སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རེབ་གོང་གྲུབ་གནས་བརྒྱད་ཀྱི་ལོ་རྒྱུས་མདོར་བསྡུས།
རྩོམ་པ་པོ། རྫོང་དཀར་བློ་བཟང་དར་རྒྱས། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-11-7 9:23:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
      རེབ་གོང་གྲུབ་གནས་བརྒྱད་ནི་ཨ་མདོའི་ས་ཁུལ་དུ་མིང་གྲགས་ཆེ་བའི་གནས་ཆེན་བརྒྱད་ཡིན་ལ་འདི་ནི་ལོ་རྒྱུས་དང་སྤྱི་ཚོགས་གང་གི་ཁྲོད་དུའང་གོ་གནས་ཆེན་པོ་ཞིག་བཟུང་ཡོད་པས་རྒྱུན་དུ་འདི་རུ་ཉམས་བཞེས་གནང་མཁན་དང་མཇལ་བ་དག་གིས་མངོན་པར་ཁེངས་ཡོད། གྲུབ་གནས་བརྒྱད་ནི་ཤེལ་དགོན། སྟག་ལུང་ཤེལ་གྱི་རི་བོ། སྤྱང་ལུང༌། འདམ་བུ་བྲག་དཀར། མཐའ་སྨུག སྐྱ་རྒན། གོང་མོའི་གུར་ཁང་མཁར་གོང་སོགས་ནི་ཁོ་བོས་ཆེད་དུ་གྲུབ་གནས་བརྒྱད་པ་འདིའི་ངོ་སྤྲོད་རགས་ཙམ་བྱེད་པར་བྱ་སྟེ། 
      དེ་ཡང་རེབ་གོང་གྲུབ་གནས་བརྒྱད་ཀྱི་ནང་ཚན་དང་པོ་ཤེལ་དགོན་ནི། ཐུན་རིན་རྫོང་ཞོ་འོང་ས་ཁུལ་དུ་ཡོད། ཡབ་རྗེ་བླ་མ་སྐལ་ལྡན་རས་པས། གནས་དེ་རྣམས་གཙོ་བོ་ཤེལ་གྱི་དགོན། ཞེས་གསུངས་པ་ལྟར་གནས་འདིར་གྲུབ་པ་བརྙེས་པའི་དབང་ཕྱུག་ཆེན་པོ་བརྒྱད་ཀྱི་ཐོག་མ་ཀ་ཐོག་རྡོ་རྗེ་དབང་བོ་ཞེས་པ་དེ་ཡིན་པར་གསུངས། ཤར་ཀ་ཐོག་ནས་བྱོན་པའི་སྔགས་འཆང་མཆོག མཚན་ཀ་བ་རྡོ་རྗེ་དབང་ཞེས་པ། ། གནས་ཤེལ་དགོན་འདིར་ཕེབས་འཇའ་ལུས་བརྙེས། ། ཞེས་དང༌། བཅུ་གཅིག་ཤེལ་གྱི་དགོན་པ་ན། ། ཀ་ཐོག་རྡོ་རྗེ་དབང་བོ་གྲུབ། ། ཅེས་གསུངས་པ་དེ་ཡང་གྲུབ་པའི་དབང་ཕྱུག་དེ་ཉིད་རེབ་གོང་ཕྱོགས་སུ་ཕེབས་ཏེ་བྱང་ཤར་མཚམས་ཀྱི་བཅུ་གཅིག་གི་ལུང་མདོ་ཤེལ་གྱི་དགོན་པ་འདི་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་དུ་གཟིགས་ནས་སྒྲུབ་པ་མཛད་དེ་ཡུན་རིང་བཞུགས་ཤིང༌། དཔལ་འཁོར་ལོ་སྡོམ་པ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་མོའི་