སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གཞས་པ་དཔལ་ཆེན་དབང་རྒྱལ་ལ་བཅར་འདྲི་བྱས་པ།
རྩོམ་པ་པོ། བདའ་ཚང་སྙེམས་གྲོལ རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-25 9:45:00 རྩོམ་ཁུངས། རྫ་ཆུའི་རླབས་སྒྲ། ཀློག་གྲངས།
ནང་དོན།  དེང་གཞས་གསར་རྩོམ་གྱི་ལམ་བུ།
བཅར་འདྲི་བྱེད་མཁན།  སྙན་ངག་པ་བདའ་ཚང་སྙེམས་གྲོལ།
ས་གནས། དབུས་ལྷ་སའི་ཡང་རྩེ་ཁོ་ཧྥེ་ཁང་།
དུས་ཚོད།  ཕྱི་ལོ2017ལོའི་ཟླ8པའི་ཚེས17ཉིན།

དྲི་བ། ཡ་གཞས་པ་དཔལ་ཆེན་དབང་རྒྱལ་སྐུ་ཁམས་བཟང་། ཐོག་མར་ཁྱེད་ཀྱིས་ངེད་རྫ་ཆུའི་རླབས་སྒྲའི་མུ་འབྲེལ་བཅར་འདྲིའི་ལེ་ཚན་ལ་ཐུགས་ཁུར་བྱས་པ་བཀའ་དྲིན་ཆེ་ཞུ་བ་དང་། དེ་ནས་ཁྱེད་རང་ལྟ་བུར་མཚོན་ན་སྤྱི་ཚོགས་སུ་ཤུགས་རྐྱེན་ཆེ་བའི་མི་སྣ་ཞིག་ཡིན་རུང་། མི་མང་པོ་ཞིག་ལ་ཞིབ་གསལ་གྱི་རྒྱུས་ལོན་མེད་པས་ཁྱེད་ཀྱིས་རང་ཉིད་མཚམས་སྦྱོར་ཞིག་བྱས་ན་ག་འདྲ་འདུག
ལན།  རེད་རེད། དེ་ནས«རྫ་ཆུའི་རླབས་སྒྲར»དོ་ཁུར་བྱེད་པའི་གཟིགས་མོ་པ་ལྷན་རྒྱས་སྐུ་ཁམས་བཟང་། ང་ནི་གཞས་པ་དཔལ་ཆེན་དབང་རྒྱལ་ཡིན། དེ་ནས་ཐོག་མར་ང་རང་ངོ་སྤྲོད་ཅིག་བྱས་ན། ཕ་ཡུལ་ཡུལ་ཤུལ་ནང་ཆེན་གྱི་འབྲོག་པ་ཞིག་ཡིན། ཆུང་དུས་ལོ་ངོ་བཅུ་ཕྲག་ལ་མ་བུད་ཙམ་གྱི་བར་དུ་རྩྭ་ཐང་ནས་རྩྭ་ཐང་གི་འཚོ་བ་དེ་ལོངས་སུ་སྤྱད་ནས་ཡོང་བ་ཡིན། དེའི་རྗེས་སུ་ངའི་ཕ་མ་གཉིས་ཀྱིས་ང་ཚོ་བུ་ཕྲུག་ཚོའི་མདུན་ལམ་དང་སློབ་སྦྱོང་གི་ཕྱོགས་སུ་དམིགས་ཏེ། ནོར་ལུག་དང་རྩྭ་ས་སོགས་ཡོངས་སུ་བསྐྱུར་ཏེ་ནང་ཆེན་རྫོང་དུ་གནས་སྤར་བ་ཡིན། དེ་ནས་བཟུང་། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་པར་བཏོན་ནས་ཡོང་བ་ཡིན། བར་ཞིག་ཏུ་གླུ་དབྱངས་ལེན་རྒྱུའི་གོ་སྐབས་ཤིག་རེག་པ་དང་། གླུ་དབྱངས་ལེན་རྒྱུ་དེ་སོ་སོའི་སེམས་ཀྱི་དགའ་ཕྱོགས་ཤིག་ཏུ་གྱུར་ནས་གླུ་དབྱངས་གཏོང་བའི་ཕྱོགས་སུ་འབད་འབུངས་འདྲ་བྱས་པ་མ་ཟད། ད་ལྟའི་བར་དུ་རྒྱུན་འཁྱོངས་བྱས་པ་ཡིན།

དྲི་བ། ཉེ་བའི་ལོ་འདི་དག་གི་རིང་ལ། བོད་ཀྱི་ཡུལ་གྲུ་སོ་སོ་ནས་གཞོན་སྐྱེས་མང་པོ་ཞིག་གིས། གཞས་ཚིག་ཡིན་ནའང་འདྲ། དབྱངས་རྟ་ཡིན་ནའང་འདྲ། བརྙན་མིག་གི་མཚོན་སྟངས་ཡིན་ནའང་འདྲ། ཕྱོགས་གང་ཅིའི་ཐད་ནས་སྔོན་མ་དང་བསྡུར་ན་ཐོད་བརྒལ་གྱི་ཆ་མང་པོ་ཡོད་པའི་གཞས་གཏོང་གིན་འདུག ཁྱེད་རང་ཡང་དེའི་གྲས་ཀྱི་དཔེར་མཚོན་མི་སྣ་ཞིག་རེད། འདྲི་རྒྱུ་གཙོ་བོ་ཞིག་ལ། ཁྱེད་རང་འདི་ལྟ་བུའི་ལམ་ཁ་ཞིག་བསྐྱོད་པར་དམིགས་བསལ་གྱི་རྒྱུ་རྐྱེན་ཅི་ཡོད་དམ།
ལན།  རེད་རེད། དྲི་བ་འདྲི་རྒྱུ་དེ་ངོ་མ་དོན་དག་གལ་ཆེན་ཞིག་རེད། ག་རེ་རེད་ཟེར་ན། སྤྱིར་བཏང་འཛམ་བུ་གླིང་གི་ན་གཞོན་ཚོས་རང་གི་སེམས་ཁམས་དང་མཐུན་པའི་གཞས་མང་པོ་དྲ་རྒྱ་སོགས་བརྒྱུད་ལམ་མང་པོ་ནས་སྐབས་ཐོག་སྐབས་ཐོག་ལ་ཉན་ཐུབ་ཀྱི་ཡོད་རེད། ཡིན་ནའང་། ད་ལྟའི་བོད་ཀྱི་ན་གཞོན་ཚོར་མཚོན་ན་ན་གཞོན་གྱི་སེམས་ཁམས་དང་འཚམས་པའི་ཧ་ཅང་ཉུང་བ་རེད། ང་རང་ལ་མཚོན་ན། ལོ་ངོ་བཅུ་ཕྲག་ཅིག་གི་རིང་ལ་གཞས་བཏང་ནས་ཡོང་བ་ཡིན། གླུ་དབྱངས་དང་། དམངས་གླུ།  སོག་གླུ་སོགས་མང་པོ་བཏང་མྱོང་ཡོད། འོན་ཀྱང་། འཛམ་བུ་གླིང་ངམ་རྒྱལ་སྤྱིའི་འགྲོ་སྟངས་མཐུན་པའི་གཞས་གཏོང་སྟངས་ཤིག་སྟེ། རྒྱའི་སྐད་དུ་流行音乐ཟེར་བ་འདིར་ཉན་ནས་བག་ཆགས་འདྲ་བོ་ཙམ་ཡོད་པ་མ་གཏོགས་སྦྱོང་བ་ཡག་པོ་བྱས་ཡོད་པ་མ་རེད། དེ་ནས་ངས་རང་གི་འཚོ་བ་དང་། རང་གི་སེམས་ཁམས། ལྷག་པར་བོད་ཀྱི་རིག་གནས། བོད་མིའི་གཤིས་ཀ བོད་ཀྱི་སྐད་ཆ་བཤད་སྟངས་ཚུན་ཆད་ལ་དོ་སྣང་བྱས་ཤིང་། དེ་དག་རྨང་གཞི་བྱས་པའི་སྟེང་ནས་འཛམ་གླིང་གི་འགྲོ་སྟངས་དང་ཡང་མཐུན་པའི་གཞས་ཤིག་བཏང་ན་དབྱངས་རྟ་གང་འདྲ་ཞིག་དགོས་སམ་སྙམ་པའི་བསམ་བློ་རྟག་ཏུ་འཁོར་གྱི་ཡོད། དེ་ལྟ་བུའི་བསམ་བློའི་རྒྱབ་ལྗོངས་ཤིག་གི་འོག་ནས་རིམ་གྱིས་རིམ་གྱིས་དེང་གཞས་གཏོང་བའི་ལམ་འདིར་ཞུགས་པ་རེད།
དྲི་བ། ཁྱེད་ཀྱི་ཚབ་མཚོན་བརྩམས་ཆོས«བོད་ཀྱི་གཅེས་ཕྲུག»གི་དབྱངས་རྟ་རྩོམ་སྟངས་དེ་ཐུན་མོང་མ་ཡིན་པ་ཞིག་རེད། སྤྱིར་ན་བོད་ཀྱི་དབྱངས་རྟ་མང་ཆེ་བས་སྙན་ཆ་ཁོ་ན་རྩལ་དུ་བཏོན་ནས་བརྩམས་འདུག ཡིན་ནའང་། ཁྱེད་ཀྱི་དབྱངས་རྟ་དེ་དེ་འདྲ་ཞིག་མ་ཡིན་པར། ཆེས་སྤྱིར་བཏང་གི་དབྱངས་ཀྱི་རྣམ་པ་ཞིག་ལ་དྲངས་ནས་བླངས་འདུག དེ་ནི་ནང་སེམས་དང་ཆེས་ཐག་ཉེ་བ་ལྟ་བུའི་སྣང་བ་ཞིག་འགོག་མེད་དུ་སྐྱེས་སུ་འཇུག དབྱངས་རྟ་འདི་རྩོམ་དུས་རྒྱབ་ལྗོངས་དམིགས་བསལ་བ་ཡོད་དམ།
ལན།  གཞས་འདི་དང་ངའི་ལས་དབང་གི་ཐད་ནས་བཤད་ན། དང་པོར་རྒན་སངས་དོན་ལགས་དང་ངེད་གཉིས་མཉམ་དུ་བསྡད་པའི་སྐབས་ཤིག་ལ། ཁོང་གིས“ངས་དཔེ་ཆ་ཞིག་ལ་བལྟས་པ་ཡིན”ཟེར། “དཔེ་ཆ་དེའི་ནང་ལོགས་ལ་རྩེད་ར་གཅིག་གི་ནང་ནས་འཚར་ལོངས་བྱུང་བའི་བུ་ཕྲུག་བཞི་ཡོད་ཅིང་། ཕྱིས་སུ་ཁོ་ཚོས་མི་ཚེའི་ལམ་ཁ་མི་འདྲ་བ་རེ་རེ་དེད་ནས་བུད་སོང་བ་རེད། སྒྲུང་དེར་བལྟས་ཚེ་སོ་སོའི་མི་ཚེའི་བྱུང་རིམ་ལ་པར་བརྒྱབ་པ་དང་འདྲ་བོ་འདུག”ཟེར། “ཁྱེད་ཀྱིས་དཔེ་ཆ་དེར་གཅིག་ལྟོས་ལ་དཔེ་ཆ་དེ་རྒྱབ་ལྗོངས་ལ་བཞག་ནས་གཞས་ཤིག་བརྩམས་ན་འགྲིག་ས་རེད། རྒྱུ་མཚན་ག་རེ་ཡིན་ཟེར་ན། དེབ་དེ་རྩོམ་མཁན་གྱི་རྩོམ་པ་པོ་ལྷ་བྱམས་རྒྱལ་དང་ཁོང་གཉིས་གྲོགས་པོ་ཡིན་པས་གཞས་ཚིག་རྩོམ་པར་བསྐུལ་མ་ཞུས་ཆོག་པ་རེད”ཅེས་གསུངས་སོང་།  