སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གནམ་ལྷ་ཐར་གྱི་སྒྱུ་རྩལ་འཚོལ་སྙེག་གི་བགྲོད་ལམ་དང་དེའི་ཕྱི་རོལ་གྱི་གཏམ་རྒྱུད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-4 10:54:00 རྩོམ་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར། ཀློག་གྲངས།
གསར་འགོད་པ། སྐུ་ཞབས་གནམ་ལྷ་ཐར་ལགས། བདེ་མོ། ཁྱེད་ཀྱིས་གསེར་ལས་ལྷག་པའི་དུས་ཚོད་སྤྱད་ནས་བཅར་འདྲི་དང་ལེན་བྱས་པར་བཀའ་དྲིན་ཆེ་ཞུ། ཆབས་ཅིག་ཉེ་ལམ་ཁྱེད་ལ་མཚོ་སྔོན་ཞིང་ཆེན་གྱི་སྤྱོད་ཡོན་གཉིས་ལྡན་གྱི་སྒྱུ་རྩལ་པའི་མཚན་སྙན་ཐོབ་པར་རྟེན་འབྲེལ་ཞུ། ཐོག་མར་འདྲི་འདོད་པ་ནི་ཁྱེད་རང་དུས་ནམ་ཞིག་ལ་འཁྲབ་སྟོན་སྒྱུ་རྩལ་གྱི་ལས་ལ་དགའ་པོ་བྱུང་བ་དང་། དུས་ནམ་ཞིག་ནས་བཟུང་འཁྲབ་སྟོན་སྒྱུ་རྩལ་གྱི་ལམ་ཁར་བསྙེགས་པ་ཡིན།
གནམ་ལྷ་ཐར། གསར་འགོད་པ། བདེ་མོ། ཐོག་མར་ཁྱེད་རྣམ་པས་བདག་ལ་འདི་འདྲའི་གོ་སྐབས་བཟང་པོ་ཞིག་སྤྲད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ངའི་ཕ་ཡུལ་མདོ་སྨད་གཅན་ཚ་སྣང་རའི་ཡིན་ལ། ཆུང་ངུའི་དུས་ནས་རྣལ་འབྱོལ་གྱི་དབང་ཕྱུག་མི་ལ་རས་པའི་རྣམ་མགུར་སོགས་དབྱངས་ལ་གྱེར་རྒྱུར་དགའ་ཞིང་། དྲི་མེད་ཀུན་ལྡན་དང་ཆོས་རྒྱལ་ནོར་བཟང་སོགས་གོ་བདེའི་སྲོལ་རྒྱུན་རྣམ་ཐར་ཀློག་རྒྱུར་དགའ་བར་མ་ཟད། གྲོགས་གཞན་ལ་འཆད་རྒྱུར་དེ་བས་སྤྲོ་པོ་ཡོད། ཆུང་དུས་ནམ་རྒྱུན་མ་དྲིན་མོ་ཆེའི་གཞོགས་སུ་རྣམ་ཞིང་གྲུ་བཞིའི་ཡུར་མ་ཡུར་ས་དང་། མི་མགོ་ལུང་ཐང་གི་ར་ལུག་འཚོ་ས་ནས་གླུ་ཤགས་སོགས་སྦྱངས་ཏེ་ག་ས་གང་དུ་ལེན་རྒྱུར་དགའ་པོ་ཞེ་དྲགས་ཡོད། དེ་ནི་ང་ལ་ལྡན་པའི་ལྷན་སྐྱེས་ཀྱི་འཇོན་ཐང་ཞིག་ཡིན་པར་འདོད། ན་ཚོད་ཇེ་ཆེར་ཕྱིན་པ་དང་བསྟུན་འཇོན་ཐང་དེ་ངའི་རུས་པའི་རྐང་མར་ནས་ཕྱི་རོལ་ཀུན་སྤྱོད་དང་ནང་སེམས་ཀྱི་ལྟ་གྲུབ་དུའམ། ཡང་ན་ཀུན་རྟོག་ཡིད་ཀྱི་དགའ་མོས་ཤིག་ཏུ་ཡུན་གྱིས་གྲུབ་སོང་བ་ཡིན་པས། འཁྲབ་སྟོན་སྒྱུ་རྩལ་གྱི་ལས་རིགས་འདིར་དུས་ནམ་ཞིག་ལ་དགའ་པོ་བྱུང་སོང་ཟེར་ན་དངོས་གནས་ལན་མི་ཕོག་པ་ཞིག་ཆགས་འགྲོ། ཡིན་ནའང་འཁྲབ་སྟོན་སྒྱུ་རྩལ་ནི་ངའི་མི་ཚེ་འདིའི་མཐར་ཐུག་གི་བགྲོད་ལམ་ཉག་གཅིག་ཡིན་པ་སྔ་ས་ཞིག་ནས་གཏན་དུ་ཁེལ་ཟིན་པ་འདྲ། སྤྱི་ལོ1990ལོ་ནི་ང་རང་རྨ་ལྷོ་