སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སི་ཁྲོན་རྔ་བ་རྫོང་ཀིརྟི་དགོན་པའི་མཐོང་ཐོས།
རྩོམ་པ་པོ། ངག་ཆོས། རྩོམ་སྒྲིག་པ། Lhamo དུས་ཚོད། 2011-4-28 11:17:00 རྩོམ་ཁུངས། 《མི་དམངས་ཉིན་རེའི་ཚགས་པར》 ཀློག་གྲངས།

           ཟླ4ཚེས15ཉིན་གྱི་ཕྱི་དྲོ་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་དུ་གངས་ཆུང་ཆུང་ཞིག་བབས་རྗེས་སླར་ཡང་ཉི་འོད་རབ་ཏུ་འཕྲོ་ཞིང་། གསར་འགོད་པས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་དུ་ཡོད་པའི་ཀིརྟི་དགོན་དུ་བཅར་འདྲིར་བསྐྱོད་པ་ཡིན།
            ཀིརྟི་དགོན་པ་ནི་རྔ་བ་རྫོང་གི་གཞི་ཁྱོན་ཆེ་ཤོས་ཡིན་པའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་པ་ཞིག་རེད་འདུག དེ་ཉིན་ཕྱི་དྲོ་གསར་འགོད་པ་ཆཱ་ཐང་ནུབ་ལམ་དུ་གནས་པའི་ཀིརྟི་དགོན་པའི་རྒྱལ་སྒོའི་འགྲམ་དུ་འབྱོར་སྐབས་དད་ལྡན་མང་ཚོགས་ཚོ་ཁྲོམ་ལ་སྐྱོད་པ་དང་། སྐོར་བར་སྐྱོད་པ། མཆོད་མཇལ་དུ་སྐྱོད་པ་སོགས་རྒྱུན་གཏན་ལྟར་ཡོད་པ་མཐོང་བྱུང་།
            ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་གཅའ་ཁོག་ཕྱུགས་རའི་ལོ་ན་53ལ་སླེབས་པའི་སྐལ་ཁྲིས་སྦག་སྦག་བཞོན་ནས་དགོན་པའི་རྒྱལ་སྒོའི་ཕྱོགས་སུ་སླེབས་བྱུང་། སྦག་སྦག་གི་རྒྱབ་སྟེགས་ཐོག་དུང་བན་དང་ཉལ་གདན་སོགས་འཁྱེར་འདུག “འདིར་ཕར་འགྲོ་ཚུར་འོངས་བྱེད་པར་དཀའ་ལས་གང་ཡང་མེད་པས་དེ་རིང་བུ་ལ་ཅ་ལག་སྐྱེལ་བར་ཡོང་བ་ཡིན། ངའི་བུ་ཀིརྟི་དགོན་པའི་དགེ་འདུན་པ་ཡིན། ཁ་སྔོན་བུ་ནད་གྱིས་མནར་ནས་སྨན་ཁང་དུ་སྡོད་དགོས་བྱུང་སོང་། དེ་རིང་སྨན་ཁང་ནས་ལོག་ཡོང་བར་བརྟེན་སྨན་ཁང་ནང་གི་སྤྱོད་ཆས་རྣམས་དགོན་པར་སྐྱེལ་བར་ཡོང་བ་ཡིན”ཞེས་སྐལ་ཁྲིས་བཤད་བྱུང་།
            སྐལ་ཁྲིའི་སྦག་སྦག་རྒྱལ་སྒོའི་འགྲམ་དུ་འབྱོར་མ་ཐག་རྔ་པ་རྫོང་སྤྲོ་ཚིགས་ཤང་གི་ཨ་མ་འཛོམས་ཁོས་སྟབས་བདེའི་ཐུག་པ་དང་། སྣུམ་བསྲེགས་བག་ལེབ། ཞོ་བཅས་འཁྱེར་ནས་དགོན་པར་ཡོང་། འཛོམས་ཁོས“ད་ལམ་ཐེངས་གསུམ་ཡོང་བ་ཚང་མ་སྟབས་བདེ་པོ་བྱུང་། དེ་རིང་དགོན་པར་ངའི་བུ་ལ་བཟའ་ཆས་སྐྱེལ་བར་ཡོང་བ་ཡིན”ཞེས་བཤད་བྱུང་།
            དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཚུལ་ཁྲིམས་ཀྱིས“ག་ཡིན་འདི་ཡིན་མེད་པའི་མི་དགོན་པར་ཡོང་བར་བཀག་འགོག་བྱ་ཆེད་ཀིརྟི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་སྤྱི་བདེ་སྡེ་ཚན་གྱིས་སྔ་ས་ནས་ཉེན་རྟོག་པ་དང་དགོན་པའི་མཉམ་འགོག་སྐོར་གཡེང་རུ་ཁག་བཙུགས་ཡོད་པ་དང་ཉིན་ལྟར་སྡོད་བྱ་ཁག་གཉིས་ལ་བགོས་ནས་ཆུ་ཚོད24ཡི་རིང་མཚམས་མི་ཆད་པར་སྐོར་གཡེང་རྒྱག་གི་ཡོད། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་བདམས་མངགས་བྱས་པ་ཚང་མ་ཁུར་སེམས་ཆེན་པོ་ཡོད་པའི་དགེ་འདུན་ཤ་སྟག་རེད”ཅེས་བཤད་བྱུང་།