དེ་ནས་ཕྲན་གྱིས“དེ་ནི་དཔེ་ཡག་པོ་འདུག”ཅེས་ཁོང་ལ་འབྲེལ་བ་བྱེད་དུ་བཅུག་པ་ཡིན། དེ་ནས་རྒན་ལྷ་བྱམས་རྒྱལ་གྱིས་ཐོག་མར«བོད་ཀྱི་གཅེས་ཕྲུག»ཅེས་པའི་གཞས་ཚིག་ཅིག་བརྩམས་པ་རེད། དེ་ནི་རྩོམ་དུས་རྒན་ཁོང་གིས་ངའི་གཞས«མེ་ཏོག་སྒྲོལ་དཀར»ཞེས་པ་དེ་ལ་ཉན་ནས་བྲིས་པ་ཡིན་ཙང་། གཞས་ཚིག་དེར་དབྱངས་ཤིག་བཟོ་དགོས་ཚེ། དབྱངས་འགྲོས་སྙན་མོ་དང་མཛེས་པོ་དེ་འདྲ་ཞིག་བཟོ་དགོས་ཀྱི་འདུག  དེ་ནས་ངའི་ད་ལོའི་གླུ་གཞས་གསར་རྩོམ་གྱི་ཁྲོད་དུ་དེ་ལྟ་བུའི་གཞས་ཚིག་ཅིག་མཁོ་ཡིན་མི་འདུག རྣམ་པ་གཞན་ལྟར་དུ་རྩོམས་ཤིག་ཅེས་ཡང་བསྐྱར་བསྐུལ་བ་ཡིན། དེ་ནས་ཁོང་གིས་ད་ལྟའི་གཞས་ཚིག་དེ་ལམ་སེང་བྲིས་ནས་བསྐུར་བྱུང་། གཞས་ཚིག་དེ་མཐོང་ནས་ང་རང་དཔེ་དགའ་པོ་བྱུང་སོང་། གཞས་ཚིག་དེར་བྲོ་བ་ཁྱད་པར་བ་ཞིག་འདུག ད་ནི་དེ་ལ་དངོས་གནས་གཞས་ཚིག་དེའི་བྲོ་བ་མངོན་འགྱུར་བྱེད་ཐུབ་པའི་དབྱངས་རྟ་ཞིག་དགོས་ཀྱི་འདུག ཡིན་ནའང་། ང་ཚོ་བོད་ཀྱི་སྔོན་མའི་དབྱངས་རྟ་རྩོམ་སྟངས་ལྟར་བརྩམས་ན་གཞས་ཚིག་དེའི་བྲོ་བ་སོགས་རྩ་བ་ནས་མཚོན་ཐུབ་ཀྱི་མི་འདུག གཞས་ཚིག་དེ་ལ་སྔ་ཕྱིར་གདངས་མི་འདྲ་བ་གསུམ་བརྩམས་པ་ཡིན་མོད་གཞས་ཚིག་གི་ཉམས་དང་བྲོ་བ་དེ་མཚོན་ཐུབ་ཀྱི་མི་འདུག ཉིན་ཞིག་ང་རང་ཟི་ལིང་དུ་སོང་ཞིང་། ངའི་རོལ་དབྱངས་སྒྲིག་སྦྱོར་པ་རྒན་ཏན་ཏན་དང་། ངའི་སྤུན་ཆུང་པ་ཡག་ཟེར་ཡ། ད་ལྟ་ཨ་ནུ་ཚན་སྡེབ་ཀྱི་ནང་ན་བུ་ཕྲུག་ཅིག་ཡོད་པ་དེ་རེད། ཁོང་གཉིས་ལ་ང་ལ་དེ་འདྲའི་གཞས་ཚིག་ཡག་པོ་ཞིག་ཡོད་ཅེས་གཞས་ཚིག་གི་རྒྱབ་ལྗོངས་དང་བཅས་པ་ངོ་སྤྲོད་བྱས་པ་ཡིན། དེ་ནས་ངས“ཁྱེད་ཀྱི་སྐྲ་ལོ་སྒུལ་མཁན་བསིལ་རླུང་མ་རེད”ཅེས་བླངས་ཤིང་འདི་ལྟ་བུའི་དབྱངས་ཤིག་དགོས་ཀྱི་འདུག་ཅེས་གྲོས་བྱས་ཤིང་། དེ་ནས་ང་ཚོས་མཉམ་དུ་སྐར་མ་བཅོ་ལྔ་ཡར་མར་ཞིག་གི་ནང་ལོགས་ལ་དབྱངས་དེ་བརྩམས་ནས་གྲུབ་པ་རེད། གཞས་དེ་བརྩམས་པའི་གོ་རིམ་དེ་འདྲ་ཞིག་ཡིན། སྤྱིར་བཏང་གཞས་ཤིག་རྩོམ་པའི་སྒང་ལ་དཀའ་ངལ་དེ་ཙམ་དེ་ཙམ་ཡོད་ཀྱང་། བརྩམས་ནས་འགྲུབ་པའི་རྗེས་སུ་སེམས་ངལ་དེ་ཡང་རེ་ཞིག་དྭངས་འགྲོ་ཡིན་འདུག

དྲི་བ། ཁྱེད་ལ་མཚོན་ན་གླུ་དབྱངས་ལེན་རྒྱུ་ཁོ་ན་ཙམ་མ་ཡིན་པར་པར་ལེན་སྒྱུ་རྩལ་སོགས་ལས་ཀ་གཞན་ཡང་གཉེར་གྱིན་འདུག་ལ། ལས་ཀ་མི་འདྲ་བ་དེ་དག་གིས་ཕན་ཚུན་གཅིག་གིས་གཅིག་ལ་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་རོགས་དན་བྱ་ཐུབ་བམ།  ཡང་ན་ལས་རིགས་མི་འདྲ་བའི་བར་ན་འགལ་འབྲེལ་ཅི་ཞིག་འདུག
ལན། ང་ཆུང་དུས་སློབ་ཆུང་གི་སྐབས་སུ་ང་ལ་ཨ་ཁུ་ཞིག་ཡོད། ངའི་ཨ་ཕའི་སྤུན་ཆུང་བ་རེད། ཁོང་གྲྭ་པ་རེད། ཁོང་ཡིན་ན་ས་ཆ་ག་ས་གང་དུ་ཕེབས་འགྲོ་མཁན་ཞིག་རེད། ཁོང་རྒྱ་ནང་སོགས་ལ་ཕེབས་ནས་ཕྱིར་ཡུལ་ལ་ལོག་དུས་པར་རིས་མང་པོ་ཡོད་པའི་དཔེ་ཆ་མཐུག་པོ་དེ་འདྲ་འཁྱེར་ཡོང་གི་འདུག དེ་མིན་ངའི་ཕ་རྒན་ལྟ་བུར་དཔེ་བཞག་ན་གླིང་སྒྲུང་ལ་དཔེ་དགའ་པོ་ཡོད་པ་རེད། ཁོང་ལ་སྒྲུང་དཔེ་མང་པོ་ཡོད་པ་རེད། དཔེ་ཆ་དེ་དག་གི་ནང་ན་རི་མོ་སྣ་ཚོགས་ཡོད་པས་ང་རང་ཆུང་དུས་དེ་དག་ལ་བལྟ་རྒྱུར་དགའ་པོ་ཡོད། ཉིན་ཞིག་ལ་ངའི་ཨ་ཁུ་དེས་པར་ཆས་ཤིག་བསྣམས་ནས་སླེབས་འདུག པར་ཆས་དེའི་བརྙན་མཆུ་ཡར་ལ་འཐེན་མར་ལ་འཐེན་སོགས་བྱེད་པས་ཡ་མཚར་ཆེན་པོ་བྱུང་སོང་། དེ་ནས་བཟུང་པར་ཆས་ཤིག་ཡོད་ན་སྙམ་པ་དང་པར་རྒྱག་པར་དགའ་པོ་བྱུང་མྱོང་། རྗེས་སུ་གྲོགས་པོ་ཚོར་པར་ཆས་འདྲ་གཡར་ནས་རི་མགོ་སོགས་སུ་པར་བརྒྱག་ཏུ་ཕྱིན་མྱོང་། གནས་སྐབས་ཤིག་གི་རིང་སློབ་སྦྱོང་གི་དབང་གིས་པར་རྒྱག་ཡ་སོགས་ཀྱི་དུས་ཚོད་རེག་མ་སོང་། དེའི་རྗེས་སུ་གཞས་གཏོང་དུ་ས་ཆ་ག་ས་གང་དུ་ཕྱིན་ནས་སོ་སོའི་ལག་ཏུའང་དངུལ་ཏོག་ཙམ་ཏོག་ཙམ་ཡོང་གི་འདུག དེ་ནས་ཉིན་ཞིག་པར་ཆས་ཤིག་ཉོས་པ་ཡིན། པར་ཆས་དེ་བཟུང་སྟེ་རོགས་པ་ཁ་ཤས་ལ་ཁྱེད་ངའི模特འདྲ་པོ་བྱོས་ཞེས་ས་ཆ་ཡག་སར་སོང་ནས་པར་བརྒྱབ། པར་ཡག་པོ་རྣམས་བཀྲུས་ནས་ཁོ་ཚོར་སྤྲད་པ་ཡིན། ང་གཞས་གཏོང་བར་ས་ཆ་ག་ས་གང་དུ་འགྲོ་བའི་སྒང་ལ། མི་འདྲ་མི་འདྲ་དང་། ཡུལ་སྲོལ་གོམས་གཤིས་འདྲ་མི་འདྲ།  ཡུལ་ལྗོངས་འདྲ་མི་འདྲ་སྣ་ཚོགས་ལ་འཕྲད་དུས་སོ་སོའི་སེམས་ནང་ལ་ཚོར་བ་སྣ་ཚོགས་འོང་གི་འདུག དེ་དུས་པར་ཆས་བཟུང་ནས་པར་འདེབས་པའི་གོམས་གཤིས་ཤིག་ཆགས་སོང་། དེས་ངའི་སེམས་ནང་ལའང་ཚོར་བ་འདྲ་མི་འདྲ་སྐྱེད་པར་བྱེད་པས་ངའི་གཞས་གཏོང་བའི་ཚོར་བ་ལའང་ཕན་ཐོགས་ཞེ་དྲག་འདུག རྗེས་སུ་ང་རང་ཉི་མ་ལྷ་སར་འབྱོར་ནས་རོགས་པ་ཁ་ཤས་དང་མཉམ་དུ་པར་ཞིག་རྒྱག་ཅེས་ལབ་པ་ཡིན། དེ་ནས་ང་ཚོ་ཕ་བོང་ཁར་སོང་སྟེ་པར་འགའ་བརྒྱབ་ནས་དྲ་ཐོག་ཏུ་བཞག་པ་ན་རྒྱའི་པར་ལེན་པ་གྲགས་ཅན་ཁ་ཤས་ཀྱིས་ཀྱང་པར་ཡག་པོ་བརྒྱབ་འདུག་ཅེས་བསྐུལ་མ་བྱས་འོང་གི་འདུག དེ་ནས་དགའ་སྤྲོ་དཔེ་མེད་བྱུང་སོང་། རྗེས་སུ་གྲོགས་པོ་འགའ་དང་མཉམ་དུ་དེ་འདྲའི་ཀུང་ཟི་ཞིག་འཛུགས་དགོས་ཀྱི་འདུག་ཅེས་སྐད་ཆ་ལབ་ནས་དེ་ལྟར་བཙུགས་པ་ཡིན།
དྲི་བ། བོད་ཀྱི་གླུ་དབྱངས་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་ཐུན་མོང་མ་ཡིན་པ་ཞིག་ཡིན་དགོས་པ་དང་། དེང་རབས་གླུ་དབྱངས་ནི་འཛམ་གླིང་རང་བཞིན་ཅན་ཞིག་ཡིན་དགོས་པ་དེ་གཉིས་ལ་ཁྱོད་ཀྱིས་འགལ་འབྲེལ་གྱི་ལྟ་ཚུལ་གང་འདྲ་བཟུང་ཡོད།
