སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི།
རྩོམ་པ་པོ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-5-1 9:54:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
      བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སའི་གོ་ལའི་ཐོག་འདིར་མིའི་འགྲོ་བ་ཆགས་པ་ནས་བཟུང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་སོགས་ཉོན་མོངས་པའི་བསམ་པ་མང་པོ་ཞིག་ལྷན་སྐྱེས་སུ་བྱུང་། དེ་རྣམས་མཐུ་བརྟས་པ་ལས་རིགས་མཐུན་ནམ་རིགས་མི་མཐུན་པའི་ནང་ཕན་ཚུན་དུ་དྲག་ཞན་དང་མཐོ་དམན་དང་ཕྱོགས་རིས་སོགས་འདྲ་མཉམ་མ་ཡིན་པའི་བྱ་བ་སྣ་ཚོགས་པ་ཞིག་མགོ་འབུས་པ་ནས་སྨིན་པ་དང་དར་བར་གྱུར། དེ་དག་ཀྱང་ཡོངས་སུ་མཐུ་བརྟས་པ་ལས་རྩོད་པ་དང་འཐབ་པ་དང་གཡུལ་འགྱེད་པ་དང་ནོར་འཕྲོག་པ་དང་བྲན་དུ་བཀོལ་བ་དང་རྫུན་གྱིས་བསླུ་བ་སོགས་ཀྱི་བྱ་བ་རྒྱ་ཆེ་ཞིང་རྒྱུན་རིང་བ་གྲངས་མེད་པ་ཞིག་བྱུང་སྟེ། དེའི་ཆ་ནས་གླེང་ན་མིའི་རིགས་ཀྱི་ལོ་རྒྱུས་དེ་འཐབ་རྩོད་ཀྱི་ལོ་རྒྱུས་ཤིག་ཡིན་ཞེས་བརྗོད་ན་མི་འཐད་པ་ཅི་ཡང་མེད་པ་ལྟ་བུ་ཞིག་ཡིན། དེ་དག་གི་མཇུག་འབྲས་སུ་ནད་ཡམས་འཇིགས་སུ་རུང་བ་མཆེད་ནས་མི་ཕལ་མོ་ཆེ་ཁ་དག་པ་དང་། མུ་གེ་ཆེན་པོ་བྱུང་ནས་མིའི་ཤ་ཡང་གཞན་གྱི་ལག་ནས་ཉོས་ཏེ་བཟའ་དགོས་པའི་དུས་ལ་ཐུག་པ་སོགས་སྡུག་བསྔལ་གྱི་རྣམ་གྲངས་བརྗོད་ཀྱིས་མི་ལངས་པ་གཅིག་རྗེས་གཉིས་མཐུད་དུ་བྱུང་སྟེ། ནད་མུག་འཁྲུགས་རྩོད་འདི་རྣམས་ཀྱི་ཕྱོགས་ནས་བརྗོད་ན་མིའི་རིགས་ཀྱི་ལོ་རྒྱུས་དེ་སྡུག་བསྔལ་གྱི་ལོ་རྒྱུས་རིང་མོ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་ལྟ་བུར་ཡོད་དོ། །
      དེའི་ཕྱིར་སྡུག་བསྔལ་དེ་དག་བསལ་བའི་ཆེད་དུ་མི་ཁྲི་འབུམ་དུ་མས་ལོ་ཁྲི་ཕྲག་མང་པོའི་བར་དུ་བསམ་བློ་བཏང་ཞིང་བཙལ་བས་ཐབས་གཉིས་རྙེད་དེ། གཅིག་ནི་རེ་ཞིག་ལུས་དང་ངག་གི་ངན་སྤྱོད་ཅི་རིགས་པ་ཞིག་ལ་ཚོད་འཛིན་ཕྱོགས་རེ་བ་ཞིག་བྱས་ཏེ་གནས་སྐབས་བདེ་འཇགས་ཀྱི་ངང་དུ་གནས་པར་བྱེད་པའི་ཐབས་ཏེ། འཇིག་རྟེན་མི་ཆོས་ཞེས་བྱ་བ་དེ་ཡིན། གཅིག་ནི་ལུས་ངག་ཡིད་གསུམ་གྱི་ངན་སྤྱོད་ཐམས་ཅད་བསྡམས་ནས་མི་ཡུལ་ཞི་བདེའི་ངང་དུ་གནས་པར་བྱེད་པའི་ཐབས་ཏེ་ལྷ་ཆོས་ཞེས་བྱའོ། །
      འདི་གཉིས་གཅིག་གི་གྲོགས་སུ་གཅིག་འགྲོ་བའི་འབྲེལ་བ་ཅན་ཡིན་པའམ་གཅིག་གི་གཤེད་དུ་གཅིག་ལངས་པའི་འགལ་བ་ཅན་གང་ཡིན་གྱི་ཐད་ལ་ཅ་ཅོ་སྣ་ཚོགས་འདོན་པར་སྣང་ཡང་མང་པོ་ཞིག་གིས་དབྱེ་འབྱེད་བྱེད་མ་ཤེས་པའི་དབང་གིས་བློ་རབ་ཏུ་འཁྲུགས་པར་འདུག་པས་འདི་ལ་རང་གི་བསམ་ཚུལ་ཞིག་བརྗོད་པར་འདོད་དོ། །
      འདི་བཤད་པ་ལ་གསུམ་སྟེ། ཆོས་སྲིད་ཟུང་འཇུག་བཤད་པ་དང་། ཆོས་སྲིད་ཁ་བྲལ་བཤད་པ་དང་། དེ་གཉིས་ཀྱི་དོན་ལ་དཔྱད་པའོ། །
དང་པོ།  ཆོས་སྲིད་ཟུང་འཇུག་བཤད་པ།
      དང་པོ་ལ་འཛམ་གླིང་ནུབ་ཕྱོགས་སུ་གཙོ་བོར་གྲགས་པའི་ཆོས་སྲིད་ཟུང་འཇུག་དང་། བོད་བཙན་པོའི་དུས་ཀྱི་ཆོས་སྲིད་ཟུང་འཇུག་གི་ངོ་བོ་ངོས་བཟུང་བའོ། །
དང་པོ། འཛམ་གླིང་ནུབ་ཕྱོགས་སུ་གཙོ་བོར་གྲགས་པའི་ཆོས་སྲིད་ཟུང་འཇུག