            “ལས་ཀ་དེ་ལོ་མང་བྱས་པར་བརྟེན་ཉེན་རྟོག་པ་དང་དགོན་པའི་དབར་གྱི་འབྲེལ་བ་ཧ་ཅང་ཡག་པོ་ཡོད། རྒྱལ་སྒོ་སྲུང་མཁན་གྱིས་ཡར་འགྲོ་མར་འགྲོ་བྱེད་མཁན་མང་ཚོགས་དང་དགེ་འདུན་པ་རྣམས་ལ་རྣམ་འགྱུར་ཡག་པོ་བསྟན་གྱི་ཡོད་པས་མི་ལ་ཉེས་རྡུང་བཏང་བའི་བྱ་བ་གཏན་ནས་ཐོན་མི་སྲིད”ཅེས་ཚུལ་ཁྲིམས་ཀྱིས་བཤད་བྱུང་།
            གསར་འགོད་པར་ཀིརྟི་དགོན་པ་ནས་ལོ་ན73ལ་སླེབས་པའི་རྨེའུ་རུ་མ་ཤང་གི་གྲོང་མི་ཨ་བཱ་འཕྲད་བྱུང་། ཁོང་ནི་མཆོད་མཇལ་དང་སྐོར་བ་གསོག་པར་ཡོང་བ་ཞིག་རེད་འདུག ཁོང་གིས“དགོན་པ་སྔར་ལྟར་ཧ་ཅང་ཁ་ཁུ་སིམ་པོ་རེད། དགེ་འདུན་པ་ཚོས་ཉིན་ལྟར་ཕྱག་དཔེ་ཀློག་གནང་གི་ཡོད་པས་ང་ཚོ་ཡང་མཆོད་མཇལ་དང་སྐོར་བ་གསོག་པར་ཡོང་གི་ཡོད”ཅེས་བཤད་བྱུང་།
            གསར་འགོད་པས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ4ཚེས3ཉིན་གྱི་ཞོགས་པ་ཆོས་མཆོག་དང་། བཀྲ་ཤིས། བློ་བཟང་། ཀླུ་མོ་མཚོ་སོགས་དགེ་འདུན་པ་བཅུ་གཅིག་ཕྱི་ལ་གཤིན་པོའི་རྣམ་ཤེས་ཡར་འདྲེན་གྱི་བསྔོ་སྨོན་གནང་བར་ཕེབས་པ་དང་ཚེས15ཉིན་གྱི་ཞོགས་པ་དགེ་འདུན་པ་འགའ་ཤས་མང་ཚོགས་ཚེ་པོ་རྒྱལ་གྱི་གཉེན་ཉེ་འདས་གྲོངས་སོང་བར་རྣམ་ཤེས་ཡར་འདྲེན་གྱི་བསྔོ་སྨོན་གནང་བར་ཕེབས་པ་ཤེས་རྟོགས་བྱུང་།
            རྫོང་དཔོན་གཞོན་པ་དཔལ་པེས་གསར་འགོད་པར་ཉེ་ཆར་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཁྲོམ་ནས་སྔོ་ཚལ་རྒྱ་མ3000དང་། ཤ་རྒྱ་མ1700 འབྲས་རྒྱ་མ3000 རྩམ་པ་རྒྱ་མ7000ཙམ། མར་རྒྱ་མ1200སོགས་ཉོས་ཡོད་ཅེས་བཤད་བྱུང་།
            གསར་འགོད་པས་དགེ་འདུན་བསོད་གཅེའི་གྲ་ཤག་ནང་དགེ་འདུན་བཞི་ཡོད་པ་དང་ཚང་མ་དགོང་མོའི་གསོལ་ཆས་གྲ་སྒྲིག་གནང་བཞིན་ཡོད་པ་དང་། བཀྲ་ཤིས་འོ་ཇ་བཟོ་བར་བྲེལ་བ་དང་ཚུལ་ཁྲིམས་ཚལ་འཁྲུ་བར་བྲེལ་བཞིན་ཡོད་པ་མཐོང་བྱུང་། རྡོ་རྗེ་སྐྱབས་ཀྱིས“ཤག་ནང་རྩམ་པ་དང་མར་འདང་ངེས་ཡོད། སྔོ་ཚལ་དགོན་པ་ནས་ཉོ་ས་འདུག”ཅེས་བཤད་བྱུང་།
            གསར་འགོད་པར་དགོན་སྡེའི་དགེ་འདུན་པ་བགྲེས་སོང་ཁག་གཅིག་ལ་སྲིད་གཞུང་གིས་གནང་བའི་སྨན་སྦྱིན་གྱི་རོགས་སྐྱོར་ལོངས་སྤྱོད་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་།
            དཔལ་པེས་སྲིད་གཞུང་གིས་མངགས་པའི་སྨན་བཅོས་ཚོགས་ཆུང་དགོན་པར་འབྱོར་རྗེས་དགུང་ལོ་བགྲེས་ཙམ་མམ་ཡང་ན་ནད་གཞི་མང་ཙམ་ཡོད་པའི་དགེ་འདུན་པ་འགའ་རེར་རང་འགུལ་ངང་ནད་དཔྱད་དང་སྨན་བཅོས་བྱེད་པ་དང་ནད་གཞི་ལྕི་ཙམ་ཡོད་པའི་དགེ་འདུན་པར་ཆེད་མངགས་རླངས་འཁོར་བཏང་ནས་རྫོང་མི་དམངས་སྨན་ཁང་དུ་བརྟག་དཔྱད་དང་སྨན་བཅོས་བྱེད་པར་སྐྱེལ་གྱི་ཡོད་ཅེས་བཤད་བྱུང་། 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...