པ་མདོ། རྫོགས་པ་ཆེན་མོ་གསུམ་ཡོད། དང་བོ་ནི་པཎ་ཆེན་བི་མ་ལ་ལས་རྨ་རིན་ཆེན་མཆོག་དང་གཉགས་ཀུ་མ་ར་སོགས་ལས་བརྒྱུད་པ་ཡིན་ལ། གཉིས་པ་ནི་རུ་དྷརྨ་བོ་དྷི་དང་བ་སུ་དྷ་ར། བྲུ་ཤ་མཁན་པོ་གསུམ་ལས་ཇོ་བོ་སྣུབས་སངས་རྒྱས་སོགས་ལས་བརྒྱུད་པ་ཡིན། རྫོགས་པ་ཆེན་པོ་ལ་གསུམ་ཡོད་དེ། ལོ་ཆེན་བཻ་རོ་ཙ་ན་དང་གཡུ་སྒྲ་སྙིང་བོ་བརྒྱུད་པའི་སེམས་སྡེ་དང་། བཻ་རོ་ཙཱ་ན་ནས་སྤངས་མི་ཕམ་མགོན་པོ་སོགས་བརྒྱུད་པའི་ཀློང་སྡེ། པཎ་ཆེན་བི་མ་ལ་ལས་མངའ་བདག་ཁྲི་སྲོང་ལྡེ་བཙན་སོགས་བརྒྱུད་པའི་མན་ངག་སྡེ་སྟེ་གསུམ་ཡོད། ཉེ་བརྒྱུད་གཏེར་མ་ལ་གཏེར་ཁ་གོང་མ་ཉི་མ་ལྟ་བུའི་གཏེར་སྟོན་མངའ་བདག་ཉི་མ་འོད་ཟེར་དང་གཏེར་ཁ་འོག་མའི་ཟླ་བ་ལྟ་བུའི་གཏེར་སྟོན་ནི་གུ་རུ་ཆོས་ཀྱི་དབང་ཕྱུག་སོགས་ནི་རྙིང་གཏེར་ཡིན། གཏེར་བདག་གླིང་བ་འགྱུར་མེད་རྡོ་རྗེ་སྟེ་འདིས1670ལོར་ཨུ་རྒྱན་སྨིན་གྲོལ་གླིང་གི་དགོན་པ་བཏབ།
བསྟན་པ་ཕྱི་དར་གྱི་དུས་སུ་གྲུབ་མཐའ་མང་དུ་གྱེས་པ་འདི་ལྟར།
     (2)བཀའ་གདམས་པ། ཟ་ཧོར་རྒྱལ་བོའི་བུ་དཔལ་ལྡན་ཨ་ཏི་ཤ(982--1054)བོད་དུ་བྱོན། ཁོང་གི་གདམས་ངག་ལ་བརྟེན་ནས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས(1004--1064)ཀྱིས་སྲོལ་གཏོད། སྐུ་མཆེད་གསུམ་གྱིས་རྒྱས་པར་བྱས།  རྒྱལ་བའི་བཀའ་ལས་ན་གཅིག་ཀྱང་འདོར་བ་མེད་པར་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་ནམ་གདམས་ངག་ཏུ་གོ་བས་ན་བཀའ་གདམས་པ་ཟེར། ས་སྐྱ་བ་དང་། དགེ་ལྡན་པ་སོགས་འདི་ལ་བསྟེན་ནས་བྱུང་བས་བཀའ་གདམས་རྙིང་མའང་ཟེར། དེ་ལའང་གསུམ་ཡོད་དེ་དགོན་པ་བ་དབང་ཕྱུག་རྒྱལ་མཚན་ལས(1016--1082)བརྒྱུད་པས་བྱང་ཆུབ་ལམ་སྒྲོན་གཞིར་བྱས་ནས་དེ་ལ་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་འགའ་ཞིག་སྦྱར་ནས་རང་གི་ཉམས་སུ་ལེན་ཅིང་གཞན་ལ་གསལ་བོ་སྟོན་པས་བཀའ་གདམས་ལམ་རིམ་པ་ཟེར། དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ(1027--1105)ནས་བརྒྱུད་པས། ལམ་སྒྲོན་གཞིར་བྱས་ནས་གསུང་རབ་དགོངས་འགྲེལ་དང་བཅས་གཞུང་ཆེན་མོ་དང་སྦྱར་ནས་ཉམས་སུ་ལེན་ཅིང་གཞན་ལའང་དེ་ལྟར་འཆད་པར་མཛད་པས་བཀའ་གདམས་གཞུང་བ་ཟེར། དགེ་བཤེས་སྤྱན་སྔ་བ་ཚུལ་ཁྲིམས་འབར(1038--1103)ནས་བརྒྱུད་པས་ལམ་སྒྲོན་གཞིར་བྱས་ཇོ་བོའི་མན་ངག་ཆུང་བ་འགའ་ཞིག་དང་སྦྱར་ནས་ཉམས་སུ་ལེན་ཅིང་གཞན་ལ་འཁྲིད་པར་མཛད་པས་བཀའ་གདམས་མན་ངག་པ་ཟེར།
     (3)ས་སྐྱ་བ། ས་སྐྱ་ཞེས་པ་ས་མིང་ཡིན་ཞིང་ས་མིང་ཆོས་ལུགས་ལ་བཏགས་པ་སྟེ་འཁོན་དཀོན་མཆོག་རྒྱལ་བོ(1034--1102)བླ་ཆེན་འབྲོག་མིའི་ཤཱཀྱ་ཡེ་ཤེས(993--1074)ཞབས་ལ་གཏུགས་ཤིང་གདམས་ངག་མཐའ་དག་གསན། སྤྱི་ལོ1073ལོར་ས་དེར་དགོན་པ་བཏབ་པས་ས་སྐྱ་བའི་གྲུབ་མཐའ་བྱུང་།
     (4)བཀའ་བརྒྱུད་པ། བཀའ་བརྒྱུད་པ་ཞེས་པ་ནི་གདམས་ངག་གི་སྒོ་ནས་བཏགས་པ་ཡིན་ཏེ་ཏཻ་ལོ་བ་ལ་བཀའ་བབས་བཞི་ཡོད་པས་དེའི་བརྒྱུད་པ་ལ་བཀའ་བརྒྱུད་པ་ཟེར། འདི་ལ་ཤངས་པ་བཀའ་བརྒྱུད་དང་དྭགས་པོ་བཀའ་བརྒྱུད་གཉིས་ལས་སྔ་མ་ནི་མཁས་གྲུབ་ཁྱུང་བོ་རྣལ་འབྱོར་གྱིས(909--1139)རྒྱ་གར་ནས་བླ་མ་མཻཏྲི་པ་སོགས་ལས་གདམས་ངག་གསན་ཏེ་ཕྱིར་ཕེབས་ནས་ཤངས་སུ་དགོན་པ་བརྒྱ་རྩ་བཏབ་སྟེ་ཤངས་པ་བཀའ་བརྒྱུད་བྱུང་། དྭགས་པོ་བཀའ་བརྒྱུད་ནི་མར་བ་ལོ་ཙཱ་བ(1012--1097)བླ་མ་མཻ་ཏྲི་བ་སོགས་ལས་ཆོས་གསན་ཏེ་བོད་ཡུལ་དུ་ཕེབས་ནས་སློབ་མ་བསྐྱངས། དེའི་སློབ་མ་མི་ལའི་ཐུགས་སྲས་མཉམ་མེད་དྭགས་པོ་ལྷ་རྗེས(1079--1153)1121ལོར་དྭགས་ལྷ་སྒམ་པོ་བཏབ། དེའི་བརྒྱུད་པ་ལ་དྭགས་པོ་བཀའ་བརྒྱུད་བྱུང་། ཕྱིས་སུ་མང་དུ་གྱེས་ཏེ〈1〉ཕག་གྲུ་རྡོ་རྗེ་རྒྱལ་བོས(1110--1170)སྤྱི་ལོ1158ལོར་གདན་ས་མཐིལ་ཕག་མོ་གྲུའི་དགོན་པ་བཏབ། དེ་ནས་དར་སྤེལ་བྱུང་བ་ལ་ཕག་གྲུ་བཀའ་བརྒྱུད་ཟེར།〈2〉སྒམ་པོ་བའི་སློབ་མ་དུས་གསུམ་མཁྱེན་པས(1110--1193)སྤྱི་ལོ1189ལ་སྟོད་ལུང་མཚུར་ཕུའི་དགོན་པ་བཏབ་སྟེ་དེའི་བརྒྱུད་པ་རྣམས་ལ་མཚུར་ཕུ་བཀའ་བརྒྱུད་དང་ཀརྨ་བཀའ་བརྒྱུད་ཟེར།〈3〉སྒམ་པོ་བའི་སློབ་མ་འབབ་རོམ་པ་དར་མ་དབང་ཕྱུག(1127--1199)གིས1153ལོར་འབབ་རོམ་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་འབབ་རོམ་བཀའ་བརྒྱུད་ཟེར།〈4〉དྭགས་པོ་ལྷ་རྗེའི་ཚ་བོ་སྒོམ་པ་ཚུལ་ཁྲིམས་སྙིང་བོའི་སློབ་མ་ཞང་འགྲོ་བའི་མགོན་པོས (1122--1193)སྤྱི་ལོ1175ལོར་ཚལ་གྱི་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་ཚལ་བ་བཀའ་བརྒྱུད་ཟེར། གོང་གི་འདི་བཞི་ལ་ཆེ་བཞིར་གྲགས་ཤིང་ལ་ལས་དྭགས་ལྷ་སྒམ་པོ་བརྩིས་ནས་ཆེ་ལྔ་ཡང་ཟེར།〈5〉འགྲོ་མགོན་ཕག་མོ་གྲུ་བའི་སློབ་མ་སྐྱོབ་པ་འཇིག་རྟེན་མགོན་པོས(1143--1217)1179ལོར་འབྲི་གུང་མཐིལ་གྱི་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་འབྲི་གུང་བཀའ་བརྒྱུད་ཟེར།〈6〉འགྲོ་མགོན་ཕག་མོ་གྲུ་བའི་སློབ་མ་སྟག་ལུང་ཐང་བ་བཀྲ་ཤིས་དཔལ(1142--1208)གྱིས་སྟག་ལུང་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་སྟག་ལུང་བཀའ་བརྒྱུད་པ་ཟེར།〈7〉ཕག་གྲུའི་སློབ་མ་ཟ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེའི་སློབ་མ་གཡའ་བཟང་བ་ཆོས་རྗེ་སྨོན་ལམ་མམ་གཡའ་བཟང་ཆོས་རྗེས(1169--1233)1206ལོར་གཡའ་བཟང་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་གཡའ་བཟང་བཀའ་བརྒྱུད་ཟེར།〈8〉ཕག་གྲུའི་སློབ་མ་རྒྱལ་ཚ་རིན་ཆེན་མགོན་གྱིས(1118--1195)117ལོར་ཁྲོ་ཕུ་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་ཁྲོ་ཕུ་བཀའ་བརྒྱུད་ཟེར།〈9〉ཕག་གྲུའི་སློབ་མ་གླིང་རས་པ་པདྨ་རྡོ་རྗེའི(1128--1188)སློབ་མ་འགྲོ་མགོན་གཙང་བ་རྒྱ་རས་ཡེ་ཤེས་རྡོ་རྗེས(1161--1211)1193ལོར་འབྲུག་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་འབྲུག་པ་བཀའ་བརྒྱུད་པ་ཟེར།〈10〉ཕག་གྲུའི་སློབ་མ་སྨར་བ་ཤེས་རབ་ཡེ་ཤེས་ཀྱིས1167ལོར་ཁམས་སུ་ཤོ་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་སྨར་བ་བཀའ་བརྒྱུད་ཟེར།〈11〉ཕག་གྲུའི་སློབ་མ་ཡེ་ཤེས་བརྩེགས་ཀྱིས1171ལོར་ཁམས་སུ་ཡེལ་ཕུག་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་ཡེལ་ཕུག་བཀའ་བརྒྱུད་ཟེར།〈12〉ཕག་གྲུའི་སློབ་མ་སྙི་ཕུ་གྱེར་སྒོམ་ཆེན་པོ་ཚུལ་ཁྲིམས་སེང་གེས(1144--1024)སྙི་ཕུ་ཤུག་གསེབ་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་ཤུག་གསེབ་བཀའ་བརྒྱུད་ཟེར། འདི་བརྒྱད་ལ་ཆུང་བརྒྱད་ཟེར་ཏེ་ཕག་གྲུ་ལས་བྱུང་བས་སོ། ། འདི་དག་ནི་གནས་དང་ཡུལ་སློབ་དཔོན་བཅས་ལས་མིང་བཏགས་པ་ལས་གྲུབ་མཐའི་འདོད་ཚུལ་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་མེད་དོ། །
     (5)ཞི་བྱེད་པ། ཞི་བྱེད་པ་ཞེས་པ་ནི་ཤེར་ཕྱིན་གྱི་མན་ངག་ལ་བརྟེན་ནས་བཏགས་ཤིང་། སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པ་ཞེས་པའི་དོན་ཏེ་ཕ་དམ་པ་སངས་རྒྱས་ལས་བརྒྱུད་པ་སྟེ་འདི་ལ་བརྒྱུད་པ་སྔ་ཕྱི་བར་གསུམ་བྱུང་བའི་དང་བོ་ཁ་ཆེ་ཛྙ་ན་གུ་ཧྱ་ལ་ལས་བརྒྱུད། བར་བ་ནི་རྨ་ཆོས་ཀྱི་ཤེས་རབ(1055--?)ལས་བརྒྱུད། ཕྱི་མ་ནི་ཕྱར་ཆེན་ཕྱར་ཆུང་སོགས་ལས་བརྒྱུད་པ་ཡིན་ལ་བར་བ་ལ་གྲྭ་བ་མངོན་ཤེས་ཅན(1013--1090)ལས་བརྒྱུད་པ་ལ་གྲྭ་ལུགས། བཟང་ཡུལ་གྱི་དགེ་བཤེས་ཟལ་བ་གྲགས་ཅན་ལས་བརྒྱུད་པ་ལ་ལྕེ་ལུགས། མཆིམས་ཡུལ་གྱི་ལྗང་བཀའ་གདམས་པ་ལས་བརྒྱུད་པ་ལ་ལྗང་ལུགས་ཞེས་གྲགས་པ་ཅན་གསུམ་བྱུང་།
     གཅོད་ནི་ཞི་བྱེད་པའི་ཡ་གྱལ་ཞིག་ཡིན་ལ་དེའི་གདམས་ངག་ཀྱང་ཕ་དམ་པ་སངས་རྒྱས་ཀྱིས་སྤྱི་ལོ1113ལོར་བོད་དུ་ཕེབས་ནས་སྤེལ་བ་ཡིན་ལ། གཅོད་ཅེས་པ་ནི་ཤེར་ཕྱིན་གྱི་མན་ངག་ལ་བརྟེན་ནས་སྐྱེས་བུ་ཆུང་ངུའི་ཚེ་འདིའི་རྣམ་ཤེས་གཅོད་པ། འབྲིང་གི་སྐབས་འཁོར་བའི་སྡུག་བསྔལ་གཅོད་པ། ཆེན་པོའི་སྐབས་རང་དོན་ཡིད་བྱེད་དང་བདག་འཛིན་གཉིས་གཅོད་པ། དེ་ལ་ཡང་ཕ་དམ་པ་སངས་རྒྱས་ཀྱིས་སྐྱོ་སྟོན་བསོད་ནམས་བླ་མ་དང་ཡར་ཀླུང་བ་སྨ་ར་སེར་བོ་གཉིས་ལ་གནང་བ་ལས་མཆེད་པ་ལ་ཕོ་གཅོད་དང་། སྐྱོ་སྟོན་བསོད་ནམས་བླ་མས་མ་གཅིག་ལབ་སྒྲོན(1103--1201)ལ་གནང་བ་ལས་མཆེད་པ་ལ་མོ་གཅོད་ཟེར།