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྟེན་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། མཐར་འཇའ་ལུས་བརྙེས་ཤིང་ངོས་ཐམས་ཅད་ཤེལ་གྱི་རང་བཞིན་ཅན་གྱི་རྟེན་རང་བྱོན་གང་མང་འབྱུང༌། ལྷ་སྐུ་དང་རྡོ་དྲིལ་སོགས་ཀྱི་ཕྱག་མཚན། གདུགས་དང་རྒྱལ་མཚན་སོགས་ཀྱི་རི་མོ་སོགས་འབུར་གྱིས་གྲུབ་ཅིང༌། དུས་བཟང་ལ་ལྷའི་རྔ་དང་དུང་རོལ་མོ་གཎྚི་སོགས་ཀྱི་སྒྲ་གྲགས་པ་མཐུན་སྣང་དུ་ཐོས་པ། ཡིག་འབྲུ་དང་རི་མོ་སྣ་ཚོགས་ད་ལྟ་མངོན་སུམ་དུ་མཇལ་རྒྱུ་ཡོད་དོ།།
      གཉིས་པ་སྟག་ལུང་ཤེལ་གྱི་རི་བོ་ནི། ཐུན་རིན་རྫོང་རྒྱལ་བོ་ཞང་སྟག་ལུང་རྫ་སྐེད་དུ་ཡོད། ཡབ་རྗེ་བླ་མས། སྟག་ལུང་ཤེལ་གྱི་རི་བོ་ན། ། ཤེལ་གྱི་འོད་དེ་གུང་རྒྱལ་གྲུབ། ། ཅེས་གསུངས་པ་ལྟར་རོང་བོ་དགོན་ཆེན་གྱི་ཤར་ལྷོའི་མཚམས་སྟག་ལུང་དཔལ་གྱི་རི་བོའི་གནས་མདུན་དུ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཟབ་ལམ་རྣལ་འབྱོར་ལ་བརྟེན་ནས་གྲུབ་པའི་གོ་འཕང་ཐོབ་པ་འོད་དེ་གུང་རྒྱལ་གྱི་སྒྲུབ་གནས་ཡོད་ལ། ཁོང་གིས་འཕགས་ཐུགས་རྗེ་ཆེན་པོ་བསྒྲུབས་ནས་ཡིག་དྲུག་ལ་ཐུགས་དམ་གྱི་མཐིལ་མཛད་པས་ཞལ་གཟིགས་དང་གྲུབ་རྟགས་མང་བོ་སྟོན་ནུས་པ་བྱུང༌། བཞུགས་གནས་ཀྱི་ཕྱི་རོལ་བྲག་གི་ངོས་རྣམས་སུ་མཚལ་གྱིས་བྲིས་པ་ལྟ་བུའི་ཡི་གེ་དྲུག་མའི་གཟུངས། ལྷ་སྐུ་དུ་མ་རང་བྱོན་དུ་བབས་ཡོད་ལ། དུང་དང་གླིང་བུ་སོགས་རོལ་མོའི་སྒྲ་སྙན་སིལ་སིལ་འཁྲོལ་བ་སོགས་ཀྱི་ངོ་མཚར་བའི་ལྟས་ཁྱད་པར་ཅན་མང་བོ་ཡོད་དོ།།
      གསུམ་པ་སྤྱང་ལུང་ནི། ཐུན་རིན་རྫོང་སྤྱང་ལུང་ཤིས་དྲག་རི་བོའི་རྫ་འདབས་སུ་ཡོད། ཡབ་རྗེ་བླ་མས། སྤྱང་ཀི་རྭ་རྩེ་ཕུག་པ་ན། ། མ་གསོད་ཤུལ་ལུ་འུར་བ་གྲུབ། །ཅེས་དང༌། ཨ་མགྲོན་མཁས་བཙུན་རྒྱ་མཚོས། སྤྱང་ལུང་རྭ་རྩི་བྲག་ཕུག་ན། ། ཡིན་མཁན་ཉེ་གནས་འུར་བ་གྲུབ། ། ཅེས་གསུངས་སོ། ། སློབ་དཔོན་ཆེན་པོའི་སྡིགས་མཛུབ་ཀྱི་རྗེས་དང༌། དུང་དཀར་གཏེར་ནས་བཏོན་པའི་ཤུལ་སོགས་ཡོད་ལ། འདིར་གོང་འོག་ཏུ་རང་བྱོན་རྣམས་གསལ་ཞིང་ངོ་མཚར་བའི་སྣང་བ་མང་པོ་ཡོད་ལ། ཕྱིས་སུ་གནས་སྐོར་བ་བླུན་པོ་དུ་མའི་སྔ་གཞུག་ལ་རྟེན་སྐལ་དུ་རྡོས་བསྟུན་ཏེ་གོག་སོང་ཞིང་རིག་གནས་གསར་བརྗེའི་སྐབས་སུ་ཡང་བཅག་གཏོར་མང་བོ་བྱས་པས་གྱོང་གུད་དེ་ཐམས་ཅད་ཀྱི་སྟེང་ལ་བྱུང་འདུག་ཀྱང་ད་ལྟ་མཐོང་རེག་གི་རྟེན་མེད་པ་མ་ཡིན་ནོ།།
      བཞི་བ་འདམ་བུ་བྲག་དཀར་ནི། ཐུན་རིན་རྫོང་ཆུ་ལོག་ཞང་མདོ་བའི་སྨན་ཆུའི་རི་རྒྱབ་ཏུ་ཡོད། ཡབ་རྗེ་བླ་མས། འདམ་བུ་བྲག་དཀར་གསེར་ཁང་དུ། ། བྲམ་ཟེ་ཆེན་པོ་ཀླུ་གྲོལ་གྲུབ། ། ཅེས་དང༌། ཨ་མགྲོན་གྱིས། བྲག་དཀར་ཤེལ་གྱི་རི་ཕུག་ན། ། བྲམ་ཟེ་ཆེན་པོ་ལི་ཁྲོད་གྲུབ། ། ཅེས་གསུངས་པ་ལྟར་དཔལ་གསང་བའི་བདག་པོའི་རྣལ་འབྱོར་བ་ཆེན་པོ་འཕགས་པ་ཀླུ་གྲོལ་ནི། རེབ་གོང་སྟོད་ཀྱི་ཤར་ངོས་འདམ་བུ་བྲག་དཀར་གསེར་ཁང་དུ་བཞུགས་དུས་ཀླུས་གནོད་པ་ཚབས་ཆེན་བཏང་བས་རྐྱེན་བྱས་ཏེ་དཔལ་གསང་བའི་བདག་པོ་བསྒྲུབས་ནས་ཀླུ་ནད་ལས་གྲོལ། རྨ་རིགས་སྤྱི་དང་ཁྱད་པར་དུ་གཉན་ནད་འཇོམས་པར་ཆིག་ཐུབ་ལྟ་བུའི་སྨན་ཆུ་ཞིག་ཕུད། དེ་ནས་ཡུན་རིང་ཞིག་ལོན་པར་ཆུ་བསྐམས་ཏེ་རྫོང་དཀར་སྐུ་ཕྱོགས་ཆེན་མོ་བློ་བཟང་མཁས་མཆོག་ཚང་གནས་དེར་ཕེབས་རེས་ཤིག་ལ་སེམས་ཅན་ཉམ་ཐག་པ་རྣམས་ལ་ཕན་པའི་ཆེད་དུ། སྨན་ཆུའི་གནས་སྒོ་ཆེ་བར་ཕྱེ་ནས་སྐྱེ་བོ་སྟོང་ཕྲག་མང་བོས་རྒྱུན་མི་ཆད་པར་བསྟེན་པ་འདི་ཡིན་ཞིང༌། མགོན་པོ་ཀླུ་སྒྲུབ་དང༌། ལྟུང་བཤགས་ཀྱི་ལྷ་ཚོགས། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་དང་མཆོད་རྟེན་སོགས་ཀྱི་རི་མོ་རང་བྱོན་མངོན་སུམ་དུ་མཇལ་རྒྱུ་ཡོད་དོ།།