      དང་པོ་ནི། དེང་སང་འཛམ་གླིང་ཡོངས་ལ་གྲགས་པའི་ཆོས་སྲིད་ཟུང་འཇུག་ཅེས་པ་ནི། ཆོས་སྲིད་ཀྱི་དབང་ཆ་དང་ཡེ་ཤུ་ཆོས་ལུགས་ཀྱི་ཆོས་ཚོགས་ལྟ་བུའི་ཆོས་ལུགས་སྒྲིག་འཛུགས་ཀྱི་དབང་ཆ་གཉིས་པོ་མི་གཅིག་གིས་བཟུང་བ་སྟེ། ཆབ་སྲིད་ཀྱི་གཙོ་འཛིན་གྱིས་ཆོས་ལུགས་ཀྱི་གཙོ་འཛིན་ཡང་བྱེད་པའམ་ཆོས་ལུགས་ཀྱི་གཙོ་འཛིན་གྱིས་ཆབ་སྲིད་ཀྱི་གཙོ་འཛིན་ཡང་བྱེད་པའི་ཆབ་སྲིད་ལམ་ལུགས་ཤིག་ལ་བྱ་སྟེ། ཐ་སྙད་འདི་དེང་སང་ཚད་ལྡན་དུ་བརྩི་བའི་ཚིག་མཛོད་སོགས་དཔེ་ཆ་མང་པོ་ལས་དེ་ལྟར་ངོས་འཛིན་བྱེད་ར་སྣང་སྟེ། དེ་ཡང་ཨོ་ཁུ་སུ་ཧྥོད་ཚིག་མཛོད་ལས། (Oxford Dictionary牛津字典) སྲིད་གཞུང་འདིས་འཇིག་རྟེན་བྱེད་པ་པོའམ་ལྷ་དེ་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་མི་དམངས་ཀྱི་དབང་སྒྱུར་པ་པོར་ཁས་ལེན་པར་བྱེད་དེ། རྒྱལ་ཁབ་དེ་ཐད་ཀར་ལྷའི་ནུས་པའམ་ལྷས་ཁྲིད་སྟོན་བྱ་བའི་དཔོན་པོས་སྣ་ཁྲིད་པར་བྱེད་པར་འདོད་དོ། (Theocracy) ཞེས་པའི་ཧེ་ལིན་གྱི་ཡི་གེའི་ནང་དོན་ཡང་། ལྷས་དབང་བསྒྱུར་བྱ་བ་ཞེས་པའི་དོན་ཡིན། དད་ལྡན་རྣམས་ལ་མཚོན་ན། བྱེད་པ་པོའི་ལྷའམ་ཆོས་ལུགས་ལས་ཁུངས་ཏེ། ཆོས་ཚོགས་ལྟ་བུ་ཞིག་གིས་སྤྱི་དམངས་སྲིད་གཞུང་གི་གོ་གནས་ཀྱི་ཚབ་བྱས་ནས་མིའི་འཇིག་རྟེན་ལ་དབང་སྒྱུར་བའི་སྲིད་གཞུང་སྟེ། ལྷ་དབང་སྲིད་གཞུང་གིས་ལག་ལེན་དུ་བསྟར་བ་ནི་འཇིག་རྟེན་བྱེད་པ་པོས་ལྷ་ཆེམས་ལས་བཤད་པའི་ཁྲིམས་ལུགས་དག་གོ །ཞེས་སྨྲས་ཏེ། འདི་ལ་ལྷ་དབང་ཆབ་སྲིད་ཅེས་ཀྱང་གྲགས་སོ། །
      ཡང་ཆོས་སྲིད་ཟུང་འཇུག་གི་ཆབ་སྲིད་ཀྱི་རྣམ་པ་ཅུང་ཟད་མི་འདྲ་བ་གཞན་ཞིག་ནི། དབྱིན་ཇིའི་ཤེས་བྱ་ཀུན་འདུས། (Encyclopedia Britannica Online大英百科全书电子版) ཆབ་སྲིད་ཀྱི་མ་ལག་འདིའི་ནང་དུ་རྒྱལ་ཁབ་ཀྱི་མགོ་ཁྲིད་དེ་ཆོས་ཚོགས་ཀྱི་མགོ་གཙོ་དང་ཆོས་ལུགས་ཀྱི་བྱ་བའི་ནང་གི་ཆེས་མཐོ་བའི་ཁྲུན་གཅོད་པའང་ཡིན། ཐ་སྙད་འདི་རོམ་བཙན་རྒྱལ་གྱི་མཇུག་གི་དུས་སམ་པེལ་ཟན་ཐེམ་(Byzantium拜占庭) རྒྱལ་རབས་ཀྱི་ལོ་རྒྱུས་ནང་དུ་རྟག་པར་འབྱུང་། དེང་རབས་ཀྱི་ལོ་རྒྱུས་རིག་པ་བ་ཕལ་ཆེ་བས་པེལ་ཟན་ཐེམ་གྱིས་ཁྲིམས་ལུགས་ཡིག་ཆའི་ནང་དུ་བྲིས་ཡོད་པ་དེ་རྒྱལ་པོའི་བརྒྱུད་པ་དང་ཆོས་ལུགས་ལས་ཁུངས་ཕན་ཚུན་བརྟེན་ནས་གནས་པའི་འབྲེལ་བ་ཡིན་གྱི། ཆོས་ལུགས་ལས་ཁུངས་ཁོ་ན་རྒྱལ་པོའི་བརྒྱུད་པ་ལ་བརྟེན་ནས་གནས་པ་མིན་པར་འདོད། ལོ་རྒྱུས་རིག་པ་བ་རྣམས་ཀྱིས་པེལ་ཟན་ཐེམ་གྱིས་ཡེ་ཤུ་ཆོས་ལུགས་ཀྱི་དད་པའི་ཐད་ལ། རྒྱལ་པོ་ལ་ཡོད་པའི་མི་ནུབ་པའི་དབང་ཆ་དང་ཡེ་ཤུ་ཆོས་དཔོན་ལ་ཡོད་པའི་ལྷས་གནང་བའི་དབང་ཆ་དག་ཁས་མི་ལེན་པར་འདོད་དོ། ཞེས་ཟེར་ཏེ། རྒྱལ་པོ་ལ་ཡོད་པའི་མི་ནུབ་པའི་དབང་ཆ་ཞེས་པ་དང་ཆོས་དཔོན་ལ་ཡོད་པའི་ལྷས་གནང་བའི་དབང་ཆ་ཞེས་པའི་དོན་ནི། གོང་དུ་བཤད་པའི་ལྷ་དབང་ཆབ་སྲིད་ཀྱི་སྐབས་སུ་བྱུང་བའི་རྒྱལ་པོ་རྣམས་ལྷའི་སྐུ་ཚབ་ལྟ་བུར་བྱས་ནས་ཁོང་རྣམས་ལ་འཇིག་རྟེན་བྱེད་པ་པོའི་ལྷས་གནང་བའི་དབང་ཆ་དམིགས་བསལ་བ་ཡོད་པར་འདོད་པ་དེ་ཡིན་ལ། ཆོས་དཔོན་ལ་ལྷས་གནང་བའི་དབང་ཆ་ཞེས་པའང་དེའོ། །