     (6)ཇོ་ནང་བ། ཇོ་ནང་བའི་རྩ་བ་ཡུ་མོ་མི་བསྐྱོད་རྡོ་རྗེ་ལས་བརྒྱུད་དེ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱི(1214—1292)སློབ་མ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས(1243—1324)ཀྱིས་ཇོ་ནང་ཞེས་བྱ་བར་དགོན་པ་བཏབ་ཅིང་ཀུན་མཁྱེན་དོལ་བུ་བ་ཤེས་རབ་རྒྱལ་མཚན་གྱིས(1059—1191)མདོ་སྔགས་ཀྱི་གཞུང་བཤད་རྒྱ་ཆེར་གནང་བ་ནས་ཇོ་ནང་བའི་གྲུབ་མཐའ་དར་ཁྱབ་བྱུང་།
     (7)དགེ་ལྡན་པ། {1}དགེ་ལྡན་པ་ཞེས་པ་ནི་གདན་སའི་མིང་ལ་བརྟེན་ནས་རྗེ་ཙོང་ཁ་བ་བློ་བཟང་གྲགས་པ། ((1357—1419)སྤྱི་ལོ1409ལོར་འབྲོག་རི་བོ་དགའ་ལྡན་དགོན་པ་བཏབ་ནས་དེ་སྔོན་གྱི་བསྟན་པའི་ལྟ་སྤྱོད་ལ་སླད་འདྲེས་པ་དག་ཐེར་བྱས་ཏེ་བསྟན་པའི་སྲོལ་བཙུགས་ནས་དཔལ་རི་བོ་དགེ་ལྡན་པ་ཞེས་པའི་གྲུབ་མཐའ་འདི་བྱུང་། འདི་ལ་བཀའ་གདམས་གསར་མ་ཞེས་ཀྱང་བྱ།
     {2}སོག་ཡུལ་ལ་དར་ཚུལ། སོག་ཡུལ་ལ་དར་ཚུལ་ནི་སྤྱི་ལོ1206ལོའི་ཡས་མས་སུ་ནང་བསྟན་དར་བའི་དབུ་ཚུགས། རྗེས་སུ་རྒྱལ་བོ་གོ་ཏན་གྱིས་ས་པཎ་ཁུ་དབོན་གདན་ཞུ་གནང་བ་ལས་རིམ་བཞིན་དར་རྒྱས་སུ་སོང་། དེའི་རྗེས་སུ་རྒྱལ་བ་བསོད་ནམས་རྒྱ་མཚོ་སོགས་ལས་ཡོངས་ཁྱབ་ཏུ་དར་བས་བོད་བརྒྱུད་ནང་བསྟན་སོག་པོའི་གོམས་སྲོལ་དང་ཡོངས་སུ་འདྲེས། ལོ་རབས་བཅུ་དགུ་བའི་མཇུག་ཏུ་ནང་སོག་ནའང་དགོན་པ1200ཡོད་པ་ལས་གྲྭ་བ་དྲུག་ཁྲིར་འཕེལ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་ཀྱང་ཡོངས་སུ་དར། ད་ལྟ་ནང་བསྟན་སློབ་གྲྭ་དང་ནང་བའི་ཆོས་ཚོགས་ཀྱང་མང་བར་བཤད། ལོ་རབས་སུམ་ཅུ་བར་དགོན་པ་དང་གྲྭ་བ་ལ་ཚོད་འཛིན་བྱས་ཤིང་། 1935ལོར་གྲྭ་བ་ལས་དམག་ཁྲལ་བསྡུས། 1938ལོར་དགོན་པ་མང་བོ་སྒོ་བརྒྱབས། 1940ལོར་གྲྭ་བའི་ལམ་ལུགས་ཡོད་ཚད་རྩ་མེད་དུ་བཏང་། ལོ་རབས་བདུན་ཅུ་བའི་མགོ་ནས་ཆོས་ལུགས་ཀྱི་སྲིད་ཇུས་ལྷོད་ཡངས་སུ་སོང་། དེ་ནས་ནང་བསྟན་རིམ་བཞིན་འཕེལ།
