སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅། །མཚོ་སྔོན་ཞིང་ཆེན་གྱི༼ཐོན་མིའི་ཡིག་རྒྱུན༽ཡིག་གཟུགས་གསོ་སྦྱོང་སྐབས་དང་པོའི་གནས་ཚུལ་མཚམས་སྦྱོར།
རྩོམ་པ་པོ། རྒྱ་ཡེ་བཀྲ་བྷོ་སོགས། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-8-4 9:16:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
གཉིས་པ། གསོ་སྦྱོང་འཛིན་གྲྭའི་གདན་ཞུའི་དགེ་རྒན་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས།


༄༅། །གཙང་གི་ཡིག་བྲིས་པ་ཆེན་མོ་ལྷ་ཁང་བློ་བཟང་རྡོ་རྗེ།

     ༄།གཙང་གི་ཡིག་བྲིས་པ་ཆེན་མོ་དགེ་བའི་བཤེས་གཉེན༧ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་ནི། སྤྱི་ལོ1938ལོར་བོད་ལྗོངས་གཞིས་ཀ་རྩེ་གྲོ་མོ་རྫོང་དུས་སྣེ་ཡུལ་ཚོ་རུ་སྐུ་འཁྲུངས། དགུང་ལོ་དགུའི་སྟེང་གཙང་བཀྲ་ཤིས་ལྷུན་པོ་དགོན་དུ་ཕེབས་ཤིང་ལྷ་ཁང་སྐལ་བཟང་ལགས་བསྟེན་ནས་ཡི་གེ་འབྲི་ཀློག་སོགས་ལ་སྦྱང་བརྩོན་གནང་།
     དགུང་ལོ་བཅུའི་སྟེང་མཁན་རིན་པོ་ཆེ་ཞལ་སྔ་ནས་དང་། གང་བླ་བློ་བཟང་དཔལ་ལྡན་དཔལ་བཟང་པོའི་སྐུ་མདུན་དུ་རབ་ཏུ་བྱུང་སྟེ་སངས་རྒྱས་བསྟན་པའི་ཆོས་སྒོར་ཞུགས་ཏེ། མཚན་ལ་བློ་བཟང་རྡོ་རྗེ་ཞེས་གསོལ།  དགེ་བའི་བཤེས་གཉེན་ཆེན་མོ་དཀའ་ཆེན་མགོན་པོ་མཆོག་དང་། རྒན་བློ་བཟང་ལགས། དཀའ་ཆེན་པད་མ་ལགས། གྲུབ་པའི་དབང་ཕྱུག་ཆེན་པོ་དཀའ་ཆེན་ཤེས་རབ་ཚེ་རིང་མཆོག མཁན་རིན་པོ་ཆེ་ཤེས་རབ་ཆོས་དར་མཆོག ཁྱུང་པོ་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་དོན་ཡོད་མཆོག སྔགས་ཆེན་རིན་པོ་ཆེ་བློ་བཟང་ཆོས་གྲགས་སོགས་དགེ་བའི་བཤེས་གཉེན་མང་པོ་བསྟེན་ཏེ། ཡིག་གཟུགས་སུམ་རྟགས་སོགས་རིག་གནས་དང་མདོ་སྔགས་ཀྱི་གཞུང་ཆེན་རྣམས་ལ་སྦྱང་བརྩོན་དཔྱིས་ཕྱིན་པ་མཛད་པས་མཁས་པའི་ཕུལ་དུ་གྱུར།  ༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་མོ་མཆོག་གི་མདུན་ནས་ལམ་རིམ་ཆེན་མོའི་ཁྲིད་དང་། དུས་འཁོར་དབང་ཆེན།  འཇིགས་བྱེད་དཔའ་བོ་གཅིག་པ་ལ་སོགས་པའི་དབང་རྣམས་ཐོབ།
     1956ལོར།  ༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་མོས་བཙུགས་པའི་བཀྲ་ཤིས་ལྷུན་པོའི་རྩེ་སློབ་གྲྭར་ཞུགས་ཤིང་། ཡི་གེའི་དགེ་རྒན་ཟུར་ཁང་ཤར་ལེ་ཚན་པ་དོན་གྲུབ་ཚེ་རིང་སོགས་བསྟེན་ནས་ཡིག་གཟུགས་ཀྱིས་གཙོས་པའི་རིག་གནས་ཆེ་ཆུང་ཀུན་ལ་མུ་མཐུད་དེ་སྦྱང་བརྩོན་གནང་།  སྤྱི་ལོ1960ལོར། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་མོ་མཆོག་ལ་ཡིག་རྒྱུགས་ཕུལ་སྐབས། ཡིག་གཟུགས་ཀྱི་སྦྱངས་འབྲས་ཕུལ་དུ་ཕྱིན་པའི་བྱ་དགའ་ཨང་དང་པོ་དང་། གཟེངས་བསྟོད་ལ་སྐུ་དངོས་ཀྱིས་དངུལ་ཏཱ་ཡང་ལྔའི་གསོལ་རས་གནང་སྟེ་མཐོང་ཆེན་པོ་མཛད། ལོ་དེ་གར་དུས་དབང་གིས་རྩེ་སློབ་གྲྭ་སྒྲུབ་མཚམས་འཇོག་དགོས་པ་བྱུང་། 1961ལོར། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་མོ་མཆོག་གིས་བཙུགས་པའི་རིགས་གཅིག་རྐང་འཛིན་དུ་ཞུགས་ཏེ་ཚད་མ་རྣམ་འགྲེལ་ལ་ཐོས་བསམ་སློབ་གཉེར་མང་དུ་བྱས་ཤིང་། ༧ལ་ཁ་དཀའ་ཆེན་པ་ལགས་ཀྱི་སྐུ་མདུན་ནས་བོད་ཀྱི་ལོ་རྒྱུས་སོགས་ཀྱང་སྦྱངས། 1963ལོར། དཀའ་ཞང་རིན་པོ་ཆེ་བློ་བཟང་ཡོན་ཏན་མཆོག་གི་དྲུང་ནས་བསྙེན་པར་རྫོགས། 1964ལོར་དུས་དབང་གིས་རིགས་གཅིག་རྐང་འཛིན་དེ་ཡང་མཚམས་འཇོག་དགོས་པ་བྱུང་།     
     1983ལོར། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་མོ་མཆོག་གཙང་ལྗོངས་སུ་རང་གི་གདན་ས་བཀྲ་ཤིས་ལྷུན་པོར་ཕེབས་ནས། དེ་སྔོན་བཙུགས་པའི་རྩེ་སློབ་གྲྭའི་ཡིག་གཟུགས་ཀྱི་བྲིས་རྒྱུན་སོགས་མུ་མཐུད་དུ་སྤེལ་དགོས་པའི་བཀའ་སློབ་གནང་ཞིང་། དགོན་པའི་རྒན་རབས་ཚོས་སྣེ་ཁྲིད་དེ་གྲྭ་མང་གིས་མགོན་པོ་གང་གི་བཀའ་དགོངས་བཞིན་སློབ་གྲྭ་བསྐྱར་འཛུགས་བྱས་ཤིང་། དགེ་བའི་བཤེས་གཉེན་བློ་བཟང་རྡོ་རྗེ་མཆོག་དང་དགེ་བའི་བཤེས་གཉེན་ཚེ་ཆོས་ལགས་སློབ་གྲྭའི་ཡིག་གཟུགས་དགེ་རྒན་དུ་བསྐོས། 1985ལོར། ཡིག་རྒྱུགས་ཕུལ་སྐབས་དགེ་བའི་བཤེས་གཉེན་བློ་བཟང་རྡོ་རྗེ་མཆོག་གི་བྲིས་གཟུགས་རྨད་དུ་བྱུང་བས། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་མོ་མཆོག་གིས་བཀྲ་ཤིས་ལྷུན་པོའི་བྲིས་རྒྱུན་གང་དེ་ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་སོགས་ཀྱིས་མུ་མཐུད་དུ་སློབ་ཁྲིད་གནང་ནས་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པའི་བཀའ་ཕབ་པར་མ་ཟད། སྐུ་ངོ་མས་ན་བཟའ་སྟོད་གོས་རེ་གནང་སྟེ་རེ་སྐུལ་ཆེན་པོ་གནང་།