      ལྔ་བ་མཐའ་སྨུག་ནི། རྩེ་ཁོག་རྫོང་སྟོབས་ལྡན་ཞང་དམེ་ཤུལ་ཁེ་རས་ས་ཁུལ་དུ་ཡོད། གྲུབ་ཆེན་ཆོས་པ་རིན་པོ་ཆེས། མཐའ་སྨུག་རྫོང་དམར་དགོན་པ་ན།། ཨ་མཐུའི་སྔགས་པ་གཡུ་རྔོག་གྲུབ།། ཅེས་དང༌། ཨ་མགྲོན་གྱིས། མཐའ་སྨུག་རྫོང་གི་བྲག་ར་ན། ། ཨ་མཐུའི་སྲས་པོ་གཡུ་རྔོག་གྲུབ། ། ཅེས་གསུངས་པ་ལྟར། རེབ་གོང་གི་ལྷོ་་ངོས་སུ་ཨ་མཐུའི་སྔགས་པ་གཡུ་རྔོག་གི་བཞུགས་གནས་མཐའ་སྨུག་རྫོང་དམར་གྲུབ་གནས་ཡིན་ལ། ཕྱིས་སུ་འབྲི་གུང་བླ་མ་རིན་ཆེན་བཟང་བོའི་སློབ་མ་གྲུབ་ཆེན་གསུམ་གྱི་ནང་ཚན་ཡུལ་སྐྱོད་དཔལ་བཟང་ཞེས་བྱ་བའི་རྣལ་འབྱོར་བ་ཞིག་བྱོན། རལ་བ་ལྗང་གུ་གཡུ་མདོག་ཏུ་ཡོད་པས་ཨ་མཐུའི་སྲས་པོ་གཡུ་རྔོག་གམ་ཨ་མཐུའི་གཡུ་ཡི་རལ་བ་ཅན་ཞེས་གྲགས། ཀུན་གཟིགས་ལྔ་བ་ཆེན་པོའི་ཐུགས་སྲས་བ་སོ་རྗེ་དྲུང་ངག་དབང་དཀོན་མཆོག་ཉི་མ་གནས་འདིར་བྱོན་པའི་ཚེ། རྗེ་མ་ཎི་བ་ཤེས་རབ་བཀྲ་ཤིས། གཡེར་གཤོར་སྔགས་འཆར་འཇམ་དབྱངས་བློ་གྲོས། བྱང་ཆུབ་མི་ལ་ངག་དབང་བསོད་ནམས་སོགས་རྗེ་སྐལ་ལྡན་རྒྱ་མཚོའི་ཐུགས་སྲས་བུ་སློབ་དུ་མ་བྱོན་ནས་བཀའ་ཆོས་མང་དུ་ཞུས། ཁྱད་པར་དུ་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་མའི་ཚེ་ཁྲིད་གསན་ནས་ཐུགས་ཉམས་བཞེས་པའི་སྐབས་ཤིག་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་གི་ནང་སྒྲོལ་མ་དཀར་སྔོན་གྱི་སྐུ་བར་མཚམས་མེད་པར་གང་བ་དང༌། ཕྱག་མཚན་ཨུཏྤལ་དཀར་པོས་གང་བ་སོགས་ཀྱི་གཟིགས་སྣང་དང༌། མནལ་ལམ་ངོ་མཚར་བ་མང་བོ་བྱུང་ངོ༌།།
      དྲུག་པ་སྐྱ་རྒན་ནི། ཐུན་རིན་རྫོང་ཤ་སྦྲང་ས་ཁུལ་དུ་ཡོད། ཡབ་རྗེ་བླ་མས། དོ་རི་དཔལ་གྱི་རི་རྩེ་ན། ། རྒྱལ་པོའི་བླ་མཆོད་བསེ་སྟོན་གྲུབ། ། ཅེས་གསུངས་བ་ལྟར། སེ་གུ་བྱ་ཁྱུང་རྫའི་གཡོན་ཕྱོགས་སྐྱ་རྒན་གནས་མོར་གྲགས་པའི་མདུན་རིའི་ནགས་གསེབ་ཏུ་རྒྱལ་བོའི་བླ་མཆོད་བསེ་སྟོན་ཆེན་པོ་རྒྱལ་བ་བྱང་ཆུབ་ཏུ་གྲགས་བ་ཡུན་རིང་བཞུགས་ནས་སྒོམ་སྒྲུབ་མཛད་པས་གྲུབ་པ་ཐོབ། གནས་དེ་ནས་འཕུར་ཏེ་དོ་རི་ཉིན་གྱི་རི་རྩེར་བབས་པའི་སར་རྡོ་ལ་ན་བཟའ་དང་སྐུ་རྗེས་བབས་ཡོད། དོ་རི་དཔལ་གྱི་རི་རྩེར་ཡང་བཞུགས་ནས་སྒྲུབ་པ་མཛད་པས་སྒྲུབ་གནས་ཕན་ཚན་གཉིས་བྱིན་རླབས་ལ་ཁྱད་པར་མེད་གསུངས། སྐྱ་རྒན་གནས་མོའི་སྒྲུབ་གནས་ཀྱི་བྲག་ཕུག་ཏུ་སྤྱིར་ཡིག་འབྲུ་རང་བྱོན་མང་པོ་དང༌། ཁྱད་པར་བྲག་གི་རྩེར(ཨོཾ་ཧཱུཾ་ཏྲཾ་ཧྲཱིཿཨཱཿ)ཞེས་པའི་རིགས་ལྔའི་ས་བོན་སོགས་ཡ་མཚན་པ་རང་བྱོན་དུ་བབས་པ་མང་བོ་བཞུགས་སོ། །
      བདུན་པ་གོང་མའི་གུར་ཁང་ནི། ཐུན་རིན་རྫོང་སྨད་པ་ས་ཁུལ་དུ་ཡོད། གྲུབ་ཆེན་རིན་པོ་ཆེས། གོང་མའི་གུར་ཁང་བྲག་རྩ་ན། ། བོན་གྱི་སྟོན་པ་ནམ་མཁའ་གྲུབ། ། ཅེས་གསུངས་པ་ནི་སྔོན་དྲན་པ་ནམ་མཁའ་ཞེས་བྱ་བ་ཞིག་གོང་མོའི་གུར་ཁང་གི་བྲག་ཕུག་ཏུ་བཞུགས་ནས་སྒོམ་གྲུབ་མཛད་པས་རྟོགས་པ་མངོན་དུ་གྱུར། སྒྲུབ་གནས་ཀྱི་བྲག་ལ་ཨ་གར་ས་ལེ་སོགས་ཀྱི་ཡིག་འབྲུ་དང་ཕུར་བུ་གྲི་གུག་སོགས་ལྷའི་ཕྱག་མཚན་མང་བོ་རང་བྱོན་དུ་མ་ཡོད། འདིར་ཡང་རྗེ་བླ་མ་ཕེབས་ཏེ་སྒྲུབ་པ་མཛད་ཅིང༌། བླ་མ་ལྷ་མཆོག་གཙུག་རྒྱན་དུ་བསྟེན་ནོ་ཞེས་པའི་དབུ་ཅན་གྱི་མགུར་སོགས་གསུངས་སོ།།
      བརྒྱད་པ་མཁར་གོང་ནི། ཐུན་རིན་རྫོང་མཁར་གོང་སྡེ་བའི་ཉེ་འདབས་སུ་ཡོད། གྲུབ་ཆེན་སྐལ་ལྡན་རྒྱ་མཚོས། འབལ་གྱི་མཁར་གོང་ལ་ཁ་ན། ། འབོལ་གྱི་བྱང་ཆུབ་སེམས་དཔའ་གྲུབ། ། ཅེས་གསུངས་པ་ལྟར། གནས་འདིར་སྐབས་སྐབས་སུ་འོད་ཀྱི་གོང་བུ་དང༌། འཇའ་འོད་འཁྱིལ་བ་དང༌། དྲི་ཞིམ་པོའི་ངད་ལྡང་བ་སོགས་འབྱུང་བར་བཤད་དོ།། སྒྲུབ་པའི་གནས་ཆེན་འདི་རྣམས་ནི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་བུ་དམ་པ་མཐའ་ཡས་པ་དང༌། ཁྱད་པར་གྲུབ་ཆེན་ཆོས་པ་ཡབ་སྲས་དང༌། རྗེ་གསེར་ཁང་བ་ཡབ་སྲས། སྐྱབས་མགོན་བློ་བཟང་ལུང་རིགས་རྒྱ་མཚོ་སོགས་ཚད་ལྡན་གྱི་སྐྱེས་བུ་དམ་པ་མང་བོ་ཆེད་གཉེར་གྱིས་བྱོན་ནས་གནས་འབྲེལ་དང་སྒོམ་སྒྲུབ་མཛད་ཅིང་དག་པའི་གཟིགས་སྣང་ཁྱད་པར་ཅན་བྱུང་བ་སོགས་དང༌། གྲུབ་གནས་བརྒྱད་ཀྱི་ལོ་རྒྱུས་སོགས་འགའ་རེ་ཡོད་ཀྱང་ཡི་གེ་མང་དོགས་ནས་མ་བྲིས་སོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...