     {3}ཨུ་རུ་སུར་དར་ཚུལ། དུས་རབས་བཅུ་བདུན་པའི་མགོ་ནས་ཨུ་རུ་སུའི་པུ་ལ་ཡ་ཐེར་དགེ་ལུགས་པའི་བསྟན་པ་དར་ཞིང1742ལོར་པུ་ལེ་ཐེའི་མི་རིགས་ཀྱིས་ས་མན་ཆོས་ལུགས་བསྐྱུར་ནས་ནང་བསྟན་ལ་དད་པའི་མགོ་བརྩམས་ཤིང་། 1764ལོར་པནྜིཏ་མཁན་པོ་སྐུ་ཕྲེང་དང་བོས་བོད་ནས་ལོ་བདུན་ལ་སློབ་གཉེར་བྱས་ཏེ་ཕྱིར་ཕེབས་ནས་དགེ་འདུན་གྱི་སྡེ་བཙུགས། རྗེས་སུ་རིམ་བཞིན་སོག་པོར་སྡོད་པའི་ས་ཆ་སོ་སོར་དར། 1763ལོ་ནས1930ལོའི་བར་ནི་ཨུ་རུ་སུར་ནང་བསྟན་ཆེས་ཆེར་དར་བའི་སྐབས་ཏེ་དགོན་སྡེ་ཅུང་ཆེ་བ47ཆེ་ཆུང་གཉིས1200ལྷག་ཡོད་པ་དང་གྲྭ་བ་དྲུག་ཁྲིར་ཉེ་བ་ཡོད།
     1938ལོ་ནས་སུའུ་ལན་གསར་བརྗེ་ཆེན་པོའི་སྐབས་དགོན་སྡེ་གཏོར་ཞིང་གྲྭ་བ་སྐྱ་སར་ཕབ། 1946ལོ་ནས་དགོན་པ་རེ་གཉིས་ཆོས་སྒོ་ཕྱེས། 1970ལོ་ནས་ཕྱི་སོག་གི་བུ་ལེན་པ་ཐོའི་ནང་བསྟན་སློབ་གྲྭར་སློབ་མ་མངགས་མགོ་བརྩམས་ཤིང་སུའུ་ལེན་ཐོར་ཏེ་ཨུ་རུ་སུ་སླར་གསོ་བྱས་པ་ནས་ཆོས་ལུགས་སླར་གསོ་བྱས། 1990ལོར་ཐོག་དང་བོར་བུ་ལན་པ་ཐོའི་ནང་བསྟན་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་པནྜིཏ་མཁན་པོའི་སྐུ་ཕྲེང་ཉེར་ལྔ་བ་དང་ཚེ་རིང་། བཀྲ་ཤིས་ཉི་མ་སོགས་ཕྱིར་ཕེབས་ཏེ་ནང་བསྟན་སླར་གསོ་མཛད་པས་མིག་སྔར་ནང་བསྟན་སློབ་གྲྭ་གཉིས་དང་གྲྭ་བ་ཆིག་སྟོང་བརྒྱ་ལྷག དད་ལྡན་པ་ཁྲི་ཉིས་བརྒྱ་ཡོད་ལ་དགོན་པ་ཆེ་ཆུང་དང་འདུ་ཁང་བཞི་བརྒྱ་སླར་གསོ་བྱས།
     {4}ནུབ་ཕྱོགས་རྒྱལ་ཁབ་ཏུ་དར་ཚུལ་ནི། ལོ་ངོ་དྲུག་བརྒྱ་ལྷག་གི་སྔོན་ནས་ཡེ་ཤེས་ཆོས་ལུགས་སྤེལ་མཁན་རབ་དང་རིམ་པ་བོད་དུ་ཡོང་ནས་ཆོས་སྤེལ་མ་ནུས་ནའང་ཁོ་ཚོའི་དམིགས་ཡུལ་འགྲུབ་པའི་ཆེད་དུ་བོད་ཀྱི་གོམས་སྲོལ་དང་ཆོས་ལུགས་ནུབ་གླིང་པར་ངོ་སྤྲོད་བྱས་པས། རིམ་བཞིན་བོད་རིག་པར་ཞིབ་འཇུག་གི་རླབས་འཕྲེང་བསྟུད་མར་བྱུང་སྟེ་བོད་བརྒྱུད་ནང་བསྟན་ལ་དོ་སྣང་བྱས་ཏེ་ཞིབ་འཇུག་པའི་མཁས་པའི་ཁྲོད་དུ་ནང་བར་དད་མོས་བྱེད་མཁན་བྱུང་། བོད་ཀྱི་སྤྲུལ་སྐུ་དང་དགེ་བཤེས་མང་བོ་ནུབ་ཕྱོགས་རྒྱལ་ཁབ་ཏུ་འགྲིམ་ནས་ནང་བསྟན་གྱི་སློབ་ཁྲིད་དང་མཉམ་དུ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ས་གང་སར་དགོན་པ་བཏབ་ཅིང་ནང་བསྟན་སློབ་གྲྭ་དང་གསོ་སྐྱོང་འཛིན་གྲྭ་དང་སྒོམ་གྲྭ་སོགས་བཙུགས་པས་སྐྲ་སེར་མིག་ལྗང་ཁྲོད་དུ་དར། ལྷག་པར་ནུབ་ཕྱོགས་ཚན་རིག་པ་དང་སེམས་ཁམས་རིག་པ་བ། མཚན་ཉིད་རིག་པ་བ་སོགས་བོད་ཀྱི་དགེ་བཤེས་དག་དང་བགྲོ་གླེང་བརྒྱུད་ནས་བོད་བརྒྱུད་ནང་བསྟན་ནི་ནང་སེམས་ཀྱི་ཚན་རིག་ཅེས་བསྔགས་པ་བརྗོད་ཅིང་། དཔེར་ན་ནུབ་ཕྱོགས་མཚན་ཉིད་རིག་པ་དང་ཆོས་ལུགས་དག་ཏུ་སྟོང་ཆར་ལུས་ཤིང་ལན་འདེབས་དཀའ་བའི་གནད་དོན་མང་བོ་ཞིག་བོད་བརྒྱུད་ནང་བསྟན་གྱིས་ཐག་བཅད་པས་ཁོ་ཚོས་རང་གི་ཕ་མེས་རིང་བསྟེན་པའི་ཆོས་ལུགས་དོར་ནས་ནང་བར་ཞུགས་པ་སོགས་ནང་བསྟན་ཆོས་ལུགས་དར་རྒྱས་སུ་ཕྱིན་ཅིང་རྒྱལ་ཁབ་སོ་སོར་ནང་བསྟན་ཚོགས་པ་དང་ཐེབས་རྩ་ཚོགས་པ། དུས་དེབ་ཁང་། དཔེ་སྐྲུན་ཁང་། སློབ་གྲྭ་ཆེན་མོ་སོ་སོར་ནང་བསྟན་ཞིབ་འཇུག་ཁང་། ནང་བསྟན་ཚན་ཁག སློབ་གྲྭ་ཆེན་མོའི་སློབ་དེབ་ཏུ་ནང་བསྟན་གྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད།
     ལོ་རབས་བརྒྱད་ཅུའི་ལོ་མགོར་ཆ་མི་ཚང་བའི་བསྡོམས་རྩིས་བྱས་པ་ལྟར་ན་ཨོའུ་མེ་རྒྱལ་ཁབ་སོ་སོར་བོད་བརྒྱུད་ནང་བསྟན་དགོན་པ་དང་སྒོམ་གྲྭ། ནང་བསྟན་སློབ་གྲྭ་བཅས་གང་མང་ཞིག་ཡོད་དེ་དཔེར་ན་ཨ་རིར80སུའེ་ཙེར3། ཀེ་རུ་སུར2། དབྱི་ཐ་ལིར1། ཨི་སི་ཁྲ་རིར2། འཇར་མན་ནུབ་མར4། ཧྥ་རན་སིར13། པི་ལི་ཧྲིར6། ནོར་ཝེར1། སུའེ་ཏེན་དུ1། ཧྥིན་ལན་ན1ཡོད་ལ་དེ་མིན་ཆོས་ཚོགས་དང་སློབ་གྲྭ་ལྟེ་གནས་བཅས་སུམ་ཅུར་ཉེ། བྱང་ཡོ་རོབ་གླིང་དུ་ནང་ཆོས་ལ་དད་པ་བྱེད་མཁན་འབུམ་གཉིས་ལྷག་ཡོད་ལ་མེ་གླིང་དུ་ཕལ་ཆེར་འབུམ་བཞི་ལྷག་ཡོད། ལོ་རབས་བརྒྱད་ཅུའི་དུས་མཇུག་ཏུ་ཧྥ་རན་སིར་ཁོ་ནར་སྒོམ་གྲྭ་བཅུ་གཅིག་ལྷག་ཏུ་འཕེལ་ཞིང་། 1987ལོར་སི་པན་གྱི་བྱིས་པ་འོད་ཟེར་ནི་ནུབ་ཕྱོགས་པའི་ཁྲོད་དུ་བོད་ཀྱི་སྤྲུལ་སྐུ་བྱུང་བའི་ཐོག་མ་ཡིན་ནོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...