     ད་ལྟ་དགེ་བའི་བཤེས་གཉེན་བློ་བཟང་རྡོ་རྗེ་མཆོག་གིས་གཙང་བཀྲ་ཤིས་ལྷུན་པོ་དགོན་དུ་གཙང་བྲིས་ཚུགས་ཆེན་དང་། ཚུགས་ཆུང་། ཚུགས་མ་འཁྱུག་སོགས་ཡིག་གཟུགས་ཀྱིས་གཙོས་པའི་ཐུན་མོང་རིག་གནས་སྙན་ངག་དང་བརྡ་སྤྲོད་སོགས་དཔེ་ཁྲིད་གནང་མུར་བཞུགས་ཡོད་ལ། ཁོང་གི་ལྗགས་རྩོམ་ལ་ཡིག་གཟུགས་བྲིས་རྒྱུན་མིག་གི་བདུད་རྩི་དང་།  སྙན་འགྲེལ་རང་སེམས་དྲན་པ་གསོ་བའི་ཨ་དར་ཤ ལེགས་བཤད་ལྗོན་དབང་གི་གཞུང་འགྲེལ་བློ་གསལ་བུང་བ་མགུ་བའི་དྲི་བསུང་སོགས་བཞུགས།
 

༄།གཙང་གི་ཡིག་བྲིས་པ་ཆེན་མོ་ལྷ་ཁང་བློ་བཟང་རྡོ་རྗེས་ཕྱག་བྲིས་གནང་བའི་གཙང་བྲིས་ཚུགས་ཆེན་གྱི་དཔེ་མཚོན།

༄།གཙང་གི་ཡིག་བྲིས་པ་ཆེན་མོ་ལྷ་ཁང་བློ་བཟང་རྡོ་རྗེས་ཕྱག་བྲིས་གནང་བའི་
གཙང་བྲིས་ཚུགས་ཆུང་དང་ཚུགས་མ་འཁྱུག་གི་དཔེ་མཚོན།

༄༅། །ཁམས་ཀྱི་ཡིག་བྲིས་པ་ཆེན་མོ་མཆོག་སྤྲུལ་མི་ཕམ་རྣམ་རྒྱལ།
     ༄།ཁམས་ཀྱི་ཡིག་བྲིས་པ་ཆེན་མོ༧འབྲུག་པ་མི་ཕམ་རྣམ་རྒྱལ་ནི། སྤྱི་ལོ1966ཕྱི་ཟླ3ཚེས3ལ།  ཁམས་ནང་ཆེན་ཀ་གཞུང་གོང་པ་ཚང་དུ་སྐུ་འཁྲུངས། དགུང་ལོ་བཅུ་བཞི་པ་ནས་ཀ་བཀྲ་ཤིས་དགོན་གྱི་ཆོས་གྲྭར་ཞུགས་ཏེ་འབྲི་ཀློག་དང་། ཆོ་ག་ཆོས་སྤྱོད། གཏོར་བཟོ་དཀར་རྒྱན། ཐིག་རྡུལ་མཚོན་སོགས་ལ་སྦྱངས། ཁྱད་པར་དུ་བོད་ཀྱི་ཡིག་བྲིས་པ་ཆེན་མོ་མཁས་དབང་མཆོག་སྤྲུལ་པདྨ་འགྱུར་མེད་དང་། གོང་པ་དགེ་གྲགས། རྒན་བརྩོན་འགྲུས་ཆོས་འཕེལ་སོགས་ཀྱི་མདུན་ནས་ཁམས་བྲིས་དང་། ལཉྫ།  ཝརྟུ་སོགས་ལ་སྦྱངས་ཤིང་། ཁོང་གི་མཁྱེན་རབ་དང་སྦྱང་འབྲས་ལ་དགེ་རྒན་རྣམས་ཀྱིས་བསྔགས་པའི་མེ་ཏོག་གཏོར།  དེ་རྗེས་འབྲི་གུང་བཀའ་བརྒྱུད་རྡོ་རྗེ་དབྱིངས་གཙུག་ལག་སློབ་གཉེར་ཁང་དུ་ནང་ཆོས་དང་། ཚན་རིག  སྐད་ཡིག  གཞུང་བྲིས་སོགས་ལ་སྦྱངས།