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་ཡིན་ལ། ལོ་དེར་རང་ལོ་ཉི་ཤུ་ཏག་ཏག་རེད། དེ་སྔོན་འཁྲབ་སྟོན་སྒྱུ་རྩལ་ཐད་ཀྱི་ཆེད་ལས་སློབ་གྲྭར་འགྲིམས་མ་མྱོང་ནའང་། ལོ་དུ་མའི་སློབ་མའི་འཚོ་བའི་ནང་རྒྱུན་པར་རིག་རྩལ་འཁྲབ་སྟོན་གྱི་བྱ་འགུལ་མང་པོར་ཞུགས་ཏེ་སྤྱི་ཚོགས་སྟེང་བག་རགས་ཅུང་ཟད་ཟབ་མོ་བཞག་ཡོད་པས། སློབ་མཐར་ཕྱིན་སྐབས་ད་ལྟ་ང་རང་ཡོད་སའི་ལས་ཁུངས་འདིའི་དེ་སྔོན་གྱི་འགོ་ཁྲིད་གཉིས་ང་ཚོ་སློབ་གྲྭར་ཡོང་སྟེ་ང་རང་ཐད་ཀར་ཁུལ་མི་རིགས་གླུ་གར་ཚོགས་པར་བླངས་སོང་། དུས་དེ་ནས་བཟུང་། ང་ནི་དགེ་རྒན་སློབ་གྲྭ་ཞིག་ནས་ལས་རིགས་བསྒྱུར་ཏེ། རིག་རྩལ་འཁྲབ་སྟོན་གྱི་ཆེད་ལས་ལས་ཁུངས་ཤིག་གི་འཁྲབ་སྟོན་པར་གྱུར་སོང་བ་རེད། ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་ནང་ལོགས་ཀྱི་སྒྱུ་རྩལ་སློབ་ཆེན་དུ་སློབ་སྦྱོང་ལ་འགྲོ་བའི་སྐལ་བ་ལྡན་སོང་བས། ལོ་གཉིས་གསུམ་ཙམ་གྱི་ཆེད་ལས་སློབ་སྦྱོང་དང་དེ་ནས་བྱ་བ་དངོས་ཀྱི་གོ་རིམ་ཁྲོད་རིམ་བཞིན་ལས་རིགས་འདི་ལ་ཅུང་ཟད་ནང་བྱན་ཆུད་ཅིང་ཁ་འབྲལ་མི་ཕོད་པ་ལྟ་བུར་ཆགས་ཏེ། མཐའ་མར་མི་ཚེ་ཧྲིལ་བོ་ལས་ཀ་འདི་ལ་བསྟིམས་པའི་ལས་དབང་འདི་གྲུབ་པ་རེད།
གསར་འགོད་པ། ཁྱེད་ནི་ཡོད་ཚད་འཁྲབ་སྟོན་སྒྱུ་རྩལ་གྱི་ལས་ལ་བསྟིམས་པའི་མི་བུ་ཞིག་ཡིན་པར་བརྗོད་ཆོག ཟློས་གར་སོགས་བརྩམས་ཆོས་མང་པོ་ཡོད་པར་ཀུན་གྱིས་གདེང་འཇོག་མཐོན་པོ་གནང་དང་གནང་གིན་ཡོད། འདིར་ཁྱེད་རང་གི་ཚབ་མཚོན་བརྩམས་ཆོས་འགའ་ངོ་སྤྲོད་གནང་རོགས།
གནམ་ལྷ་ཐར། རེད། ལགས་སོ།། ཁྱེད་ཀྱིས་གསུངས་པ་ནང་བཞིན་ང་ནི་མི་ཚེ་ཧྲིལ་བོ་མི་རིགས་རིག་གནས་སྒྱུ་རྩལ་གྱི་ལས་ཀའི་ནང་དུ་འདའ་བའི་མི་བུ་ཞིག་ཡིན་པར་བརྗོད་ཆོག་ཆོག་རེད། རྒྱུ་མཚན་ནི་ང་རང་གཞུང་ཞབས་དང་སློབ་གསོ་སོགས་སྤྱི་ཚོགས་སྟེང་གི་ལས་རིགས་གཞན་དག་གང་དང་གང་ལའང་གནས་སྤར་འདོད་མེད་པར་ཐོག་མཐའ་བར་གསུམ་དུ་ལས་རྐང་འདི་ནས་མི་ལོ་ཉེར་བརྒྱད་རིང་འགོར་བས་སོ།། ངོ་མ་བཤད་ན། མི་སུ་དང་སུ་ཡིན་ནའང་། མི་ཚེ་གང་བོར་ལས་རྐང་གཅིག་ཏུ་བྱ་བ་སྣ་གཅིག་གཉེར་ནས་འདུག་མཁན་ཉུང་ཉུང་རེད། ལྷག་པར་ང་ཚོའི་ལས་རིགས་འདིའི་སྡེ་ཁག་གི་ལས་སྒྲུབ་མི་སྣ་དག་ནི་དངོས་གནས་དེ་འདྲ་རེད། ཁོ་ཚོ་མང་པོ་ཞིག་རང་ཉིད་ལ་སྤྱིི་ཚོགས་ཐོག་གི་ལས་ཀ་གཞན་དག་རག་པའི་ནུས་པ་ཅུང་ཟད་རེ་ཡོད་ཚེ། ཚང་མ་ལོ་བཅུ་ཙམ་རྗེས་ནས་ལས་ཁུངས་གཞན་དག་ནང་ལས་གནས་སྤར་ངེས་རེད། དེ་ནི་ང་ཚོའི་ལས་ཀ་ནི“ལང་ཚོའི་ཁ་ལག”ཡིན་པར་ར་འཕྲོད་ཀྱིན་ཡོད། ཡིན་ནའང་ང་ནི་ལས་རིགས་འདི་ལ་འབད་འཐབ་ཀྱིས་ཞུགས་པ་ཡིན་པས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རོལ་དབྱངས་སློབ་གླིང་ནས་ཕྱིར་སྤྱི་ཚོགས་ཀྱི་ལས་རྐང་སྟེང་ཡོང་དུས། ངས་རིག་གནས་སྒྱུ་རྩལ་ལ་བཅངས་པའི་ཞེ་འདང་དེ་སྔར་བས་ཇེ་ཟབ་ཏུ་གྱུར་འདུག དེ་ནི་ཆེད་ལས་སློབ་སྦྱོང་གི་གོ་རིམ་ཁྲོད་དུ། ངས་ལས་རིགས་འདིའི་རྒྱབ་ལྗོངས་ན་རྒྱ་ཆེ་ཞིང་གཏིང་དཔོག་དཀའ་བའི་གཞུང་ལུགས་ཀྱི་མཚོ་མོ་འཁྱིལ་ཡོད་པ་མཐོང་ལམ་དུ་སྣང་ལ། རིག་གནས་ནི་མི་རིགས་ཤིག་གི་འཚོ་སྡོད་ཀྱི་བླ་སྲོག་ངོ་མ་དེ་ཡིན་པར་ངོས་ཟིན་ཙམ་ཐོབ་པར་མ་ཟད། མཐོ་ཚད་ཅིག་ནས་བལྟས་ན་རང་ཉིད་ནི་མི་རིགས་བླ་སྲོག་གི་དབུགས་རྒྱུན་སྐྱོང་མཁན་ཡིན་པའི་ང་རྒྱལ་ཞིག་ཀྱང་སེམས་ཁུང་དུ་གཏམས་ཡོད། འདས་པའི་མི་ལོ་ཉེར་བརྒྱད་ཀྱི་ནང་དུ། རྒན་བཀའ་དྲིན་ཅན་དང་འགོ་གཙོ་བྱམས་བརྩེ་ཅན་དག་གིས་གཅེས་སྐྱོང་དང་རྒྱབ་སྐྱོར་འོག སྒྱུ་རྩལ་བརྩམས་ཆོས་གང་མང་མང་ཞིག་གི་གསར་རྩོམ་དང་འཁྲབ་སྟོན། རྒྱུད་འཛིན། དར་སྤེལ་སོགས་སྣ་སྒོ་ཅི་རིགས་ཤིག་ལ་རང་གིས་ནུས་ཚོད་ཀྱིས་རྔུལ་ཁྲག་བཏོན་མྱོང་། དེ་དག་ལས་ད་ལྟ་ཀུན་གྱིས་གཟིགས་མོར་བགྲང་ཆོག་ཆོག་ཅིག་ནི་བོད་ཀྱི་སྲོལ་རྒྱུན་ཟློས་གར་དང་དེང་རབས་ཟློས་གར་བཅུ་ཕྲག་ཙམ་གྱི་མི་སྣ་གཙོ་བོའི་འཁྲབ་སྟོན་རྣམས་ཡིན་ངེས། དཔེར་ན་སྲོལ་རྒྱུན་ཟློས་གར《གཟུགས་ཀྱི་ཉི་མ》ནང་གི་རྒྱལ་བོ་ཟླ་བ་དེད་དཔོན་དང་། དེང་རབས་ཟློས་གར《གསེར་གྱི་སྐྱ་རེངས》ནང་གི་དོན་གྲུབ། ལོོ་རྒྱུས་ཟློས་གར《སྲོང་བཙན་སྒམ་པོ》ནང་གི་མང་པོ་རྗེ་ཞང་སྣང་སོགས། དེ་མིན་ཟློས་གར་དུམ་ཚན་འཁྲབ་སྟོན་དག་ལས་ཆོས་རྒྱལ་ནོར་བཟང་དང་། མགར་སྟོང་བཙན་ཡུལ་བཟུང་། སྲོང་བཙན་སྒམ་པོ། སེང་ཆེན་ནོར་བུ་དགྲ་འདུལ་སོགས་མི་སྣ་གང་མང་གི་སྣང་བརྙན་སྐྲུན་བཞེངས་ཀྱི་འཁྲབ་འགན་ཁུར་པར་མ་ཟད། ཟློས་གར་དུམ་ཚན་གང་མང་ཞིག་གི་གསར་རྩོམ་གྱི་གཙོ་འགན་ཡང་ཁུར་མྱོང་། དེ་ལས་ཚབ་མཚོན་དུ་བགྲང་འོས་པ་ཞིག་ནི་ལོ་རྒྱུས་ཟློས་གར་ཆེན་པོ《སྲོང་བཙན་སྒམ་པོ》ཡི་འཁྲབ་ཁྲིད་པ་ཡིན། གོང་གི་ཟློས་གར་དེ་དག་ལ་རྒྱལ་ཁབ་རིམ་པའི“གཅིག་ཅན་ལྔའི་བཟོ་སྐྲུན”རྟགས་མ། རྒྱལ་ཡོངས“དཔལ་ཡོན་ཧྭ་ཞ་རྟགས་མ”། “ཚའོ་ཡུས་རྩོམ་རིག་སྒྱུ་རྩལ”རྟགས་མ། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཟློས་གར་འགྲན་ཚོགས་ཐེངས་དུ་མའི་གསེར་གྱི་རྟགས་མ། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི“གཅིག་ཅན་ལྔའི་བཟོ་སྐྲུན”རྟགས་མ། ཞིང་ཆེན་ཡོངས་ཀྱི་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་སོགས་རྒྱལ་ཡོངས་དང་ཞིང་ཆེན་ནང་ཁུལ་གྱི་གཟེངས་རྟགས་མང་པོ་ཐོབ་མྱོང་། དེ་ནི་ང་རང་ཉིད་གཅིག་པུ་མ་ཡིན་པར་ང་ཚོ་ཐུན་མོང་གི་ཚོགས་པ་འདིས་འདས་པའི་ལོ་ཟླའི་ནང་རང་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་ཐད་བཏོན་པའི་ཐུན་མོང་གི་ལག་རྗེས་རེད། དེ་མིན་ཆེད་ལས་གླུ་དབྱངས་ལེན་མཁན་ཞིག་ལ་མཚོན་ན། འདས་པའི་ལོ་ཉེར་བརྒྱད་ནང་། རྒྱལ་སྤྱི་རྒྱལ་ནང་གི་གླུ་དབྱངས་བརྩམས་ཆོས་བརྒྱ་ཕྲག་དུ་མ་ཞིག་བླངས་མྱོང་བར་མ་ཟད། ཨ་རི་དང་ཉི་ཧོང་། ཐའེ་ལན། ནེ་པ་ལ། ཐའེ་ཝན། ཨོ་མོན། ཞང་ཀང་སོགས་ཀྱི་འཁྲབ་སྟོན་སྐབས། རང་མི་རིགས་ཀྱི་སྲོལ་རྒྱུན་དང་གསར་རྩོམ་གླུ་དབྱངས་བརྩམས་ཆོས་གང་མང་མང་ཞིག་འཛམ་གླིང་གི་གར་སྟེགས་བརྒྱུད་ནས་ཤ་མདོག་འདྲ་མིན་གྱི་ལྟད་མོ་པ་མང་པོའི་སྙན་ལམ་དུ་འབུལ་ཐུབ་པ་བྱུང་།
གསར་འགོད་པ། ཁྱེད་རང་མིང་དུ་གྲགས་པའི་འཁྲབ་སྟོན་སྒྱུ་རྩལ་པ་ཞིག་ཡིན་པའི་ཆ་ནས། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་བྱ་བ་གང་ཞིག་གཙིགས་འཛིན་བྱེད་པ་དང་། འཁྲབ་སྟོན་དང་འཁྲབ་ཚིག་གསར་རྩོམ་སྐབས་སུ་དམིགས་བྱ་གཙོ་བོ་གང་ཡིན།
གནམ་ལྷ་ཐར། ང་ཚོ་ལས་རིགས་འདིའི་ནང་ཁ་དཔེ་འདི་འདྲ་ཞིག་ཡོད་དེ། “སྟེགས་སྟེང་སྐར་ཡུན་ཙམ་གྱི་འཁྲབ་རྩལ་དེ།། སྟེགས་གཤམ་ལོ་བཅུའི་སྦྱོང་བརྡར་བྱས་ལས་ཡོང་།།” རོལ་དབྱངས་པའམ་ཞབས་བྲོ་པ། ཟློས་གར་པ། གླུ་དབྱངས་ལེན་མཁན་གང་ཡིན་ནའང་འདྲ། ཆེད་ལས་འཁྲབ་སྟོན་པ་ཞིག་ཡིན་ཚེ་ནམ་རྒྱུན་འཚོ་བའི་ནང་གཙིགས་འཛིན་བྱེད་དགོས་ས་གཅིག་ཡོད་དེ། དེ་ནི་རྨང་གཞིའི་སྦྱོང་བརྡར་རེད། རྨང་གཞིའི་སྦྱོང་བརྡར་ཟེར་བ་དེ་ང་ཚོའི་ལས་རིགས་ནང་དུ་འཁྲབ་རྩལ་སྦྱོང་བརྡར་ལ་དམིགས་སུ་གོ་བཞིན་ཡོད་ཅིང་། གར་སྟེགས་སྟེང་གི་འཁྲབ་རྩལ་