      ཨོ་ཁུ་སུ་ཧྥོད་ཡེ་ཤུ་ཆོས་ལུགས་ཀྱི་བསྡུས་གསལ་དག་ཡིག་ལས།(The Concise Oxford Dictionary of the Christian Church 牛津基督教简明字典) ལྟོས་མེད་ཀྱི་དབང་ཆ་ལོངས་སུ་སྤྱད་དུ་ཡོད་པའི་རྒྱལ་པོའི་རྒྱུད་པ་དེར་ཁོའི་མངའ་ཁུངས་ཀྱི་ཆོས་ཚོགས་ནང་དུའང་བླ་ན་མེད་པའི་ཚོད་འཛིན་གྱི་དབང་ཆ་ཡོད་པ་སྟེ། དབང་ཆ་བཀོལ་སྤྱོད་ཀྱི་རྒྱ་ཁྱོན་དེ་ཐ་ན་ནམ་རྒྱུན་ཆོས་ཚོགས་རང་གིས་བསྒྲུབ་པར་བྱ་བའི་བདག་གཉེར་ཡན་ཆད་ལ་ཁྱབ་པ་ཞིག་གོ །ཐ་སྙད་འདི་ཆེས་རྒྱུན་པར་མཐོང་བ་ནི་པེལ་ཟན་ཐེམ་དུས་རབས་ཀྱི་རྒྱལ་པོ་དག་གིས་ཆོས་ལུགས་ལས་ཁུངས་ལ་དབང་བྱེད་པའི་བཤད་པ་དག་ལས་སོ། ཞེས་སྨྲས་ཏེ། ལྟོས་མེད་ཀྱི་དབང་ཆ་ཞེས་པ་ནི་སུ་ལའང་ལྟོས་མི་དགོས་པའི་དབང་ཆ་རང་རྐྱ་ཐུབ་པའོ། །
      ཡང་དེ་ཉིད་ལས། སྲིད་གཞུང་གི་ཁེ་དབང་དང་ཆོས་ཚོགས་ཀྱི་རྣམ་ཤེས་ཕྱོགས་ཀྱི་དབང་ཆ་ཟུང་དུ་འབྲེལ་བའམ་ཆོས་ཚོགས་ལས་མཐོ་བའམ་དེའི་གོང་ན་གནས་པའི་འདུ་ཤེས་ཤིག་སྟེ། ཁྱད་པར་དུ་དེ་གཉིས་ཀྱི་འབྲེལ་བ་ལ་མཚོན་ན། ཆེས་རྩེར་སོན་པའི་སྐབས་ཀྱི་རྣམ་པ་དེ་ནི་ཆབ་སྲིད་ཀྱི་རིག་པ་ཞིག་ཡིན་པར་མངོན་ཞིང་། རྒྱལ་ཁབ་ཀྱི་གཙོ་འཛིན་གནའ་རབས་ཡོ་རོབ་ཀྱི་རྒྱལ་པོ་ལྟ་བུ་དེ་དག་ཆོས་ཚོགས་ཀྱི་ཆེས་མཐོ་བའི་གཙོ་འཛིན་ཡང་ཡིན་པ་སྟེ། རྣམ་པ་འདི་ནི་ལྷ་དབང་ཆབ་སྲིད་ཀྱི་ལྡོག་ཕྱོགས་སུ་གནས་པའོ། ཞེས་སོ། ཆོས་ཚོགས་ཀྱི་རྣམ་ཤེས་ཕྱོགས་ཀྱི་དབང་ཆ་ཞེས་པ་ནི་མི་སེམས་ལ་དབང་སྒྱུར་བ་འདི་ཆོས་ཕྱོགས་ཀྱི་དབང་ཆ་ཡིན་པར་སྟོན་པའོ། ལྷ་དབང་ཆབ་སྲིད་ཀྱི་ལྡོག་ཕྱོགས་སུ་གནས་པ་ཞེས་པ་ནི། ལུགས་འདི་རྒྱལ་པོ་ལ་ལྷས་བྱིན་པའི་དབང་ཆ་ཡོད་པར་མི་འདོད་པ་ཡིན། དེས་ན་ལྷ་དབང་ཆབ་སྲིད་དང་འདི་གཉིས་ཀའང་ཆོས་སྲིད་ཟུང་འཇུག་གི་ཆབ་སྲིད་ལམ་ལུགས་ཡིན་པ་ལ་ཁྱད་པར་མེད་ཀྱང་། ལྷ་དབང་ཆབ་སྲིད་ཀྱིས་ལྷས་བྱིན་དབང་ཆ་གཙོ་བོར་བྱས་ནས་དབང་སྒྱུར་པ་དང་། འདིས་མི་གཅིག་གིས་ཆོས་སྲིད་གཉིས་ཀ་ལ་དབང་སྒྱུར་ཆོག་པའི་མིའི་དབང་ཆ་གཙོ་བོ་བྱས་ཏེ་དབང་སྒྱུར་བ་ཡིན་པར་མངོན་ནོ། །
      ཀྲུང་གོའི་ཤེས་བྱ་ཀུན་འདུས་ཆེན་མོ་ལས། ཆོས་སྲིད་ཟུང་འཇུག་ཅེས་པ་དེ་ཆབ་སྲིད་ཀྱི་དབང་ཆ་དང་ལྷའི་དབང་ཆ་གཉིས་གཅིག་ཏུ་བྱས་པའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་སྟེ། འདིའི་རྩ་བའི་ཁྱད་ཆོས་ནི། རྒྱལ་ཁབ་ཀྱི་མགོ་གཙོ་དང་ཆོས་ལུགས་ཀྱི་གཙོ་འཛིན་གཉིས་མི་གཅིག་གིས་བྱེད་ཅིང་ཆབ་སྲིད་ཀྱི་དབང་ཆ་དང་ཆོས་ཀྱི་དབང་ཆ་གཉིས་མི་གཅིག་གིས་འཛིན་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་ཀྱི་གཞི་རྩ་ཆོས་ལ་བྱས་ཏེ། ཆོས་ཀྱི་ནང་དོན་དེ་དམངས་ཁྲོད་ཀྱི་དོན་ཐམས་ཅད་ཐག་གཅོད་བྱེད་པའི་ཚད་གཞིར་བྱེད་པ་དང་། སྤྱིར་བཏང་མི་ཐམས་ཅད་ལ་ཕྱོགས་རིས་པའི་ཆོས་ལུགས་གཅིག་ལ་དད་ཞེན་དྲག་པོ་ཡོད་པ་བཅས་ཡིན་ཞེས་ཟེར་རོ། །
      ཆབ་སྲིད་ཀྱི་ལམ་ལུགས་འདི་དག་ནི་ཡོ་རོབ་ལོ་རྒྱུས་ཀྱི་ཐོག་གི་དུས་རབས་དཀྱིལ་མ་ཞེས་པ་ཧ་ལམ་ཕྱི་ལོ༤༧༦ནས༡༤༥༣བར་གྱི་ལོ་སྟོང་ལ་ཉེ་བ་ཙམ་གྱི་རིང་ལ་བྱུང་བ་དག་ཡིན་ལ། ཕྱིས་སུ་བྱུང་བའི་ཡོ་རོབ་དང་ཨ་རིའི་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་དུས་སྐབས་འདི་ལ་མུན་པའི་དུས་སྐབས་ཞེས་ཀྱང་སྨྲ་བར་འདུག་སྟེ། འདིའི་རིང་ལ་ཆོས་ལུགས་ལ་བརྟེན་ནས་བྱུང་བའི་གཡུལ་འགྱེད་མང་པོ་དང་ནད་ཡམས་མང་པོ་བྱུང་ནས་ཡོ་རོབ་ཀྱི་མི་རྣམས་ཀྱིས་དཀའ་སྡུག་མང་པོ་མྱང་དགོས་བྱུང་བས་དེ་སྐད་དུ་བརྗོད་པ་ཡིན་འདུག་གོ །
གཉིས་པ། བོད་བཙན་པོའི་དུས་ཀྱི་ཆོས་སྲིད་ཟུང་འཇུག་གི་ངོ་བོ་ངོས་གཟུང་བ།
      གཉིས་པ་བོད་གངས་ཅན་གྱི་ལོ་རྒྱུས་ཐོག་ཏུ་གྲགས་པའི་ཆོས་སྲིད་ཟུང་འཇུག་ཅེས་པ་ནི། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་བྱུང་བའི་ཆོས་སྲིད་ཟུང་འཇུག་ལྟ་བུ་སྟེ། རྒྱལ་པོ་རྣམས་ཀྱིས་ཚེ་སྔ་ཕྱི་ལ་ཡིད་ཆེས་དང་ལས་རྒྱུ་འབྲས་ལ་བརྩི་བསྲུང་དང་བྱམས་སྙིང་རྗེའི་སྒོ་ནས་ཆབ་འབངས་རྣམས་སྲུང་སྐྱོབ་བྱེད་ཅིང་། རྒྱལ་ཁབ་དེ་ན་སྲིད་ཀྱང་ཡོད་ལ་ཆོས་ཀྱང་ཡོད་པ། ཆོས་ཀྱིས་རྒྱལ་སྲིད་མི་བཤིག་ཅིང་སྲིད་ཀྱིས་ཆོས་ལུགས་ལ་མི་གནོད་པར་རང་རང་གི་ས་ནས་རང་རང་གི་ཕན་པ་བསྒྲུབས་ནས་གནས་པའོ། །འདི་ནི་བོད་གངས་ཅན་ལ་གྲགས་པའི་ཆོས་སྲིད་ཟུང་འཇུག་སྟེ། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་ཆོས་འབྱུང་འབེལ་གཏམ་གྱི་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ལས། ཕྱི་རོལ་མུ་སྟེགས་ཀྱི་རྒྱུ་འགྲུལ་བཀའ་སྲུང་བསྟན་མའི་འཕྲིན་ལས་ཀྱིས་མཚམས་བཅད་དེ་རྒྱལ་བསྟན་ཡིད་བཞིན་གྱི་ནོར་བུ་ཕྱི་མའི་མཐར་ཡང་ཉམས་པ་མེད་པའི་མཛད་འཕྲིན་རྩིབས་སྟོང་གི་འཁོར་ལོས་སྣ་དྲངས་ཏེ། འཛམ་བུའི་གླིང་སུམ་གཉིས་ཀྱི་རྒྱལ་སྲིད་ལ་དབང་བྱས་ནས་ཆོས་སྲིད་ཟུང་འཇུག་གི་སྣང་བ་འགྲན་ཟླ་དང་བྲལ་བར་མཛད། ཅེས་གསུངས་པ་བཞིན་ནོ། །འདི་ཅུང་ཟད་ཞིབ་པར་བཤད་ན་དོན་ཚན་བདུན་ཏེ། ཆོས་སྲིད་ཟུང་འཇུག་གི་ཆབ་སྲིད་དང་། ཆོས་སྲིད་ཟུང་འཇུག་གི་ཁྲིམས་ལུགས་དང་། ཆོས་སྲིད་ཟུང་འཇུག་གི་དཔལ་འབྱོར་དང་། ཆོས་སྲིད་ཟུང་འཇུག་གི་དམག་དོན་དང་། ཆོས་སྲིད་ཟུང་འཇུག་གི་སློབ་གསོ་དང་། ཆོས་སྲིད་ཟུང་འཇུག་གི་ཆོས་ལུགས་དང་། ཆོས་སྲིད་ཟུང་འཇུག་གི་འབྲས་བུ་བཤད་པའོ།།
༡ ཆོས་སྲིད་ཟུང་འཇུག་གི་ཆབ་སྲིད།
      དང་པོ་ཆོས་སྲིད་ཟུང་འཇུག་གི་ཆབ་སྲིད་བཤད་པ་ལ་བཞི་སྟེ། ཆོས་སྲིད་ཟུང་འཇུག་གི་ཆབ་སྲིད་སྐྱོང་བ་པོའི་གཙོ་བོ་རྒྱལ་པོ་རང་ཉིད་ལ་ཆ་རྐྱེན་ཅི་ཚང་བར་བྱ་དགོས་པ་དང་། དེས་བསམ་པའི་ཀུན་སློང་ཅི་འདྲ་ཞིག་གི་ཐོག་ནས་ཆབ་སྲིད་སྐྱོང་དགོས་པ་དང་། དེ་ལག་བསྟར་བྱེད་ཚུལ་གྱི་གལ་འགག་བཤད་པ་དང་། ཆབ་སྲིད་ཀྱི་རིག་པའི་འབྱུང་ཁུངས་བཤད་པའོ། དང་པོ་ནི། ཆོས་སྲིད་ཟུང་འཇུག་གི་སྒོ་ནས་ཆབ་སྲིད་སྐྱོང་བ་ལ་ཐོག་མར་རྒྱལ་པོ་རང་ཉིད་ཆོས་སྲིད་གཉིས་ཀྱི་ཡོན་ཏན་ཡང་དག་པ་ཞིག་ཚང་དགོས་ཏེ། རྒྱལ་པོའི་ལམ་ལུགས་ལ་ཆབ་སྲིད་ཡང་དག་པ་འོངས་མི་འོང་རྒྱལ་པོ་ལ་རག་ལས་པའི་ཕྱིར་རོ། འོ་ན་རྒྱལ་པོ་ཇི་ལྟ་བུ་ཞིག་དགོས་ཞེ་ན། དོན་འདི་རྣམས་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་ལས་སྐབས་དེ་དུས་ཀྱི་རྒྱ་གར་གྱི་རྒྱལ་པོའི་ལམ་ལུགས་ཀྱི་ཆབ་སྲིད་དང་ཆོས་གཉིས་ཟུང་འཇུག་གི་སྒོ་ནས་རྒྱལ་སྲིད་སྐྱོང་ཐབས་ཤིག་གསུངས་པ་དེ་ལྟར་དུ་བཤད་པར་བྱ་སྟེ། དེ་ཡང་འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་བ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་རྒྱལ་པོའི་ལེའུ་ལས། རྒྱལ་པོ་གཏུམ་པོ་རབ་སྣང་དང་གཅེར་བུ་པའི་ཚུལ་འཛིན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་བདེན་སྨྲ་གཉིས་ཀྱིས་དྲི་བ་དང་། དྲིས་ལན་གྱི་སྒོ་ནས་གསུངས་པ་ཆ་ཚང་འདིར་བཀོད་ནས་འཆད་པ་ལ། ཐོག་མར་ཡོན་ཏན་གྱི་ཡན་ལག་བཅུ་དང་ལྡན་པ་ཞིག་ལ་འོས་པའི་ཆོས་ཀྱི་རྒྱལ་པོའམ་རྒྱལ་པོ་ཆོས་དང་ལྡན་པ་ཞེས་བྱ་བར་གསུངས་ཏེ། མདོ་དེ་ཉིད་ལས། སྨྲས་པ། བྲམ་ཟེ་དེ་ལྟར་བག་ཡོད་ཅིང་སྙིང་རྗེ་དང་ལྡན་པའི་ཆོས་ཀྱི་རྒྱལ་པོ་དེ་ལྟ་བུ་ཡན་ལག་དུ་མ་ཞིག་གིས་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཆོས་དང་ལྡན་པར་འགྱུར། སྨྲས་པ། རྒྱལ་པོ་ཆེན་པོ་རྣམ་པ་བཅུས་ཏེ། གནམ་གྱིས་བསྐོས་པ་ཕུན་སུམ་ཚོགས་པ་དང་། འཁོར་སྲུན་པ་དང་། ཤེས་རབ་ཕུན་སུམ་ཚོགས་པ་དང་། བརྩོན་པ་དང་། ཆོས་ལ་གུས་པ་དང་མཁས་པ་དང་། ངེས་པ་དང་། འཇིག་རྟེན་གྱི་ཀུན་སྤྱོད་རབ་ཏུ་རིག་པར་སྤྱོད་པ་དང་། མི་བདེ་བ་བཟོད་པ་དང་། ཆོས་ལ་ཕྱིན་ཅི་མ་ལོག་པར་འཛིན་པའོ།།དེ་ལ་གནམ་གྱིས་བསྐོས་པ་ཕུན་སུམ་ཚོགས་པའི་རྒྱལ་པོ་ནི། བློན་པོ་དང་། བཀྲབས་པ་དང་། མདའ་ར་བའི་མཆོག་དང་། གྲོང་བརྡལ་གྱི་མི་དང་། ཡུལ་གྱི་མི་རྣམས་ལ་དབེན་ཅིང་གནོད་པ་ཆུང་བ་དང་། ནད་མ་མཆིས་པའི་རང་བཞིན་ཅན་ནོ། །འཁོར་སྲུན་པ་དང་ལྡན་པའི་རྒྱལ་པོ་ནི་རྒྱལ་པོས་བགྱི་བ་ལ་ཚེགས་ཆུང་ངུར་རྟག་ཏུ་བདེ་བར་གནས་ལ། རྒྱལ་པོའི་ཚུལ་ལས་མི་ཉམས་པའོ། །ཤེས་རབ་ཕུན་སུམ་ཚོགས་པའི་རྒྱལ་པོ་ནི་ཆོས་ཀྱིས་སྐྱེ་དགུ་བསྐྱང་བ་ལ་ཐབས་མཁས་ཤིང་བགྱི་བ་རྣམས་ལ་གཞན་གྱིས་དྲིང་མི་འཇོག་པའོ། །
      བརྩོན་པའི་རྒྱལ་པོ་ནི་དགྲ་མ་མཆིས་པས་དགའ་བར་གནས་ཤིང་མཛོད་འཕེལ་བར་བགྱིད་པའོ། །ཆོས་ལ་གུས་པའི་རྒྱལ་པོ་ནི་བསོད་ནམས་ཀྱི་བགྱི་བ་ཡང་མི་གཏོང་ལ་མི་སྲུན་པ་རྣམས་ཚར་གཅོད་པའོ། །མཁས་པའི་རྒྱལ་པོ་ནི་བསམ་པ་མྱུར་དུ་རྫོགས་ཤིང་མཐའ་མི་རིང་བས་བགྱི་བ་དག་ལས་མི་ཉམས་པའོ། །ངེས་པའི་རྒྱལ་པོ་ནི་སྐྱེ་བོ་ཐམས་ཅད་འཁོར་ཞིང་གྲོང་རྡལ་གྱི་མི་དང་། ཡུལ་གྱི་མི་ཐམས་ཅད་ཀྱི་ཡིད་བརྟན་དུ་རུང་བའོ། །འཇིག་རྟེན་གྱི་ཀུན་སྤྱོད་རབ་ཏུ་རིགས་པར་སྤྱོད་པའི་རྒྱལ་པོ་ནི་སྲུན་པ་དང་མི་སྲུན་པའི་བྱེ་བྲག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ལ་ལོངས་སྤྱོད་འདུ་བའི་སྒོ་ཡང་ཆད་པར་མི་བགྱིད་པའོ། །མི་བདེ་བ་བཟོད་པའི་རྒྱལ་པོ་ནི་རྒྱལ་པོའི་བགྱི་བ་ཡང་རྫོགས་པར་སྒྲུབ་ལ་སྡུག་བསྔལ་གྱིས་ཀྱང་མི་འཇིགས་པའོ། །ཆོས་ལ་ཕྱིན་ཅི་མ་ལོག་པར་འཛིན་པ་ནི་ཁྱད་པར་དུ་འགྲོ་བའི་ལམ་ཡང་སྒྲུབ་ལ་དགེ་བའི་བཤེས་གཉེན་དག་དང་ཡང་མ་བྲལ་བའོ། །རྒྱལ་པོ་ཆེན་པོ་ཡན་ལག་བཅུ་པོ་དེ་དག་དང་ལྡན་པའི་ཆོས་ཀྱི་རྒྱལ་པོ་ནི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རྒྱལ་པོ་ཆོས་དང་ལྡན་པ་ལགས་སོ། །ཞེས་གསུངས་སོ། །
