སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅།། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་སྐོར་གྱི་སྲོལ་ཡིག
རྩོམ་པ་པོ། འབྲུག་བྱམས་རྒྱལ། རྩོམ་སྒྲིག་པ། Michung དུས་ཚོད། 2017-6-6 16:33:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

2012ལོའི་ཟླ3པའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་སྟེང་གྲོས་འཆམ་བྱུང་།
         དོན་ཚན་དང་བོ།  ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་བྱ་བར་ཤུགས་སྣོན་དང་།  ཁྲིམས་ལྟར་རྒྱལ་སྐྱོང་གི་ཇུས་གཞི་ལག་བསྟར་དངོས་འབེབས།  སྤྱི་དམངས་ཀྱི་ཁྲིམས་ལུགས་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་འཛུགས་པ་བཅས་ཀྱི་ཆེད་དུ།  རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་བཅས་གཞིར་བཟུང་སྟེ།  རང་ཞིང་ཆེན་གྱི་དོན་དངོས་དང་སྦྲེལ་ནས་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།
          དོན་ཚན་གཉིས་པ།  རང་ཞིང་ཆེན་གྱི་སྲིད་འཛིན་ས་ཁོངས་ནང་གི་རྒྱལ་ཁབ་ལས་ཁུངས་དང་།  སྤྱི་ཚོགས་ཚོགས་པ།  ཁེ་ལས་དོན་ལས་སྡེ་ཚན་དང་དེ་མིན་རྩ་འཛུགས་གཞན་པས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་སྐབས་སྲོལ་ཡིག་འདི་སྤྱད་ན་འཕྲོད་པ་ཡིན།
          དོན་ཚན་གསུམ་པ།  ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་གཞི་རྩའི་ལས་འགན་ནི།  རྩ་ཁྲིམས་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་རྩ་བའི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་།  རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཇུས་ཐག་གཅོད་པ་དང་།  སྲིད་འཛིན་དབང་ཆ་ཁྲིམས་ལྟར་སྤྱོད་པ།  ཁྲིམས་འཛིན་དྲང་གཞག་བྱེད་པ་བཅས་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ།  སྤྱི་ཚོགས་ཚོགས་པ་དང་།  ཁེ་ལས་དོན་ལས་སྡེ་ཚན།  རྩ་འཛུགས་གཞན་དག་གི་ཁྲིམས་ལྟར་ལས་སྒྲུབ་དང་།  དྲང་རྟོན་ཁྲིམས་བརྩི་ལ་སྐུལ་འདེད་གཏོང་བ།  སྤྱི་དམངས་ཀྱི་སྣེ་ཁྲིད་དེ་བཅའ་ཁྲིམས་ལ་སློབ་སྦྱོང་དང་།  བཅའ་ཁྲིམས་བརྩི་སྲུང་།  བཅའ་ཁྲིམས་བཀོལ་སྤྱོད་བཅས་བྱས་ཏེ་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་བཅས་ཡིན།
         དོན་ཚན་བཞི་བ།  ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་བྱ་བར་ཕྱོགས་ཡོངས་ནས་འཆར་འགོད་བྱས་ཐོག   རྒྱུན་ལྡན་སློབ་གསོ་དང་གཅིག་བསྡུས་སློབ་གསོ་ཟུང་འབྲེལ་བྱེད་པ་དང་།  ཁྱབ་གདལ་སློབ་གསོ་དང་གཙོ་གནད་སློབ་གསོ་ཟུང་འབྲེལ་བྱེད་པ།  དྲིལ་སྒྲོག་སློབ་གསོ་དང་ཁྲིམས་སྐྱོང་ལག་ལེན་ཟུང་འབྲེལ་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་།  སློབ་གསོ་མྱོང་མཁན་མི་འདྲ་བར་གཞིགས་ནས་སློབ་གསོའི་ནང་དོན་གཏན་འཁེལ་བྱས་ཏེ།  ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་དམིགས་གཏད་རང་བཞིན་དང་ནུས་ལྡན་རང་བཞིན་ཇེ་དྲག་ཏུ་གཏོང་དགོས།
