སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅།།ན་ལུང་མཆོད་རྟེན་བརྒྱད་བསྒྲིགས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-21 10:06:00 རྩོམ་ཁུངས། རྗེ་ཙོང་ཁ་པའི་དྲ་བ། ཀློག་གྲངས།
 
     ༄༅།།དེ་ཡང་དཔལ་གྱི་ཆོས་སྡེ་ཆེན་པོ་རྭ་སྒྲེང་རྒྱལ་བའི་དབེན་གནས་ནས་གཡས་སྐོར་གྱིས་སྤྱི་ལེ་དྲུག་ཅུ་ཙམ་ཕྱིན་ན། བྱང་ན་ལུང་དཀར་མོར་འབྱོར། དེར་རྒྱ་བོད་གཉིས་སུ་སྐད་གྲགས་ཅུང་ཆེ་བའི་ལྕོག་རྩེ་ལ་ཞེས་པའི་ཉེ་འགྲམ་དུ་རིང་བསྲེལ་རྣམ་བཞིས་ཕྱུར་བུར་གཏམས་པའི་བདེ་གཤེགས་མཆོད་རྟེན་བརྒྱད་ལྷོ་ནས་བྱང་དུ་འགྱིང་ངེར་གནས་ཡོད། མཆོད་རྟེན་དེ་རྣམས་དམངས་ཁྲོད་ངག་རྒྱུན་དུ་གྲུག་གླིང་གཡུལ་འགྱེད་དུས་ཤན་པ་རྨེ་རུ་རྩེ་གཤེགས་ཡུལ་ཡིན་པས་དེའི་དྲན་གསོར་བཞེངས་པའི་ཤོད་རྒྱུན་ཡོད་ཅིང་། རྒྱལ་མཆོག་ལྔ་པ(1617-1682)ཆེན་པོའི་རྟོགས་བརྗོད་གསང་བ་རྒྱ་ཅན་ལ་སོགས་པ་འགའ་ཞིག་ཏུ་བསིལ་ལྡན་ར་བ་དཀར་པོས་བྲེས་པའི་ལྗོངས་འདིར་ནད་མཚོན་མུ་གེ་གཡུལ་འཁྲུག་ལ་སོགས་པ་ཞི་ཕྱིར་ས་གནད་གསོ་བའི་ཐབས་དུ་མ་ཞིག་གསུངས་པའི་ནང་ཚན། སྤྱིར་བོད་ཡུལ་དུ་གནོད་པའི་མཐའ་དམག་དང་འབྱུང་པོ་ཤར་ན་ཡོད་པས། དེའི་ས་དགྲ་ཆེན་པོ་ཡང་ཤར་ན་གནས་པས་གདང་ལ་གོང་འོག་དང་ལྕོག་རྩེ་ལ་བཅས་ཁག་གསུམ་སོ་སོར་མཆོད་རྟེན་ཐོག་ཚད་གཉིས་པ་རེ་དང་། གཡས་གཡོན་དུ་པར་ཀོང་གི་པར་མའི་མཆོད་རྟེན་བཞི་རེ། གཡས་འཁྲིས་སུ་ཡུལ་འཁོར་སྲུང་གི་ལྷ་ཁང་རེ་བཅས་བཞེངས་པའི་སྐོར་དང་། དེར་གཟུངས་བཞུགས་དང་ནང་རྟེན་ལྡེབས་རིས་སོགས་གང་ཡོད་དཱུ་ཀུ་ལའི་འཕྲོ་འཐུད་རབ་གསལ་གསེར་གྱི་སྙེ་མར་གསལ་བས་སྡེ་སྲིད་རིན་པོ་ཆེ་སངས་རྒྱས་རྒྱ་མཚོས་རྒྱལ་དབང་དྲུག་པའི་ཁྲི་འདོན་མཛད་སྒོར་བཀྲ་ཤིས་རྟེན་འབྲེལ་མཚོན་ཆེད་་སོགས་དགོས་པ་དུ་མར་དགོངས་ནས་བཞེངས་པ་ལོ་རྒྱུས་རྣམས་སུ་གསལ། ཕྱིས་དུས་འགྱུར་མཇུག་སྤྱི་ལོ1988ལོར་ས་གནས་དེ་གའི་དད་ལྡན་མང་ཚོགས་རྣམས་ནས་མ་སྐུལ་དང་བླངས་ཀྱིས་ཉམས་གསོ་ཐེངས་འགའ་ཞུས་པ་དང་། རྗེས་སོར་2009ལོར་གོང་རིམ་ནས་ཀྱང་མ་དངུལ་གྱི་མཐུན་རྐྱེན་འོག་ད་ལྟའི་རྣམ་པ་འདི་ལྟ་བུ་ལེགས་གྲུབ་བྱུང་བ་རེད། མདོར་ན་ཉམས་རྒུད་དང་བསྐྱར་གསོ་སོགས་འཕོ་འགྱུར་མང་པོའི་ཁྲོད་ནས་ད་བར་བྱང་ཕྱོགས་འཛིན་མའི་ཁྱོན་འདིར་འཕྲིན་ལས་ཀྱི་གཟི་འོད་བླ་ན་འབར་བཞིན་པ་གནས་སོ། །
     གནས་མཆོག་འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཡུལ་ཚོ་ན་ལུང་སྡེ་བའི་ཁོངས་སུ་ཡོད་ཅིང་། ལྷ་ས་གྲོང་ཁྱེར་དང་སྤྱི་ལེ166ཡི་བར་ཐག་ཡོད་ལ། མཚོ་ངོས་མཐོ་ཚད་སྨི4396ཡིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...