ལན།  ངས་བསམ་ན་དེ་ལ་གནས་ཚུལ་རིགས་གཉིས་འདུག་སྙམ་སོང་། བོད་ཀྱི་སྲོལ་རྒྱུན་གྱི་གླུ་ནི་སྲོལ་རྒྱུན་གྱི་གླུའི་ངོ་བོ་ནས་རང་སོར་བཞག་ན་འགྲིག་གི་རེད་སྙམ། དཔེ་བཞག་ན། བོད་ཀྱི་ས་ཆ་གཙང་མ་ཞིག་ནས་སྐྱེས། དེའི་ཁོར་ཡུག་དང་འཚོ་བའི་ཁྲོད་ནས་ལག་ཆགས་པ་ཞིག་དང་། ཆ་རྒྱུས་མེད་པ་ཞིག་གི་ཚོར་བ་འདྲ་ཡི་མ་རེད། དེ་བས་སྲོལ་རྒྱུན་གྱི་གཞས་དེ་སྲོལ་རྒྱུན་གྱི་ངོ་བོ་ནས་བཞག་ན་འགྲིག་པར་སྙམ་པ་དང་།  དེ་རིང་ཁ་རྩང་ལ་མཚོན་ན། སྔོན་མ་དང་མི་འདྲ་བར་གཞས་ལྟ་བུ་ལ་མཚོན་ནའང་། གནའ་དེང་གཉིས་ཀྱི་འདྲེས་མདོ་ལྟ་བུ་ཞིག་ཏུ་གྱུར་འདུག ད་ལྟའི་ང་ཚོའི་སེམས་ཁམས་དང་བསམ་བློ། འཚོ་བ་སོགས་དེང་གཞས་ཀྱིས་དགོས་པས་ངའི་བསམ་ཚུལ་ལ་དེ་གཉིས་ཁ་ཁར་བཞག་སྟེ་སོང་ན་ཡག་པར་སྙམ།
དྲི་བ། མི་ཕལ་ཆེ་བས་གཞས་ལ་རོལ་མྱོང་བྱེད་པ་ལས། གཞས་དེའི་རྒྱབ་ལྗོངས་ན་གཞས་པ་དང་དབྱངས་མཁན། གཞས་ཚིག་རྩོམ་མཁན། འཁྲབ་འཁྲིད་སོགས་ཀྱིས་རྔུལ་ཆུ་གྲངས་མེད་ཅིག་གཏོར་ཡོད་པ་འདང་ཅུང་ཟད་ཙམ་ཡང་རྒྱག་གིན་མི་འདུག  དེས་ན་ཁྱེད་ཀྱིས་གཞས་ཤིག་བརྩམས་པའི་བརྒྱུད་རིམ་ངོ་ཞིག་སྤྲད་ན་ཆོག་གམ།
ལན། རེད་རེད། དེ་ལྟ་བུའི་དཀའ་ངལ་མང་པོ་ང་རང་སོ་སོར་འཕྲད་མྱོང་ཡོད། དཔེར་ན་དཔལ་འབྱོར་གྱི་དཀའ་ངལ་ལྟ་བུ་རེད། གཞས་ཚིག་རྩོམ་མཁན་ལ་རྩོམ་ཡོན་སྤྲོད་དགོས་པ་དང་། དབྱངས་དང་རོལ་མོ་སྒྲ་ལེན་བརྙན་ལེན་སོགས་རིམ་བཞིན་ཡོན་སྤྲོད་དགོས་པ་རེད། དཀའ་ངལ་དེ་དག་ཆ་ཚང་མྱོང་མཁན་གཞས་པ་གཅིག་པུ་རེད། ཡིན་ནའང་། སོ་སོས་གཞས་གཏོང་བ་བློ་ཐག་རྦད་ཆོད་ཀྱིས་འདུན་མ་ཞིག་ཏུ་བརྩིས་ཡོད་པས་ཅུང་དྲག་པ་མ་གཏོགས། དཀའ་ངལ་ངོ་མ་ཆེ་བར་འདུག ཡིན་ནའང་། ལེགས་འགྲུབ་བྱུང་བའི་རྗེས་སུ་སེམས་ནང་གི་སྡུག་བསྔལ་དང་དཀའ་ངལ་མཐའ་དག་རིམ་གྱིས་ཡལ་འགྲོ་ཡིན་འདུག
དྲི་བ། བོད་ཀྱི་གླུ་བ་གླུ་མ་གང་ཇི་སྙེད་ཅིག་གིས་དཔེ་ཆ་བཀླག་རྒྱུ་དེ་རང་དང་འབྲེལ་མེད་དོན་གཞན་ལྟ་བུར་བརྩི་ཡིན་འདུག ཁྱེད་རང་ལ་དཔེ་ཀློག་གི་གོམས་གཤིས་ཡོད་དམ།
ལན། ང་རང་སློབ་གྲྭ་ནས་གཞས་གཏོང་བའི་ལམ་དུ་ཞུགས་པ་ནས་བཟུང་། དཔེ་ཀློག་གི་གོ་སྐབས་ཞེ་དྲག་ཡག་པོ་རེག་མ་སོང་། ཡིན་ནའང་། ལྷ་སར་ཡར་ལོག་པ་ནས་བཟུང་། དུས་ཚོད་ལྷོད་པ་འདྲ་རེད། རང་ཉིད་ཀྱི་སེམས་ཁམས་ཀྱང་ལྷོད་པོ་འདྲ་ཡིན་ཙང་། དཔེ་ཆ་ཀློག་གིན་ཡོད། གློག་བརྙན་སྐོར་གྱི་དཔེ་ཆ་དང་། རོལ་དབྱངས་སྐོར་གྱི་དཔེ་ཆ། སེམས་ཁམས་སྐོར་གྱི་དཔེ་ཆ་སོགས་འདྲ་མི་འདྲ་མང་པོར་བལྟས་པ་ཡིན། དཔེ་ཆ་ལ་བལྟས་ན་ངོ་མ་ཕན་ཐོགས་ཞེ་དྲག་འདུག དཔེར་ན། དོ་ཞག་ངས་དཔེ་ཆ་ཞིག་ལ་ལྟ་བཞིན་ཡོད། «པདྨ་ཚེ་བརྟན་དང་འཕྲད་པ»ཞེས་པའི་རྒྱ་ཡིག་གི་དཔེ་ཆ་ཞིག་ལ་ལྟ་ཡིན་ཡོད། ཁོང་གིས་དེའི་ནང་དུ་གློག་བརྙན་བཟོས་པའི་རྒྱབ་ལྗོངས་མང་པོ་ཞིག་བཤད་འདུག་པས། ད་བཟོད་གློག་བརྙན་དེར་ཡང་རོལ་མྱོང་བྱེད་ཐུབ་ཀྱི་འདུག  དེ་བས་དཔེ་ཆར་བལྟས་ན་ཕན་ཐོགས་ཞེ་དྲག་ཞེ་དྲག་ཡོད་པར་འདུག ཡིན་ནའང་། ང་རང་དཔེ་ཆ་མང་པོར་ལྟ་ཐུབ་མཁན་ཞིག་མིན། འོན་ཀྱང་། ཁོམ་དུས་ཁོམ་དུས་དཔེ་ཆར་བལྟས་པ་ཡིན།
དྲི་བ། དེ་ནས་ཁྱེད་ཀྱི་ཀུང་ཟི་ངོ་སྤྲོད་ཅིག་བྱས་ན།
ལན།  ང་ཚོའི་ཀུང་ཟི་ནི་《གདོང་སྒྲ་བརྙན་སྒྲོག་སྤེལ་ཚད་ཡོད་མཐུན་གཉེར》ཞེས་པ་དེ་རེད། ང་ཚོའི་ལས་ཀ་གཙོ་བོ་གློག་བརྙན་གྱི་སྐོར་དང་། རོལ་མོའི་སྐོར། པར་ལེན་རྒྱུ་སོགས་རེད། དེ་དག་ལས་ཀྱང་གཙོ་བོ་ནི་བརྙན་གྱི་སྐོར་རེད།
དྲི་བ། ཉེ་བའི་ལོ་འདི་གའི་རིང་ལ་བོད་ཀྱི་གསར་སྐྱེས་གཞས་པ་དག་གིས་བོད་ཀྱི་སྲོལ་རྒྱུན་གྱི་གཞས་གཏོང་སྟངས་དེ་ལ་འགྱུར་ལྡོག་འབྱུང་དུ་བཅུག་སོང་། དཔེར་ན། ཚིག་དང་དབྱངས། ལེན་སྟངས་སོགས་ཕྱོགས་གང་ཐད་ནས་གསར་བ་གསར་རྐྱང་གི་ལམ་ཁ་ཞིག་ལ་ཕྱོགས་བཞིན་འདུག དེ་མཚུངས་སུ། གཞས་གཏོང་སྟངས་དེ་འདྲ་ལ་དགའ་མོས་བྱེད་མཁན་གྱི་གཞོན་སྐྱེས་ཀྱང་མང་པོ་ཞིག་འདུག དེ་འདྲའི་གཞས་གསར་གཏོང་མཁན་ནི་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་གི་འདུག ཁྱེད་རང་སྲོལ་རྒྱུན་ལས་བརྒལ་བའི་གཞས་གཏོང་མཁན་ཞིག་དང་འདིའི་ཕྱོགས་ནས་གཞན་དང་བསྡུར་ན་སློབ་སྦྱོང་སོགས་མང་དུ་ཐོབ་ཡོད་མཁན་ཞིག་ཡིན་པའི་ཆ་ནས་ཁ་ཕྱིར་འཁོར་ཏེ་གསར་དུ་འབྱུང་བཞིན་པའི་གཞས་པ་འདི་དག་ལ་སེམས་ཀྱི་སྐད་ཆ་ག་འདྲ་བཤད་རྒྱུ་ཡོད།
ལན། ངས་བསམ་ན་གཞས་གསར་གཏོང་མཁན་དེ་དག་ནི་ལྡུམ་ར་གཅིག་གི་ཁྲོད་ཀྱི་མེ་ཏོག་སྣ་ཚོགས་ལྟ་བུ་རེད། མེ་ཏོག་སྣ་ཚོགས་བཞད་ན་ལྡུམ་ར་དེ་ལ་ཁྱད་མཚར་གྱི་མཛེས་སྡུག་སྣོན་ཐུབ་པ་བཞིན་དུ། ངའི་རེ་བ་ནི། དཔེར་ན་བོད་ཀྱི་རོལ་དབྱངས་གསར་བ་དེ་མེ་ཏོག་ལྡུམ་ར་ཞིག་ཡིན་པའི་དབང་དུ་བཏང་ན། དེའི་ནང་དུ་རོལ་དབྱངས་གསར་བ་དང་གཞས་གསར་གཏོང་མཁན་སོགས་མེ་ཏོག་སྣ་ཚོགས་བཞད་པ་ལྟར་མང་པོ་འབྱུང་རྒྱུའི་རེ་བ་ཡོད། ད་ལྟའི་ཆར་མཚོན་ན་དེ་འདྲའི་གཞས་གསར་གཏོང་མཁན་རང་ཤུགས་ཀྱིས་མང་པོ་འབྱུང་གི་འདུག གོང་ནས་དྲི་བ་འདོན་མཁན་གྱིས་བཤད་པ་ལྟར། ཨ་ནུ་རིང་ལུགས་ལྟ་བུའི་བོད་རང་གི་གཞས་གཏོང་མཁན་དག་གིས་གཞན་དག་ལ་ཕྱོགས་གང་ཐད་ནས་བག་ཆགས་ཟབ་མོ་བཞག་དང་འཇོག་བཞིན་འདུག  མ་ཟད། ང་རང་ཆེས་ཧ་ལས་ས་དེ་ནི། ན་གཞོན་དེ་དག་གིས་ལམ་སང་གསར་གཏོད་ཀྱི་ལམ་ཁ་ལ་སྙེག་ཐུབ་ཀི་འདུག དཔེར་ན། མདའ་ཞིག་འཕངས་ན་ཕོག་དགོས་སའི་འབེན་དེ་ལ་ཐད་ཀར་ཕོག་གི་འདུག དེ་ནི་དཔེ་ཡག་པོ་རེད། ད་ལྟའི་བོད་ཀྱི་གཞས་གཏོང་མཁན་གྱི་སྡེ་ནི་ཅུང་ཙམ་ཉོབ་པོ་ལྟ་བུ་ཞིག་ཏུ་གྱུར་འདུག སོ་སོ་ལ་སོ་སོའི་ཁྱད་ཆོས་མེད་པ་ལྟ་བུ། དངོས་གནས་བཤད་ན་སོ་སོས་ག་རེ་ལེན་གི་ཡོད་མེད་ཀྱང་ཧ་གོ་གི་མེད་པ་ལྟ་བུ་མང་དུ་འདུག དེ་འདྲ་མ་ཡིན་པར་སོ་སོའི་ས་ནས་ས་བརྟན་པོ་རེ་འཛིན་ཐུབ་ཚེ། མ་འོངས་པར་བོད་ཀྱི་གཞས་གཏོང་མཁན་གྱི་དོ་ར་དེ་ནི་ལྡུམ་ར་གཅིག་ཏུ་བཞད་པའི་མེ་ཏོག་སྣ་ཚོགས་ལྟར་ཡིད་དུ་འོང་ཞིང་མཛེས་སྡུག་ལྡན་པ། ཁྱད་ཆོས་ཡོད་པ་ཞིག་ཏུ་འགྱུར་ཐུབ་རྒྱུ་རེད་བསམ་གི་ཡོད་ལ་འགྱུར་རྒྱུའི་རེ་བའང་ཡོད།
དྲི་བ། ཁྱེད་ཀྱིས་དུས་ཚོད་མང་པོ་འཕྲོ་བརླག་བྱས་ཏེ་གཉོམ་ཆུང་དང་ཚུལ་མཐུན་ང་རྒྱལ་སོགས་ཅི་ཡང་མེད་པའི་སྒོ་ནས་སེམས་དང་སེམས་པའི་ཁ་ཐག་ཉེ་བའི་སྒོ་ནས་བཅར་འདྲིའི་ལན་བསྩལ་བར་ང་ཚོས་རྫ་ཆུའི་རླབས་སྒྲའི་རྩོམ་སྒྲིག་པའི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུ།
ལན། བཀའ་དྲིན་ཆེ། ང་རང་གིས་མཇུག་མཐར་བཤད་འདོད་པ་དེ་ནི། མ་འོངས་པར་འདི་འདྲའི་བཅར་འདྲི་སོགས་མང་པོ་ཞིག་དགོས་ཀི  ཁྱེད་ཚོ་ལྟ་བུར་མཚོན་ན་ཨ་མདོ་ནས་རེད། ང་རང་ཁམས་པ་རེད། ང་རང་ཨ་མདོའི་སྐད་སློབ་རྒྱུར་ཤིན་ཏུ་དགའ་བོ་ཡོད། དབུས་གཙང་གི་སྐད་སློབ་རྒྱུར་ཡང་དགའ་བོ་ཡོད། ག་རེ་རེད་ཟེར་ན། མདོ་དབུས་ཁམས་གསུམ་གྱི་སྐད་བཤད་ཤེས་ཚེ། མི་ག་འདྲ་ཞིག་ལ་ཐུགས་ནའང་སྐད་ཆ་བཤད་རྒྱུར་སྟབས་བདེ་བོ་རེད་བསམ་གི་ཡོད། དེ་བས། འདི་འདྲའི་བཅར་འདྲི་མང་དུ་ཕྱིན་ན། སོ་སོ་ལ་སྙིང་སྟོབས་ཤིག་རྒྱས་ཡོང་རྒྱུ་རེད། རིན་ཐང་ཅན་གྱི་གཞས་པ་མང་པོ་ཞིག་ལ་བཅར་འདྲི་བྱས་ཡོང་ན་དཔེ་ཡག་པོ་རེད་བསམ་གི ཅི་རེད་ཟེར་ན། གཞས་པ་ཆུང་ཆུང་མང་པོ་ཞིག་གིས་བལྟས་ཡོད་པ་རེད། ཁོ་ཚོས་བལྟས་ཡོད་པའི་རྐྱེན་གྱིས་འདི་འདྲ་མང་དུ་བཟོས་ན། ཁོ་ཚོའི་སེམས་ལའང་འདི་འདྲ་བྱེད་དགོས་ས་རེད་སྙམ་པ་ཞིག་སྐྱེས་ཡོང་གི་རེད། དེ་ནས་ཁོ་ཚོས་ཀྱང་བརྒྱུད་རིམ་དག་མར་མར་བརྒྱུད་ཡོང་ཚེ་ལམ་ཁ་ཞིག་ཏན་ཏན་དོད་ཡོང་གི་རེད། སྔོན་མ་ལྟ་བུར་མཚོན་ན། ང་ཚོ་ལ་སློབ་སྦྱོང་བྱེད་ས་དང་མིག་དཔེ་ལྟ་སའི་གོ་སྐབས་ཡོད་པ་མ་རེད། དེའི་སྟེང་ལ་ལམ་ཁ་ཡོད་པ་མ་རེད། བྱས་ཚང་། འདི་འདྲ་བཏོན་པ་དཔེ་ཡག་པོ་རེད་སྙམ་གི་ཡོད།
དྲི་བ། ཁྱེད་རང་གིས་ཉེ་བའི་དུས་སུ་གཞས་གཏོང་སྟངས་གསར་བའི་ལམ་ནས་གཞས་ཁ་ཤས་བཏང་། དེ་དག་དྲྭ་ལམ་སོགས་སུ་སྤེལ་རྗེས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཡོད་པའི་མི་མང་པོ་ཞིག་གིས་ཁྱེད་ཀྱི་གཞས་དག་ལ་དགའ་བོ་དཔེ་མེད་བྱེད་ཀི་འདུག མ་ཟད། ཁྱེད་ཀྱི་གཞས་གསར་བ་ཡོང་རྒྱུར་ཉི་མ་འཆར་རྒྱུར་སྒུག་པ་ལྟར་རེ་སྒུག་ཚད་མེད་བྱེད་མཁན་ཡང་མང་པོ་འདུག དེ་བས། ཁྱེད་ཀྱིས་ད་ཐེངས་ཀྱི་བཅར་འདྲི་འདི་བརྒྱུད་དེ་ཁྱེད་ཀྱི་གཞས་ལ་དགའ་མཁན་དག་ལ་མ་འོངས་པར་ལེགས་སྐྱེས་ག་རེ་གནང་རྒྱུའི་འཆར་གཞི་ཡོད། ཡང་ན། ཁྱེད་ཀྱི་ཞེན་མི་དག་ལ་བརྗོད་བསམ་རྒྱུའི་སྐད་ཆ་ག་རེ་ཡོད།
ལན། རྫ་ཆུའི་རླབས་སྒྲའི་དྲ་བས་འདི་འདྲའི་གོ་སྐབས་ཤིག་སྤྲད་པར་དགའ་བོ་ཆེན་པོ་བྱུང་ཡོད། དེ་ནས། ང་རང་ལ་དགའ་མཁན་དང་ང་རང་གི་གླུ་གཞས་སྒྱུ་རྩལ་གྱི་ལམ་ཁར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཞུ་རྒྱུ་ནི། ང་རང་ལམ་ཁ་འདིར་བུད་དེ་ལོ་ཁ་ཤས་སོང་ཡོད་པ་རེད། ད་དུང་མུ་མཐུད་དུ་འདིའི་ཕྱོགས་ལ་སློབ་སྦྱོང་བྱས་ཏེ་རང་ཉིད་ཀྱི་ཚད་རིམ་ཡར་ཐོན་ཡོང་རྒྱུ་དང་གསར་གཏོད་ཀྱི་ལམ་ཁ་བཏོད་རྒྱུའི་སེམས་འདུན་ཡོད།  ཁྱེད་ཚོས་དུས་དང་རྣམ་པ་ཀུན་ཏུ་ང་ལ་རྒྱབ་སྐྱོར་གནང་བར་ཡང་ནས་ཡང་དུ་བཀའ་དྲིན་དཔག་མེད་ཞུ། ཁྱེད་ཚོའི་རྒྱབ་སྐྱོར་མེད་ན་ང་ཚོས་ཤུགས་ཇི་ལྟར་བསྒྲིམས་ཀྱང་དེ་ནི་སྟོང་པ་ལྟ་བུ་རེད། ཁྱེད་ཚོའི་རྒྱབ་སྐྱོར་ཡོད་པའི་སྟེང་ནས་ང་ཚོས་ཤུགས་བརྒྱབ་ཚེ་ཉི་མའི་འོད་མདངས་ཆེར་རྒྱས་པ་དང་ཡར་ངོའི་ཟླ་བ་འཕེལ་བ་ལྟ་བུ་རེད། བཀའ་དྲིན་ཆེ།
མདོ་འཛིན་པས། གླུ་བ་དཔལ་ཆེན་དབང་རྒྱལ་ལགས་ཀྱིས་དུས་ཚོད་གཅིག་ཙམ་གྱི་ཡུན་ལ་ཞེ་ལྷོད་པོའི་སྒོ་ནས་ཁ་བརྡ་བྱས་པར་བཀའ་དྲིན་ཆེ། ཁྱེད་ཀྱིས་བོད་ཀྱི་གཅེས་ཕྲུག་ཅེས་པའི་གླུ་འདི་བཏང་རྗེས་ཕྱོགས་གང་སར་སྙན་པ་འཕུར་བ་རེད། འདི་ལྟར་ཁ་བརྡ་བཤད་ཡོང་ཚེ་ཁྱེད་ནི་དངོས་གནས་བོད་ཀྱི་གཅེས་ཕྲུག་རྣལ་མ་ཞིག་རེད། རྒྱུ་མཚན་ཅི་རེད་ཟེར་ན། ཁྱེད་ནི་བོད་ཀྱི་རིག་གནས་ལ་དུངས་ཤིང་སྦྱངས་བརྩོན་ལྷོད་མེད་བྱེད་མཁན་དང་། རིག་གནས་ལ་དགའ་དད་མོས་གསུམ་ཡོད་པ་དེའང་སྙན་གྲགས་དང་དཔལ་འབྱོར་གཉེར་ཐབས་ཙམ་མ་ཡིན་པར། དོན་དམ་པས་རང་དང་རིག་གནས་གཉིས་ཆུ་དང་འོ་མ་ལྟར་མཉམ་པོར་སྲེ་འདོད་པ་ཞིག་རེད། དེ་བས། བོད་ཀྱི་གཅེས་ཕྲུག་ཁྱེད་ཀྱི་མ་འོངས་པའི་སྒྱུ་རྩལ་འཚོལ་སྙེག་གི་ལམ་ཁ་སྔར་ལས་ཡངས་ཤིང་གཏིང་ཟབ་པ་དང་། ཁྱེད་རང་བོད་ཀྱི་གར་སྟེགས་ལས་བརྒལ་ཏེ་འཛམ་གླིང་གི་གར་སྟེགས་སྟེང་སྐྱོད་ཐུབ་རྒྱུ་དང་དེའི་ཁྲོད་ནས་སྙན་པ་རླུང་ལྟར་འཕུར་ཞིང་མཚོ་ལྟར་རྒྱས་པར་སྨོན་འདུན་ཡང་ཡང་ཞུ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...