         དོན་ཚན་ལྔ་བ།  ཁྲིམས་ལུགས་དྲིལ་སྒྲོག་སློབ་གསའི་བྱ་འགུལ་སྤེལ་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ལས་འགན་འཁྲི་ཡིན། 
         ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་ཁ་གཏད་ཡུལ་ནི་སློབ་གསོ་དང་ལེན་བྱེད་ཐུབ་པའི་སྤྱི་དམངས་ཐམས་ཅད་ཡིན་ལ།  གཙོ་བོ་ནི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་པ་དང་།  སྲིད་འཛིན་ཁྲིམས་སྐྱོང་མི་སྣ།  ཁྲིམས་འཛིན་མི་སྣ།  གཞོན་ནུ་ལོ་ཆུང་དང་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་མི་སྣ་སོགས་ཡིན། 
        དོན་ཚན་དྲུག་པ།  མི་རིགས་རང་སྐྱོང་ས་ཆ་དང་གྲངས་ཉུང་མི་རིགས་འདུས་སྡོད་ས་ཆ་ནས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་ན།  ས་ཆ་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་རིགས་གཅིག་གམ་དུ་མ་བེད་སྤྱོད་བྱེད་དགོས། 
        དོན་ཚན་བདུན་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་བྱ་བ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་འཆར་འགོད་དང་སྲིད་གཞུང་གི་སྤྱི་བའི་ཞབས་ཞུའི་མ་ལག་ནང་དུ་བཅུག་ཐོག   ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་འཆར་འགོད་གཏན་འབེབས་བྱས་ཏེ།  རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞུ་དགོས། 
        རྒྱལ་ཁབ་ལས་ཁུངས་དང་།  སྤྱི་ཚོགས་ཚོགས་པ།  ཁེ་ལས་དོན་ལས་སྡེ་ཚན་དང་རྩ་འཛུགས་གཞན་དག་གིས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་བའི་འཆར་འགོད་དང་།  ལོ་འཁོར་བྱ་བའི་འཆར་གཞི་གཏན་འབེབས་བྱེད་དགོས་པ་དང་།  དེ་མཚུངས་ཀྱི་ལས་ཁུངས་དང་མི་སྣ་གཏན་འཁེལ་བྱས་ནས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་བར་འགན་འཁུར་དགོས། 
        ཡུལ་ཚོ(མི་རིགས་ཡུལ་ཚོ་དང་གྲོང་རྡལ)མི་དམངས་སྲིད་གཞུང་དང་། སྲང་ལམ་དོན་གཅོད་ཁང་གིས་སྡེ་དམངས(སྡོད་དམངས་དང་འབྲོག་དམངས)ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བར་རྩ་འཛུགས་དང་མཛུབ་སྟོན་བྱེད་དགོས།
སྡེ་དམངས(སྡོད་དམངས་དང་འབྲོག)ཨུ་ཡོན་ལྷན་ཁང་གིས་ཆེད་ལས་སམ་ཡང་ན་ཞོར་ལས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་པ་གཏན་འཁེལ་བྱས་ཏེ་མངའ་ཁུལ་ནང་གི་སྡེ་དམངས(སྡོད་དམངས་དང་འབྲོག་དམངས)ཀྱི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་བར་འགན་འཁུར་དགོས།
        དོན་ཚན་བརྒྱད་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་སྲིད་འཛིན་སྲིད་འཛིན་ས་ཁོངས་དེའི་ནང་གི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་བར་འགན་འཁུར་ཏེ་གཤམ་གསལ་འགན་འཁྲི་དག་བསྒྲུབ་དགོས།
         (གཅིགཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ།  དེ་མིན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་ཆོད་དོན་སོགས་ལག་ལེན་མཐར་ཕྱིན་བྱེད་པ།
         (གཉིསསྲིད་འཛིན་ས་ཁོངས་དེའི་ནང་གི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་འཆར་འགོད་རྩ་འཛུགས་ལག་བསྟར་བྱེད་པ་དང་།  ལོ་འཁོར་འཆར་གཞི་གཏན་འབེབས་ལག་བསྟར་བྱེད་པ།  ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་ནང་དོན་དང་གཙོ་གནད་གཏན་འཁེལ་བྱེད་པ།
        (གསུམཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་བྱ་བར་རྩ་འཛུགས་དང་།  མཐུན་སྦྱོར།  མཛུབ་སྟོན།  ཞིབ་བཤེར་བཅས་བྱེད་པ། 
        (བཞི) ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་སྦྱོར་བརྡར་དང་།  རྒྱུགས་ལེན།  དཔྱད་ཞིབ་བཅས་ཀྱི་བྱ་བར་འགན་འཁུར་བ། 
        (ལྔ) ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་བའི་ཉམས་མྱོངས་ཕྱོགས་བསྡོམས་དང་ཁྱབ་གདལ་དུ་གཏོང་པ།
        (དྲུག) ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་སྐོར་གྱི་བསླབ་གཞི་བསྒྱུར་སྒྲིག་དང་པར་བསྐྲུན་བྱེད་པ། 
        (བདུན) ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་སྐོར་གྱི་བྱ་བ་གཞན་དག་བསྒྲུབ་པ།
       དོན་ཚན་དགུ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་བའི་འགྲོ་གྲོན་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་དུ་བཞག་ནས་ཆེད་དངུལ་ཆེད་སྤྱོད་བྱེད་དགོས།
       དོན་ཚན་བཅུ་བ།  རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་ ལས་ཁུངས་དང་།  སློབ་གྲྭ། ཁེ་ལས།  གྲོང་གསེབ། སྡེ་ཁུལ།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་སུ་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བར་སྐུལ་འདེད་གཏོང་དགོས། 
       དོན་ཚན་བཅུ་གཅིག་པ། ཁྲིམས་འཛིན་ལས་ཁུངས་དང་།  སྲིད་འཛིན་ཁྲིམས་སྐྱོང་སྡེ་ཁག་གིས་ཁྲིམས་འཛིན་མི་སྣ་དང་སྲིད་འཛིན་ཁྲིམས་སྐྱོང་མི་སྣར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཀྱི་སློབ་གསོ་བཏང་ནས།  ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དང་ཁྲིམས་འཛིན་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་བཅའ་ཁྲིམས་ལ་སློབ་སྦྱོང་དང་།  བཅའ་ཁྲིམས་བརྩི་སྲུང་།  བཅའ་ཁྲིམས་བཀོལ་སྤྱོད་བཅས་ཀྱི་མིག་དཔེ་བྱེད་དགོས། 
      དོན་ཚན་བཅུ་གཉིས་པ། སྤྱི་བདེ་དང་།  དམངས་སྲིད།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལ་སོགས་པའི་སྲིད་འཛིན་སྡེ་ཁག་གིས་རྒྱུན་འཁོར་མི་འབོར་དང་།  ལས་ཤོར་མི་སྣ།  གྲོང་ཁྱེར་དུ་ཡོང་བའི་ལས་གཉེར་མི་སྣ་བཅས་ལ་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་དགོས།