འཇོན་པོ་ཡོད་དགོས་ན་དེ་ནི་ཉིན་རྒྱུན་གྱི་རྨང་གཞིའི་སྦྱོང་བརྡར་དང་རག་ཆེན་པོ་ལས་ཡོད། དེ་བས། མི་ལོ་ཉེར་བརྒྱད་ཀྱི་འཁྲབ་སྟོན་འཚོ་བའི་ནང་དུ་ཉི་མ་རེ་རེའི་རྨང་གཞིའི་སྦྱོང་བརྡར་ནི་ངའི་ནམ་རྒྱུན་གཙིགས་སུ་འཛིན་པའི་བསྐྱར་ཟློས་ཀྱི་ལས་ཀ་ཡིན་ལ། ཟློས་གར་རམ་གླུ་དབྱངས་གང་ཡིན་ནའང་འཁྲབ་སྟོན་སྔོན་ལ་ཡང་དང་བསྐྱར་དུ་སུན་པ་མེད་པའི་འཁྲབ་སྦྱོང་བརྒྱུད་ནས་སྒྱུ་རྩལ་གྱི་ཚད་མེད་པའི་མཐོ་ས་ཞིག་སྙེག་གིན་ཡོད།  དེ་མིན་ད་དུང་འཁྲབ་ཚིག་གསར་རྩོམ་དང་འཁྲབ་ཚིག་སྦྱོང་བརྡར་སྐབས་སུའང་དེ་བཞིན་ཡིན་ཏེ། འཁྲབ་ཚིག་ནི་ཟློས་གར་སྐད་ཆ་ཡིན་པས་གསར་རྩོམ་དང་འཁྲབ་སྟོན་སོགས་ཕྱོགས་གང་ཐད་ནས་སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་དགོས་ལ། གང་ཞིག་ཐོས་པ་ཙམ་གྱིས་སྙན་ངག་གི་བྲོ་བ་ལྡན་པ། བསམ་པ་ཙམ་གྱིས་ཡིད་ལ་འཇགས་ནུས་པའི་ཁྱད་ཆོས་དང་ལྡན་པ་ཡིན་ན་ད་གཟོད་སྒྱུ་རྩལ་གྱི་མཐོ་ས་ཞིག་བཟུང་བ་ཡིན་པས། ནམ་རྒྱུན་གྱི་གསར་རྩོམ་དང་འཁྲབ་སྟོན་སྐབས་ངས་དེ་དག་ལ་གདེང་འཇོག་ནན་ཏན་བྱེད་པ་ཡིན།
གསར་འགོད་པ། དུས་ཀྱི་འགྱུར་ལྡོག་དབང་གིས་ང་ཚོའི་འཚོ་བ་དང་ཁོར་ཡུག་ལ་འགྱུར་ལྡོག་འབྱུང་གིན་འདུག་མོད། ཁྱེད་ཀྱི་བརྩམས་ཆོས་ལ་སྲོལ་རྒྱུན་གྱི་བྲོ་བ་འཛོམས་པོ་ཡོད། དེ་ནི་ཁྱེད་རང་གནས་སའི་ཕ་ཡུལ་གྱི་ཤན་ཤུགས་ཡིན་ནམ་གཞན་ཞིག་ཡིན།
གནམ་ལྷ་ཐར། ལོ་ངོ་སྟོང་ཕྲག་ལྷག་གི་སྔོན་ནས། ང་ཚོ་ཨ་མདོ་པ་ནི་བཙན་པོའི་མངའ་ཐང་སྲུང་བའི་དམག་གི་རྒྱུད་པ་ཡིན་པས། བོད་ཁམས་ཡུལ་དབུས་དང་རིང་དུ་གྱེས་ནས་མཐའ་མཚམས་སུ་མི་རིགས་གཞན་དག་དང་འདྲེས་སྡོད་ཀྱིས་གནས་པ་ཡིན། དེ་བས་ལོ་རྒྱུས་ཐོག་བོད་དབུས་ཁམས་གཉིས་དང་བསྡུར་ཚེ་ཡུལ་སྲོལ་གོམས་གཤིས་སོགས་ཕྱོགས་གང་ཐད་ནས་གཞན་འགྱུར་གྱི་ཉེན་ཁ་ཤིན་ཏུ་ཆེ་ས་ཡིན། ཡིན་ནའང་ང་ཚོའི་མོས་པོ་རྣམས་ཀྱིས་ཚེ་ཚེ་རབས་རབས་སུ་གཞན་འགྱུར་གྱི་ཉེན་ཁ་དེ་ལ་མཛེ་ནད་བཞིན་དུ་འཛེམ་དོགས་གནང་བའི་བཀའ་དྲིན་གྱིས། ང་ཚོ་མི་སུ་ཡིན་རུང་རིག་གནས་སྲུང་སྐྱོང་བྱེད་རྒྱུ་དེ་རུས་པའི་རྐང་མར་ཟུག་པའི་འདུ་ཤེས་ཡིན་པར་སྙམ། དེ་བས་ང་ཡང་དེ་ལས་མ་འདས་ཏེ། དུས་དང་གནས་ཀྱི་འགྱུར་ལྡོག་ཅི་འདྲ་ཆེ་ན་ཡང་། བརྩམས་ཆོས་གང་ཞིག་མེས་པོའི་རྩམ་དྲི་དང་མར་དྲི་མ་ཡལ་བ་ཞིག་ཡོང་རྒྱུ་ནི་ང་ལ་ཡོད་པའི“གཞན་འགྱུར་འཛེམ་དོགས”དེ་ཡིན།