      གཉིས་པ་བསམ་པའི་ཀུན་སློང་ཅི་འདྲ་ཞིག་གི་ཐོག་ནས་ཆབ་སྲིད་སྐྱོང་དགོས་པར་བཤད་པ་ལ།
      དངོས་དང་ཞར་བྱུང་གཉིས་ལས། དང་པོ་ནི། ཆོས་ལྡན་གྱི་རྒྱལ་པོ་དེས་རྒྱལ་སྲིད་སྐྱོང་བ་ན། འབངས་རྣམས་ལ་རང་གི་བུ་ཡིན་པའི་འདུ་ཤེས་དང་ཉེས་པ་ཅན་རྣམས་ལ་ནད་པའི་འདུ་ཤེས་འཇོག་པ་སོགས་འབངས་རྣམས་ལ་འཚེ་བ་མེད་ཅིང་བྱམས་དང་བརྩེ་བའི་བསམ་པས་སྐྱོང་དགོས་ལ། དེ་ཡང་འདུ་ཤེས་རྣམ་པ་བརྒྱད་དང་ལྡན་དགོས་པར་གསུངས་ཏེ། དེ་ཉིད་ལས། བྲམ་ཟེ་དེ་ལྟར་སྐྱེ་དགུ་ཡོངས་སུ་བསྐྱང་བ་ལ་བརྩོན་པའི་ཆོས་ཀྱི་རྒྱལ་པོའི་འདུ་ཤེས་ཀྱིས་གནས་པ་རྣམ་པ་དུ་མ་ཞིག་གིས་གནས་པར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་བརྒྱད་ཀྱིས་ཏེ། སྐྱེ་དགུའི་རིས་སུ་གཏོགས་པའི་སེམས་ཅན་རྣམས་ལ་བུའི་འདུ་ཤེས་དང་། མི་སྲུན་པ་རྣམས་ལ་ནད་པའི་འདུ་ཤེས་དང་། སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་འདུ་ཤེས་དང་། བདེ་བ་རྣམས་ལ་དགའ་བའི་འདུ་ཤེས་དང་། དགྲ་རྣམས་ལ་དེའི་རྒྱུས་ཉེས་པའི་འདུ་ཤེས་དང་། མཛའ་བཤེས་རྣམས་ལ་རྗེས་སུ་བསྲུང་བའི་འདུ་ཤེས་དང་། ལོངས་སྤྱོད་རྣམས་ལ་སྨན་གྱི་འདུ་ཤེས་དང་། བདག་ལ་བདག་མེད་པའི་འདུ་ཤེས་སོ། །དེ་ལ་སྐྱེ་དགུའི་རིས་སུ་གཏོགས་པའི་སེམས་ཅན་རྣམས་ལ་བུའི་འདུ་ཤེས་ཀྱིས་གནས་པ་ནི་རྒྱལ་པོ་དེ་ཕས་བུ་བཅོས་པ་ལྟར་མི་སྲུན་པ་ཚར་བཅད་པ་ལ་འཇུག་ཀྱང་སྙིང་རྗེས་བསམ་པ་མི་གཏོང་བའོ། །མི་སྲུན་པ་རྣམས་ལ་ནད་པའི་འདུ་ཤེས་ཀྱིས་གནས་པ་ནི་སྨན་པ་ལྟར་གནོད་པ་ལ་མི་ཁྲོ་ཞིང་སྐྱོན་རབ་ཏུ་བསལ་བའི་སླད་དུ་སྦྱོར་བའོ། །སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་འདུ་ཤེས་ཀྱིས་གནས་པ་ནི་གནོད་པ་ཐམས་ཅད་ཀྱང་ཡོངས་སུ་སྤོང་བར་བགྱིད་པ་དང་། ཕན་པ་བསྒྲུབ་པའི་སླད་དུ་འཇུག་པའོ། །བདེ་བ་རྣམས་ལ་དགའ་བའི་འདུ་ཤེས་ཀྱིས་གནས་པ་དེ་ནི་གཞན་གྱི་ནོར་དང་། གཞན་གྱི་ཡོ་བྱད་ལ་བརྣབ་སེམས་དང་ཕྲག་དོག་གི་སེམས་མི་བསྐྱེད་པའོ། །དགྲ་རྣམས་ལ་དེའི་རྒྱུས་ཉེས་པའི་འདུ་ཤེས་ཀྱིས་གནས་པ་ནི་དེའི་རྒྱུ་ཡོངས་སུ་སྤོང་ཞིང་སྐྱེ་བོ་གཞན་ལྟ་ཅི་སྨོས་ཀྱི། དགྲ་རྣམས་དང་ཡང་མཛའ་བར་བགྱིད་པའོ། །
      མཛའ་བཤེས་རྣམས་ལ་རྗེས་སུ་བསྲུང་བའི་འདུ་ཤེས་ཀྱིས་གནས་པ་ནི་མཛའ་བ་བརྟན་པ་དང་། ཐམས་ཅད་དང་མཛའ་བའོ། །ལོངས་སྤྱོད་རྣམས་ལ་སྨན་གྱི་འདུ་ཤེས་ཀྱིས་གནས་པ་ནི་འདོད་པ་ལ་ལོག་པར་གཡེམ་པས་ཡོངས་སུ་མི་སྤྱོད་ཅིང་ལོངས་སྤྱོད་རྣམས་ལ་མ་ཆགས་པར་ཡོངས་སུ་སྤྱོད་པའོ། །བདག་ལ་བདག་མེད་པའི་འདུ་ཤེས་ཀྱིས་གནས་པ་ནི་ཆོས་དོན་དུ་གཉེར་ཞིང་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་དྲུང་དུ་མཆིས་ཏེ་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་དུ་བགྱི་བ་ལ་འཇུག་པ་སྟེ། ཞེས་གསུངས་སོ། །