      དོན་ཚན་བཅུ་གསུམ་པ། སྤྱི་བདེ་དང་།  ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་བཙན་ཉར་བྱས་པའི་དོགས་ཡོད་ཉེས་ཅན་དང་།  སྲིད་འཛིན་བཀག་ཉར་མི་སྣ།  ཁྲིམས་ཆད་ཁུར་བའི་མི་སྣ། ངལ་རྩོལ་སློབ་སྐྱོང་མི་སྣ། བཙན་ཤེད་ཀྱིས་ཟུར་བཀག་དུག་གཅོད་བྱེད་མཁན།  བསྡུ་ཉར་སློབ་སྐྱོང་མི་སྣ་དང་སྡེ་ཁུལ་གྱི་ཡོ་བསྲང་ལེགས་བཅོས་མི་སྣ་བཅས་ལ་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་དགོས།
      སྡེ(སྡོད་དམངས་དང་འབྲོག་དམངས)དམངས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་ཁྲིམས་ཆད་ཁུར་ཡུན་ལོངས་ནས་བཙོན་བཀྲོལ་བཏང་བའི་མི་སྣ་དང་།  ངལ་རྩོལ་སློབ་གཅུན་མེད་པར་བཟོས་པའི་མི་སྣར་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་དགོས།
      དོན་ཚན་བཅུ་བཞི་བ།  སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་གཞི་རྩའི་ཁྲིམས་ལུགས་ཤེས་བྱ་སློབ་ཁྲིད་འཆར་གཞིའི་ནང་དུ་བཀོད་ནས་ལག་བསྟར་བྱེད་དགོས། 
      སློབ་གྲྭས་སློབ་ཚན་སློབ་ཁྲིད་དང་།  ཆེད་དོན་འཆད་ཁྲིད།  སློབ་ཕྱིའི་བྱེད་སྒོ་ལ་སོགས་པའི་རྣམ་པ་བརྒྱུད་ནས།  སློབ་མར་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་དགོས། 
      སློབ་གྲྭ་ཆུང་འབྲིང་གིས་ཁྲིམས་ལུགས་ཀྱི་ཤེས་བྱ་ལྡན་པའམ་ཡང་ན་སྲིད་འཛིན་ཁྲིམས་སྐྱོང་དང་ཁྲིམས་འཛིན་བྱ་བའི་ཉམས་མྱོང་ལྡན་པའི་མི་སྣ་གདན་འདྲེན་ཞུས་ནས་ཁྲིམས་ལུགས་སློབ་གསོའི་སློབ་གཙོ་གཞོན་པའམ་ཡང་ན་སྒྲིག་ཁྲིམས་ཟུར་ཁྲིད་པའི་ལས་འགན་འཁུར་དུ་བཅུག་སྟེ།  སློབ་གྲྭས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བར་རོགས་འདེགས་བྱེད་དགོས།    
      རྒྱལ་ཁབ་ལས་ཁུངས་དང་།  སྤྱི་ཚོགས་ཚོགས་པ། ཁེ་ལས་ལས་དོན་སྡེ་ཚན་དང་རྩ་འཛུགས་གཞན་དག་བཅས་ཀྱིས་རང་རང་གི་འགན་ནུས་ལ་ཟུང་འབྲེལ་གྱིས་གཞོན་ནུ་ལོ་ཆུང་རྣམས་ལ་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་ནས། རྒྱལ་ཁབ་དང་།  སློབ་གྲྭ། ཁྱིམ་ཚང་།  སྤྱི་ཚོགས་བཅས་ཟུང་དུ་འབྲེལ་བའི་གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་དྲ་རྒྱ་འཐུས་ཚང་དུ་གཏོང་དགོས། 
      དོན་ཚན་བཅོ་ལྔ་བ།  དཔལ་འབྱོར་དོ་དམ་སྡེ་ཁག་དང་།  ལས་རིགས་དོ་དམ་སྡེ་ཁག་གིས་རང་རང་གི་འགན་འཁྲི་ལྟར།   ཁེ་ལས་གཉེར་སྐྱོང་གི་དོ་དམ་མི་སྣ་དང་།  སྒེར་གཉེར་བཟོ་ཚོང་ཐེམ་དུད་ལ་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་དགོས། 
      དོན་ཚན་བཅུ་དྲུག་པ། རིག་གནས་དང་།  གསར་འགྱུར།  པར་སྐྲུན། རྒྱང་སྒྲོག་བརྙན་འཕྲིན་ལ་སོགས་པའི་སྲིད་འཛིན་སྡེ་ཁག་གིས་རྣམ་པ་འདྲ་མིན་གྱི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་དགོས། 
      ཚགས་དེབ་དང་།  རྒྱང་སྒྲོག  བརྙན་འཕྲིན།  དྲ་རྒྱ་སོགས་ཐུན་མོང་སྨྱན་བྱད་ཀྱིས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་ལེ་ཚན་སྤེལ་ནས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་སྐོར་གྱི་ཆ་འཕྲིན་དང་སྤྱི་ཕན་བརྡ་ཁྱབ་འགོད་གཏོང་བྱེད་དགོས་པ་དང་།  རིག་རྩལ་ཚོགས་པས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྣ་ཚོགས་སྤེལ་དགོས།