     གཞན་ཡང༧འབྲི་གུང་སྐྱབས་མགོན་རྡོ་རྗེ་འཆང་མཆོག་དང་། ༧སྟག་ལུང་ཞབས་དྲུང་རིན་པོ་ཆེ། ༧སྐྱབས་རྗེ་ཨ་ལྡེའུ་རིན་པོ་ཆེ། ༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ། གྲུབ་དབང་སེང་གྲགས་རིན་པོ་ཆེ། མཁན་ཆེན་རྟོགས་གྲོལ། སྒྲུབ་དཔོན་བླ་མ་བསོད་ནམས་འབྱོར་འཕེལ་སོགས་རིས་མེད་མཚན་ལྡན་གྱི་སྐྱེས་ཆེན་དུ་མའི་ཞབས་ལ་གཏུགས་ཏེ་དབང་ཁྲིད་གདམས་ཟབ་དུ་མ་མནོས་ཤིང་། དབེན་པའི་རི་ཁྲོད་དུ་ལོ་བཞི་ལྷག་སྒྲུབ་པ་ལ་རྩེ་གཅིིག་ཏུ་གཞོལ།
     2000ལོ་ནས་བཟུང་འཛམ་གླིང་གི་ཡུལ་གྲུ་དུ་མར་ནང་ཆོས་དང་། བོད་ཀྱི་རིག་གནས་དང་སྒྱུ་རྩལ་ཐུན་མོང་མ་ཡིན་པ་སོགས་ངོ་སྤྲོད་དང་འཆད་སྤེལ་བགྱིས་པས་མཁས་པའི་གྲགས་སྙན་རྒྱས། 2007ལོར།  སྐྱེ་རྒུ་བོད་རིགས་རང་སྐྱོང་ཁུལ་དུ་ནོར་གླིང་དཔེ་མཛོད་ཁང་གསར་བཞེངས་ཤིང་། 2004ལོར། ༧དཔལ་འབྲུག་པའི་གདན་ས་ཆེན་མོ་བདེ་ཆེན་ཆོས་འཁོར་གྱི་སྒྲུབ་སྡེ་ཉམས་གསོ་གསར་བཞེངས་གནང་། 2011ལོར། ཝ་ལུང་མདོ་སྔགས་ཆོས་འཁོར་གླིང་གི་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་བཞེངས་ལེགས་གྲུབ་མཛད།
     སྐུ་ཉིད་སྒྱུ་རྩལ་རིགས་མཐའ་དག་ལ་དགའ་མོས་ཆེ་བ་དང་། ཁྱད་པར་བོད་ཀྱི་ཡིག་གཟུགས་སྣ་མང་ལ་བྱང་ཆུབ་པས།  བཀའ་བརྒྱུད་བྲབ་བྲིས་ཀྱི་བརྒྱུད་འཛིན་པ་ཆེན་པོར་གྱུར་པ་དང་། ནང་བྲིས་ནོར་བུ་མ་ཞེས་པའི་བྲིས་གཟུགས་དང་། བོད་ཀྱི་གཉེན་སྟོན་མཚོན་རྟགས་སོགས་གསར་གཏོད་གནང་། ཁོང་གི་སྒྱུ་རྩལ་བརྩམས་ཆོས་ལ་རྒྱལ་ཁབ་ཕྱི་ནང་ནས་གཟེངས་བསྟོད་ཀྱི་བྱ་དགའ་མང་དུ་ཐོབ་ཅིང་མཁས་དབང་མང་པོས་བསྔགས་བརྗོད་རྒྱ་ཆེར་བྱས།
     ད་ལྟ་ཁོང་གིས་བོད་ཀྱི་ཡིག་གཟུགས་སོགས་ཐུན་མོང་མ་ཡིན་པའི་བོད་ཀྱི་སྒྱུ་རྩལ་རྣམས་མི་ཉམས་གོང་འཕེལ་གཏོང་བའི་ཕྱིར། འཛམ་གླིང་གི་ཡུལ་གྲུ་དུ་མར་སྒྱུ་རྩལ་བརྩམས་ཆོས་ཀྱི་འགྲེམ་སྟོན་དང་ངོ་སྤྲོད་སོགས་ཀྱི་ཕྱག་ལས་གནང་མུར་བཞུགས་སོ། །

༄།ཁམས་ཀྱི་ཡིག་བྲིས་པ་ཆེན་མོ་མི་ཕམ་རྣམ་རྒྱལ་གྱིས་ཕྱག་བྲིས་གནང་བའི་བཀའ་བརྒྱུད་བྲབ་བྲིས་ཀྱི་དཔེ་མཚོན།
༄།ཁམས་ཀྱི་ཡིག་བྲིས་པ་ཆེན་མོ་མི་ཕམ་རྣམ་རྒྱལ་གྱིས་ཕྱག་བྲིས་གནང་བའི་ནང་བྲིས་ནོར་བུ་མའི་དཔེ་མཚོན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...