      གཉིས་པ་ཞར་བྱུང་ནི། དེ་འདྲའི་རྒྱལ་པོ་དེ་ལ་འབངས་རྣམས་སེམས་དགའ་ནས་ལེགས་སྐྱེས་ཕུལ་བ་ཙམ་གྱིས་ཀྱང་རྒྱལ་པོའི་མཛོད་གང་བར་གསུངས་ཏེ། གོང་གི་འཕྲོས་ལས། རྒྱལ་པོ་ཆེན་པོ་འདུ་ཤེས་ཀྱིས་གནས་པ་བརྒྱད་པོ་དེ་དག་གིས་གནས་པ་ཆོས་དང་ལྡན་པའི་རྒྱལ་པོ་ནི་སྐྱེས་ཕུལ་བ་ཙམ་གྱིས་ཀྱང་ཕྱག་མཛོད་མངོན་པར་འཕེལ་བར་འགྱུར་གྱི། ཆོས་དང་མི་ལྡན་པས་ནི་སྒྱུའི་སྦྱོར་བ་དང་། གཡོའི་རྣམ་པ་ཐམས་ཅད་བསྒྲུབས་ཀྱང་དེ་ལྟར་འཕེལ་བར་མི་འགྱུར་ལགས་སོ། །ཞེས་གསུངས་སོ། །
      གསུམ་པ་ཆབ་སྲིད་དེ་ལག་བསྟར་བྱེད་ཚུལ་གྱི་གལ་འགག་བཤད་པ་ནི། རྒྱལ་པོས་ཆོས་སྲིད་ཟུང་འཇུག་གི་ཆབ་སྲིད་སྐྱོང་བ་ལ་རང་ཉིད་རྩ་བའི་རྩ་དོན་གཉིས་ཀྱི་ཐོག་ནས་བྱ་བ་བསྒྲུབ་དགོས་ཤིང་། རྩ་དོན་གཉིས་པ་ནི་བག་ཡོད་པ་དང་སྙིང་རྗེ་བསྐྱེད་པ་འདི་གཉིས་ཡིན། དེ་ལས་བག་ཡོད་པ་ཞེས་པ་ནི། རྒྱུ་ནོར་ལོངས་སྤྱོད་རྣམས་ལ་མི་རྟག་པ་སོགས་ཀྱི་འདུ་ཤེས་བཞག་ནས་འདོད་ཆུང་ཆོག་ཤེས་ཀྱིས་འཚོ་བར་བྱེད་པ་ལས་རུལ་སུངས་ཀྱི་བྱ་བ་སྣ་ཚོགས་པ་མི་སྒྲུབ་པ་སྟེ། དེ་ཉིད་ལས། རྒྱལ་པོ་ཆེན་པོ་དེ་ལ་ཆོས་དང་ལྡན་པའི་རྒྱལ་པོའི་ལོངས་སྤྱོད་རྣམས་དང་བདག་ཉིད་ཀྱང་མི་རྟག་པར་རྟོགས་ཤིང་དྲན་པ་ཉེ་བར་གཞག་སྟེ། ཉེས་དམིགས་སུ་ལྟ་ཞིང་ངེས་པར་འབྱུང་བ་འཚལ་བས་ལོངས་སྤྱོད་རྣམས་ལ་སྤྱོད་ཅིང་རྒྱལ་པོའི་དབང་ཕྱུག་གི་དབང་བགྱིད་པ་འདི་ནི་དེའི་བག་མཆིས་པ་ལགས་སོ། །ཞེས་གསུངས་སོ། །སྙིང་རྗེ་བ་ཞེས་པ་ནི། མི་དམངས་ཀྱི་ལག་ནས་རྒྱུ་ནོར་མི་འོས་བཞིན་དུ་མི་ལེན་པ་དང་བླངས་ནས་ལོངས་མི་སྤྱོད་པ་དང་། འབངས་རྣམས་སུ་མུ་གེ་བྱུང་བའི་ཚེ་དེ་ལས་སྐྱོབ་པ་དང་ཕྱི་རོལ་གྱི་དགྲ་དང་ནང་གི་ཆོམ་རྐུན་སོགས་ལས་སྐྱོབ་ཅིང་ཕན་འདོགས་པ་སོགས་ཡིན་པར་གསུངས་ཏེ། དེ་ཉིད་ལས། གང་ལ་གནས་ཏེ་མ་ཐོབ་པའི་ལོངས་སྤྱོད་ཀྱི་འབྲས་བུ་ལ་ཉེ་བར་མི་འཚོ་བ་དང་ཐོབ་པ་ལའང་དུས་མ་ཡིན་པར་ཉེ་བར་མི་འཚོ་བ་དང་། དུས་ལ་བབ་ཀྱང་དབུལ་པོ་རྣམས་ལ་གནོད་པ་བགྱིས་ཤིང་ཉེ་བར་མི་འཚོ་བ་དང་། མུ་གེའི་གནོད་པ་ཞིག་བྱུང་ན་སྐྱེ་དགུ་རྣམས་ཀྱི་སྐྱབས་བགྱིད་པ་དང་། ཆོམ་རྐུན་གྱི་གནོད་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་གནོད་པ་དང་། གཅིག་ལ་གཅིག་གནོད་པར་གྱུར་བ་ཞིག་བྱུང་ན་ཡང་དག་པར་ཕན་འདོགས་པར་བགྱིད་པ་དང་། དབུལ་པོ་རྣམས་ལ་ནོར་སྦྱིན་པ་དང་། མི་སྲུན་པ་རྣམས་ལ་ཡང་དག་པར་ཆད་པས་བཅད་པ་འདི་ནི་དེའི་སྙིང་རྗེ་ཞེས་བགྱི་སྟེ། རྒྱལ་པོ་ཆེན་པོ་ཆོས་གཉིས་པོ་དེ་དག་དང་ལྡན་ན་ཆོས་དང་ལྡན་པའི་རྒྱལ་པོ་སྐྱེ་དགུ་ཡང་དག་པར་སྐྱོང་བར་བགྱིད་ཅེས་བགྱི་བ་ལགས་ཏེ། བག་མཆིས་པ་དང་སྙིང་རྗེ་གཉིས་ལགས་སོ། །ཞེས་གསུངས་སོ། །
      བཞི་པ་ཆབ་སྲིད་ཀྱི་རིག་པའི་འབྱུང་ཁུངས་བཤད་པ་ལ་གཉིས་ཏེ། ཆབ་སྲིད་རིག་པ་ལ་མཁས་པའི་སྐྱེས་བུ་ཡ་རབས་རྣམས་ལ་བརྟེན་པ་དང་། དམ་པ་གོང་མ་རྣམས་ཀྱི་གཞུང་ལུགས་ལ་བརྟེན་པའོ། །དང་པོ་ལ་གཉིས་ཏེ། རྒྱལ་པོས་རང་ཉིད་ཀྱིས་ཆབ་སྲིད་ཀྱི་བྱ་བ་སྒྲུབ་ཚུལ་རང་གཅིག་པོ་ཁོ་ནས་ཐག་མི་གཅོད་པར་བྱ་བ་ཐམས་ཅད་ལེགས་མི་ལེགས་དང་ཇི་ལྟར་བྱ་དགོས་པ་རྣམས་ཡུལ་ན་གནས་པའི་མཁས་པ་རྣམས་ལ་བློ་འདྲི་དགོས་པར་གསུངས་ཏེ། དེ་ཉིད་ལས། རྒྱལ་པོ་ཆེན་པོ་ཆོས་དང་ལྡན་པའི་རྒྱལ་པོས་ནི་རང་གི་རིས་ན་ཡ་རབས་སུ་བཏུ་བའི་དགེ་སྦྱོང་དང་བྲམ་ཟེ་མཁས་པ། གསལ་བ་རིག་པ་དང་ལྡན་པ་དེ་དག་གི་དྲུང་དུ་མཆི་ཞིང་དུས་དུས་སུ་དགེ་བ་ནི་གང་མི་དགེ་བ་ནི་གང་ཅི་བྱས་ན་ལེགས་པར་འགྱུར། ཅི་བྱས་ན་སྡིག་པར་མི་འགྱུར་ཞེས་དྲི་བར་བགྱི་ཞིང་དེ་དག་ཆོས་སྟོན་པར་འགྱུར་བའི་སྐབས་དབྱེ་བར་བགྱིའོ། །ཞེས་གསུངས་སོ། །
      གཉིས་པ་མཁས་པ་རྣམས་ཀྱིས་ཇི་ལྟར་བྱ་བ་ནི། མཁས་པ་རྣམས་ཀྱིས་ཀྱང་རྒྱལ་པོས་སྲིད་སྐྱོང་ཚུལ་ལ་སྐྱོན་ཅི་ཡོད་ཐམས་ཅད་ཚིག་འཇམ་པོའི་སྒོ་ནས་ཞུ་དགོས་པར་གསུངས་ཏེ། དེ་ཉིད་ལས། དེ་དག་གིས་ཀྱང་དེ་ལ་རྒྱལ་པོའི་ཚུལ་རྙིང་དག་བསྟན་པར་བགྱི་སྟེ། སྐབས་ཕྱེ་ན་ཚིག་གི་ཚུལ་འཇམ་པོས་སྐྱོན་བརྗོད་པར་བགྱི་སྟེ། དེ་ལྟར་ན་དེས་འདི་ལྟ་སྟེ་ནང་གི་སྟོབས་སམ། ཕྱི་རོལ་གྱི་སྟོབས་ལ་བརྟེན་ཅིང་བདག་ཉིད་མི་སྲུན་པ་ལས་ལེགས་པར་ཆད་པས་བཅད་པར་འགྱུར་རོ། །ཞེས་གསུངས་སོ། །
      གཉིས་པ་དམ་པ་གོང་མ་རྣམས་ཀྱི་གཞུང་ལུགས་ལ་བརྟེན་པ་ནི། ཆོས་སྲིད་ཟུང་འཇུག་གི་ཆབ་སྲིད་དེ་རིག་པའི་གཞུང་ལུགས་གང་ཞིག་ལ་བརྟེན་ནས་བསྐྱང་བར་བྱ་ཞེ་ན། སྔོན་གྱི་སྐྱེས་བུ་དམ་པ་ཆོས་དང་འཇིག་རྟེན་ལ་མཁས་པ་སེམས་ཅན་ལ་ཕན་པར་བརྩོན་པ་རྣམས་ཀྱི་བསྟན་བཅོས་ལ་བརྟེན་ནས་བསྐྱང་དགོས་པར་གསུངས་ཏེ། དེ་ཉིད་ལས། སྨྲས་པ། བྲམ་ཟེ། ཆོས་དང་ལྡན་པའི་རྒྱལ་པོ་ཅི་ལ་གནས་ཤིང་སྐྱེ་དགུ་སྐྱོང་བར་བྱེད། སྨྲས་པ། རྒྱལ་པོ་ཆེན་པོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མ་གཏོགས་པར་གཞན་ནི་བསྟན་བཅོས་ལ་གནས་ཤིང་སྐྱེ་དགུ་སྐྱོང་ལགས་སོ། །ཞེས་དང་། གང་གི་ཚེ་སེམས་ཅན་རྣམས་ཆོས་མ་ལགས་པའི་འདོད་པ་ལ་ཆགས་ཤིང་མི་རིགས་པའི་འདོད་ཆེན་གྱིས་ཟིལ་གྱིས་ནོན་པ་དང་ལོག་པའི་ཆོས་ཀྱིས་འཁོར་བར་གྱུར་པ་དེའི་ཚེ་རྒྱལ་པོ་རྣམས་ཀྱི་རང་རང་གི་སྤོབས་པ་ལ་འབྲི་བར་འགྱུར་ཏེ། དེ་ལ་ཆོས་ཀྱིས་སྐྱེ་དགུ་ཡོངས་སུ་བསྐྱང་བའི་སླད་དུ་དྲང་སྲོང་ཆེན་པོ་རྣམས་བསྟན་བཅོས་དག་བགྱིད་དོ། །ཞེས་གསུངས་སོ། །འོ་ན་བསྟན་བཅོས་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། མི་རྣམས་ཀྱི་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ཞི་བ་དང་བག་ཡོད་དང་སྙིང་རྗེ་སྐྱེད་པར་བྱེད་པ་ཞིག་ཡིན་པར་གསུངས་ཏེ། དེ་ཉིད་ལས། སྨྲས་པ། བྲམ་ཟེ་བསྟན་བཅོས་གང་ལ་ཆོས་དང་ལྡན་པའི་རྒྱལ་པོས་བརྟེན་ཅིང་སྐྱེ་དགུ་སྐྱོང་བར་བྱེད་པའི་བསྟན་བཅོས་གང་ཡིན། སྨྲས་པ། རྒྱལ་པོ་ཆེན་པོ་དེ་ནི་བསྟན་བཅོས་གང་ལས་མི་རིགས་པའི་ཆགས་པ་དང་། མི་རིགས་པའི་ཞེ་སྡང་དང་། མི་རིགས་པའི་གཏི་མུག་གི་གཉེན་པོ་རང་བཞིན་ནམ། རབ་ཏུ་དབྱེ་བའམ། ཕན་ཡོན་གྱི་སྒོ་ནས་བསྟན་པ་སྟེ། དེ་ལ་གཉེན་པོའི་རང་བཞིན་ནི་འདི་ལགས་ཏེ། འདི་ལྟ་སྟེ། དེའི་གཉེན་པོར་འགྱུར་བ་མ་ཆགས་པའི་དགེ་བའི་རྩ་བ་དང་། ཞེ་སྡང་མ་མཆིས་པའི་དགེ་བའི་རྩ་བ་དང་། གཏི་མུག་མ་མཆིས་པའི་དགེ་བའི་རྩ་བ་ལགས་སོ། །དེ་ལ་གཉེན་པོ་ཀུན་ནས་སློང་བ་ནི་འདི་ལགས་ཏེ། འདི་ལྟ་སྟེ། བག་མཆིས་པ་དང་སྙིང་རྗེ་ལགས་སོ། །ཞེས་གསུངས་སོ། །
གཙོ་ངོས།ཤོག་ངོས་གོང་མ།12345ཤོག་ངོས་འོག་མ།ཤོག་ངོས་མཐའ་མ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...