      དོན་ཚན་བཅུ་བདུན་པ།  བཟོ་ཚོགས་དང་།  གུང་གཞོན་ཚོགས་པ།  བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་སྐྱོན་མཉམ་ལྷན་ཚོགས་བཅས་ཀྱིས་རང་རང་གི་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ཏེ།  ལས་བཟོ་བ་དང་།  གཞོན་ནུ་ལོང་ཆུང་།  བུད་མེད།  དབང་བོ་སྐྱོན་ཅན་བཅས་ལ་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་དགོས།
      དོན་ཚན་བཅོ་བརྒྱད་པ། ཆོས་ལུགས་ལས་དོན་དོ་དོམ་སྡེ་ཁག་དང་།  ཆོས་ལུགས་ཚོགས་པས་ཆོས་ལུགས་ལས་སྒྲུབ་མི་སྣ་རྩ་འཛུགས་བྱས་ཏེ་ཁྲིམས་ལུགས་ཤེས་བྱ་གསོ་སྦྱོང་དང་།  དད་ལྡན་མང་ཚོགས་ལ་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་དགོས།
      དོན་ཚན་བཅུ་དགུ་བ། རིམ་པ་ཁག་དང་རིགས་སོ་སོའི་གསོ་སྦྱོང་ལས་ཁུངས་ཀྱིས་ བཅའ་ཁྲིམས་ཀྱི་གཞི་རྩའི་ཤེས་བྱ་དང་འབྲེལ་ཡོད་ལས་སྒོའི་བཅའ་ཁྲིམས་ཤེས་བྱ་སློབ་ཁྲིད་དང་གསོ་སྦྱོང་གི་འཆར་གཞིའི་ནང་དུ་བཅུག་ནས་ལག་བསྟར་བྱེད་དགོས། 
      དོན་ཚན་ཉི་ཤུ་བ། ཁྲིམས་ལུགས་རིག་པའི་སློབ་གསོའི་ལས་ཀ་བྱེད་མཁན་དང་། བཅའ་ཁྲིམས་ལས་དོན་པ། བཅའ་ཁྲིམས་ཆེད་ལས་ཀྱི་སློབ་མ་སོགས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་ནང་ཞུགས་པར་བསྔགས་སྐུལ་བྱེད་པ་དང་།  འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་གྱིས་བཅའ་ཁྲིམས་བློ་འདྲི་དང་།  ཁྲིམས་ལུགས་འཆད་ཁྲིད་ལ་སོགས་པའི་བྱེད་སྒོ་སྤེལ་བར་གཞོགས་འདེགས་བྱེད་དགོས། 
      ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་དང་བླངས་པའི་དཔུང་སྡེ་འཛུགས་པར་བསྔགས་སྐུལ་བྱས་ཏེ།  ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་དང་བླངས་པའི་སྤྱི་ཕན་བྱེད་སྒོ་སྤེལ་དགོས།
      དོན་ཚན་ཉེར་གཅིག་པ། རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་བ་དེ་སྤྱི་ཚོགས་དོ་དམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་།  བསམ་པའི་དཔལ་ཡོན་གྱི་འཛུགས་སྐྲུན།  སྲིད་གཞུང་གི་དམིགས་ཚད་དོ་དམ་དང་བྱས་འབྲས་དཔྱད་ཞིབ་བཅས་ཀྱི་ནང་དོན་དུ་འཇུག་དགོས། 
      རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དོན་ལས་སྡེ་ཚན་དང་རྩ་འཛུགས་གཞན་དག་བཅས་ཀྱིས་ལས་ཁུངས་དེ་གའི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་བར་ཞིབ་བཤེར་དང་དཔྱད་ཞིབ་བྱེད་དགོས།
      ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་ལས་ཁུངས་སོ་སོའི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་བྱ་བའི་འཆར་འགོད་དང་།  ལོ་འཁོར་འཆར་གཞི་དངོས་འབེབས་བྱས་པའི་གནས་ཚུལ་ལ་དུས་རིམ་རང་བཞིན་ནམ་སྤྱི་ཡོངས་ཀྱི་སྒོ་ནས་དཔྱད་ཞིབ་བྱེད་དགོས།
      དོན་ཚན་ཉེར་གཉིས་པ།  ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་བར་རྒྱུགས་ལེན་དང་། དཔྱད་ཞིབ་ལམ་ལུགས་ལག་བསྟར་བྱེད་དགོས་ཤིང་། རྒྱུགས་ལེན་དང་། དཔྱད་ཞིབ་ཀྱི་བྱ་བ་དེ་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་བསྡེབས་ཀྱིས་བསྒྲུབ་དགོས། 
      རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དོན་ལས་སྡེ་ཚན་དང་རྩ་འཛུགས་གཞན་དག་བཅས་ཀྱི་ལས་སྒྲུབ་མི་སྣ་གཏན་འབེབས་ལྟར་གཅིག་གྱུར་གྱི་ཁྲིམས་སློབ་ཁྲིམས་སྤྱོད་སྐོར་གྱི་རྒྱུགས་ལེན་ལ་ཞུགས་དགོས། 
      གཞུང་ཞབས་པ་བསྡུ་ལེན་བྱེད་པ་དང་།  འགན་གནས་སྤོར་བའམ་དོན་ལས་སྡེ་ཚན་གྱི་ལས་བྱེད་པ་གདན་ཞུ་བྱེད་པ་བཅས་ཀྱི་སྐབས་སུ།  འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཤེས་བྱ་ངེས་པར་དུ་རྒྱུགས་གཞི་དང་དཔྱད་ཞིབ་ཀྱི་ནང་དོན་དུ་འཇུག་དགོས། 
      འགོ་ཁྲིད་ལས་བྱེད་པས་འགན་མ་བཞེས་པའི་སྔོན་ལ་བཅའ་ཁྲིམས་ཤེས་བྱའི་རྒྱུགས་ལེན་དགོས་པའི་ལམ་ལུགས་ལག་བསྟར་བྱེད་དགོས། 
      དོན་ཚན་ཉེར་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་བའི་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་རྩ་འཛུགས་དང་མི་སྒེར་ལ་གཟེངས་བསྟོད་དམ་ཡང་ན་བྱ་དགའ་སྤྲོད་དགོས།
      དོན་ཚན་ཉེར་བཞི་བ། སྲོལ་ཡིག་འདིའི་གཏན་འབེབས་ལག་ཏུ་མི་བསྟར་བའམ་ཡང་ན་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་དཔྱད་ཞིབ་ཚད་མི་ལོན་པའི་ལས་ཁུངས་ལ།  ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་བཀའ་བསྒོས་ནས་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་དགོས་ཤིང་།  དུས་ཡུན་བརྒལ་ནས་ཡོ་བསྲང་མི་བྱེད་པ་ལ།  རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་གིས་དེའི་ངན་མཚང་ཡོངས་སུ་བསྒྲགས་ནས་སྐྱོན་བརྗོད་བྱེད་དགོས། 
      སྲོལ་ཡིག་འདིའི་གཏན་འཁེལ་ལ་རྒྱབ་འགལ་བྱས་ཏེ།  རྒྱུ་མཚན་མེད་པར་ཁྲིམས་སློབ་ཁྲིམས་སྤྱོད་ཀྱི་རྒྱུགས་ལ་མི་ཞུགས་པའི་གནས་ཚུལ་བྱུང་ན།  ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གམ་ཡང་ན་ཁོངས་གཏོགས་ལས་ཁུངས་ཀྱིས་སྐྱོན་བརྗོད་སློབ་གསོ་བྱེད་པ་དང་།  བཀའ་བསྒོས་ནས་དུས་བཀག་ལྟར་བསྐྱར་རྒྱུགས་ལེན་དུ་འཇུག་དགོས། 
      དོན་ཚན་ཉེར་ལྔ་བ།  ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་གྲོན་དངུལ་གཞན་སྤྱོད་དང་།  བཙན་འགོག   ཧམ་ཟ།  བཙན་བཟུང་བཅས་བྱེད་མཁན་ལ།  རིམ་མཚུངས་མི་དམངས་སྲིད་གཞུང་གི་གཙོ་སྐྱོང་སྡེ་ཁག་གིས་བཀའ་བསྒོས་ནས་དུས་བཅད་ལྟར་ཕྱིར་སློག་བྱེད་དུ་འཇུག་དགོས་པ་དང་།  ཐད་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་དངོས་སུ་འཁུར་བའི་མི་སྣ་གཞན་དག་ལ།  འབྲེལ་ཡོད་སྡེ་ཁག་གིས་ཆད་པ་གཅོད་དགོས་ཤིང་།  ཉེས་བསགས་ཀྱི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་འདེད་དགོས། 
      དོན་ཚན་ཉེར་དྲུག་པ།  སྲོལ་ཡིག་འདི2012ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་དགོས། 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...