གསར་འགོད་པ། ཉེ་བའི་ལོ་འདི་འགར་ཁྱེད་ཀྱིས་འཁྲབ་སྟོན་སྒྱུ་རྩལ་གྱི་ལས་ཀ་གཉེར་ཞོར་གཞས་ཚིག་དང་གཞས་གདངས་གསར་རྩོམ་གྱི་ལས་ལ་ཞུགས་པ་དེ་རྒྱུ་རྐྱེན་ཅི་ཡི་དབང་གིས་ཡིན། གསར་རྩོམ་དེ་དག་གི་ཁྲོད་ཁྱེད་རང་གིས་ཆེས་ལེགས་པར་མཐོང་བའི་བརྩམས་ཆོས་གང་དག་ཡིན།
གནམ་ལྷ་ཐར། འོ་རེད། ལགས་སོ།། ང་རང་ཆེད་ལས་འཁྲབ་སྟོན་པ་ཞིག་ཡིན་པའི་ཆ་ནས་བའི་ལས་ཀ་གཙོ་བོ་དེ་གཞན་གྱིས་གསར་རྩོམ་བྱས་པའི་བརྩམས་ཆོས་འཁྲབ་སྟོན་དང་འཁྲབ་ལེན་བྱ་རྒྱུ་དེ་རེད། ཡིན་ནའང་། ལོ་འདི་འགའི་རིང་ལ་ངས་གསར་རྩོམ་བྱས་པའི་ཟློས་གར་དུམ་ཚན་དང་འབྲས་དཀར། སྒྲ་སྙན་རྡུང་ལེན། གཞས་ཚིག་གཞས་གདངས་སྐོར་གྱི་བརྩམས་ཆོས་འགའ་རེ་ཡང་རྒྱལ་ཁབ་ཕྱི་ནང་གི་གར་སྟེགས་སམ་སྤྱི་ཚོགས་དྲ་ངོས་སུ་ཚང་མའི་མཐོང་ལམ་དུ་སྣང་བཞིན་ཡོད། དེ་དག་ཚང་མ་དོན་དངོས་ཡིན། ལོ་འདི་འདྲ་མང་པོ་ཞིག་གི་རིང་ལ། ངས་འཁྲབ་སྟོན་སྒྱུ་རྩལ་གྱི་ལས་ཀའི་ཐད་ནས་རང་ཚོད་ཀྱིས་ལས་ཀ་མི་ཉུང་བ་ཞིག་ལས། འཁྲབ་སྟོན་པ་སུ་ཞིག་ཡིན་ནའང་རིམ་གྱིས་གསར་རྩོམ་གྱི་ལས་ལ་ཞུགས་འགྲོ་བ་དེ་ཆོས་ཉིད་ཅིག་རེད། ང་ལ་མཚོན་ན་ད་ལྟ་ལས་ཞོར་དུ་གསར་རྩོམ་གྱི་ལས་ལ་ཞུགས་ནས་བརྩམས་ཆོས་འགའ་རེ་ཡོད་པ་དེ་ལ་རྒྱུ་རྐྱེན་གཉིས་ཡོད་དེ། གཅིག་ནི་རང་ཉིད་ལོ་མང་པོའི་རིང་ལ་འཁྲབ་སྟོན་སྒྱུ་རྩལ་ལས་ཀའི་ནང་ཧུར་ཐག་འབད་འབངས་བྱས་ནས་ད་ལྟ་ལས་རིགས་འདིའི་ནང་གི“ཉམས་མྱོང་རྒན་པོ”ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད། དེ་བས་གཞས་ཚིག་གཞས་གདངས་ཀྱི་ཆེད་ལས་གསར་རྩོམ་པ་མིན་ཡང་ལས་དེ་ལ་ངང་གིས་འཇུག་འགྲོ་བ་ཞིག་རེད། གཉིས་ནི་ད་ལྟའི་དུས་རབས་ཉེར་གཅིག་པའི་ནང་ལ་སྤྱི་ཚོགས་རིག་གནས་འཚོ་བ་ཤིན་ཏུ་དར་ཆེ་བའི་སྒང་འདིར། རིག་གནས་ཁོར་ཡུག་དང་རིག་གནས་ཚོང་རའི་ནང་དུ་སྣང་ཚུལ་འདྲ་མིན་ཅི་རིགས་ཤིན་ཏུ་མགྱོགས་པའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྲོད། དམངས་ཁྲོད་ཀྱི་ཉམས་ལ་གནས་པའི་སྲོལ་རྒྱུན་གཞས་ཚིག་དང་གཞས་གདངས་མང་པོ་ཞིག་གླུ་བ་གླུ་མ་མང་པོས་ཆེད་བསྒྲིགས་འོད་སྡེར་བཀྲམ་པ་བརྒྱུད་ནས་མྱུར་སྐྱོབ་ཀྱི་ནུས་པ་ཐོན་ཡོད་པ་ཀུན་གྱི་མཐོང་སྣང་དུ་གྱུར་བའི་མོད། དེ་ལ་སྲོལ་རྒྱུན་རྒྱུད་འཛིན་གྱི་ངོས་ཟུར་ནས་དོན་སྙིང་ཤིན་ཏུ་ཆེན་པོ་ལྡན་ན་ཡང་། དེ་ཙམ་གྱིས་རྒྱ་ཆེའི་བོད་རིགས་ཀྱི་ཉིན་རེར་འཕེལ་བཞིན་པའི་རིག་གནས་འཚོ་བའི་དགོས་མཁོ་བསྐང་མི་ཐུབ་པ་རེད། སྲོལ་རྒྱུན་རིག་གནས་ནི་སྲོལ་རྒྱུན་ཡིན་པ་ཙམ་ལས་དེ་ལ་དུས་རབས་ཀྱི་སྙིང་སྟོབས་དང་མ་འོངས་པའི་རྒྱང་གཟིགས་ཐད་ནས་ང་ཚོ་ལ་མཁོ་བའི་སྟོང་ཆ་དེ་བསུབ་པའི་ནུས་པ་ཡོད་མི་སྲིད། དེ་བས་སྲོལ་རྒྱུུན་རྒྱུད་འཛིན་ལ་དོ་སྣང་བྱེད་པའི་ཞོར་དུ་ང་ཚོ་ལ་དུས་རབས་ཀྱི་གོམ་སྒྲ་ཚོར་ཐུབ་ཅིང་། དུས་རབས་ཀྱི་སྙིང་སྟོབས་མཚོན་ཐུབ་པའི་གསར་རྩོམ་སྒྱུ་རྩལ་བརྩམས་ཆོས་ཡོད་དགོས་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད། ད་ལྟ་གསར་རྩོམ་བརྩམས་ཆོས་གང་མང་ཞིག་མཐོང་ཐུབ་པའི་མོད། དུས་རབས་ཀྱི་འགྱུར་ཁུགས་ཀྱིས་ཕྱུག་ཅིང་སྲོལ་རྒྱུན་གྱི་ཁ་རླབས་ཐོལ་ལེ་བའི་བརྩམས་ཆོས་ནི་ཐར་ཐོར་ཙམ་རེད།  དེ་ནི་གཙོ་བོ་ང་ཚོ་ལ་རིགས་ཀྱི་དུངས་པ་ཟབ་ཅིང་ཆབ་སྲིད་ཀྱི་གོ་རྟོགས་དང་ཆེད་ལས་ཀྱི་བྱང་ཚད་མཐོ་བའི་སྤྱོད་ཡོན་གཉིས་ལྡན་གྱི་གསར་རྩོམ་པ་ཉུང་བའི་མངོན་རྟགས་ཤིག་རེད། ང་རང་ཆེད་ལས་འཁྲབ་སྟོན་པ་ཞིག་ཡིན་པའི་ཆ་ནས་ནམ་རྒྱུན་གཞས་གདངས་གཞས་ཚིག་ཡག་པོ་རེ་ཨེ་སོན་ལ་བལྟས་པ་ཡིན་ཡང་། རང་གི་འདོད་ཐོག་ཏུ་ཁེལ་བའི་བརྩམས་ཆོས་ཤིག་ཧ་ལམ་རྙེད་ཁག་པོ་རེད། དེ་བས་ནམ་རྒྱུན་ཁོམ་ལོང་རེ་བྱུང་དུས་གཞས་ཚིག་དང་གཞས་གདངས་ཡག་པོ་རེ་ཨེ་འཁྱོངས་བསམ་ནས་གསར་རྩོམ་ལ་འཇུག་ཁུལ་བགྱིས་པ་ཡིན། ད་ལྟ་ལས་ཞོར་དུ་བྲིས་པའི་གཞས་ཚིག་དང་གཞས་གདངས་སུམ་ཅུ་ཙམ་ལས། ལ་ལ་ཞིག་ཅུང་ཟད་ཡག་པོ་འཁྱོངས་འདུག དེ་དག་ལས་ད་ལྟ་སྤྱི་ཚོགས་དྲ་ཐོག་སོགས་སུ་ཅུང་ཟད་རྒྱུག་ཆེ་བ་ནི། གླུ་མ་ལྷ་སྐྱིད་མས་བླངས་པའི《ཨ་མདོའི་བུ་མོ》། ང་རང་གིས་བླངས་པའི་གཅན་ཚ་རྫོང་གི་རྫོང་གླུ《གསེར་གྱི་ཁྱུང་ཆེན》དང་གཅན་ཚ་རྫོང་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མདའ་འཕེན་འགྲན་བསྡུར་གྱི་རུ་གླུ《མདའ་རྫོང་མདའ་གླུ》། ལྷ་དཀར་སྒྲོལ་མ་དང་རྒྱལ་མཚན་གཉིས་ཀྱིས་བླངས་པའི《ཨ་རོ་ཡེ》། ཚེ་རིང་དབང་མོས་བླངས་པའི《ཨ་ཇོ》། དབྱངས་བཞིའི་ཚན་སྡེབ་ཀྱིས་བླངས་པའི《མ་རྒས་པའི་སྡུག་བསྔལ་བུ་ལ་ལྕི》སོགས་རེད། དེ་དག་ལས《མ་རྒས་པའི་སྡུག་བསྔལ་བུ་ལ་ལྕི》ཟེར་བ་དེ2015ལོར་ཀྲུང་གོ་བོད་ཀྱི་རོལ་དབྱངས་དྲ་བ་དང་ཁམས་པའི་བརྙན་འཕྲིན་ཁང་གཉིས་ནས2015ལོའི་བོད་ཁམས་ཀྱི་ཆེས་མཛེས་པའི་གླུ་དབྱངས་བཅུ་སྟེ། “དྲི་ཟའི་གླུ་དབྱངས་བཅུ”ཡི་གྲས་སུ་བདམས་ཐོན་བྱུང་ནས་གཞས་ཚིག་དང་གཞས་གདངས་ཟུང་གི་གཟེངས་རྟགས་བསྩལ་བར་མ་ཟད། རྒྱལ་ཡོངས་ཀྱི་ཆེད་ལས་གཞས་གདངས་དང་གཞས་ཚིག་རྩོམ་མཁན་གྲགས་ཅན་འགའ་རེས་ཁམས་པའི་བརྙན་འཕྲིན་དང་ཀྲུང་གོའི་བོད་ཀྱི་རོལ་དབྱངས་དྲ་ངོས་བརྒྱུད་ནས་གླུ་དབྱངས་འདི་ལ་ཁས་ལེན་དང་གདེང་འཇོག་ཚད་མཐོན་པོ་གནང་འདུག
གསར་འགོད་པ། ང་རང་རྒྱུན་པར་ཁོམ་ལོང་བྱུང་ཚེ་གཞས་ལ་ཉན་རྒྱུར་ཧ་ཅང་དགའ་པོ་ཡོད། ཁྱེད་ཀྱི་བརྩམས་ཆོས་ཆོས་ལས་ཉན་སྤྲོ་བའི་གཞས་ནི《མ་རྒས་པའི་སྡུག་བསྔལ་བུ་ལ་ལྕི》ཟེར་བ་དེ་ཡིན། གཞས་དེའི་ཚིག་དང་གདངས་གཉིས་ཀ་ཁྱེད་ཀྱིས་བརྩམས་པ་དང་། སྐབས་དེར་སྤྱི་ཚོགས་སྟེང་ཆེས་དགའ་བསུ་ཐོབ་པའི་གཞས་ཤིག་ཏུ་གྱུར་ཡོད། གཞས་ཚིག་དེ་བརྩམས་པར་རྒྱབ་ལྗོངས་གཏམ་རྒྱུད་ཅི་འདྲ་ཡོད་པ་དང་། དེ་དང་འབྲེལ་བའི་མྱོང་ཚོར་འགའ་གསུང་རོགས།
གནམ་ལྷ་ཐར། འོ་ཡ། ལགས་སོ།། གླུ་དབྱངས《མ་རྒས་པའི་སྡུག་བསྔལ་བུ་ལ་ལྕི》ཟེར་བ་དེ་དབྱངས་བཞི་ཚན་སྡེབ་ཀྱིས་འོད་སྡེར་དུ་བཀྲམ་པ་ནས་དངོས་གནས་བོད་སྤྱི་ཚོགས་ནང་ལ་གྲགས་འགུལ་མི་ཉུང་བ་ཞིག་བཟོས་སོང་སྙམ། དོན་དམ་པར་གླུ་དབྱངས་དེ2006ལོའི་དགུན་ཁར་བདག་གིས་ཀྲུང་དབྱངས་མི་རིགས་སློབ་ཆེན་དུ་བྲིས་པ་ཞིག་ཡིན། དགུན་ཁའི་པེ་ཅིན་ནི་གྲང་ངར་ཆེ་ལ་ལྷག་རླུང་རྒྱུན་དུ་གཡུག་པ་ཞིག་ཡིན་པར་མ་ཟད། ཕ་ཡུལ་དང་བསྡུར་ཚེ་ཆུ་ཚོད་གཅིག་ཙམ་གྱི་སྔོན་ལ་ས་རུབ་འགྲོ་བ་ཞིག་ཡིན་པས། གྲོང་ཁྱེར་དེའི་ནམ་ཟླ་དང་ཁོར་ཡུག་ལ་ཤིན་ཏུ་མི་ལོབས་པ་ཞིག་བྱུང་། དེ་བས་ཉིན་རྒྱུན་ས་རུབ་ཁ་ཞིག་ལ་ཕ་ཡུལ་དྲན་ཞིང་སྒོས་སུ་ན་སོ་རྒས་པའི་དྲིན་ཆེན་མ་ལོ་ལྷག་པར་དྲན། གཟའ་སྤེན་པའི་ཉིན་ཞིག་གི་ཕྱི་དྲོ་ང་རང་གཅིག་པུ་རྣོ་སྦྲེང་ཁང་དུ་སུན་སྣང་དང་བཅས་སྡོད་དུས་ཤིག་ལ། སྒེའུ་ཁུང་ཕྱི་རོལ་ནས་ངའི་མ་ལོའི་སྐད་འདྲ་བ་ཞིག་ཐོས་བྱུང་བའི་མོད། མ་ལོ་མི་སྲིད་པ་རང་སེམས་ན་གསལ་ཡང་ལྟ་འདོད་ཀྱི་འདུན་པ་ཞིག་གིས་ཀུན་ནས་བསླངས་ཏེ་སྒེའུ་ཁུང་ནས་ཕྱི་རོལ་དུ་བལྟས་ཚེ། སྐྲ་ལོ་དུང་ལྟར་དཀར་ཞིང་ན་ཚོད་ངའི་མ་ལོ་དང་མཉམ་པའི་རྒྱ་རིགས་རྒན་མོ་ཞིག་ཚོད་མ་ཉོ་རུ་ཕྱིན་ཏེ་ཕྱིར་ཡོང་སྐབས་ཏག་ཏག་སྒེའུ་ཁུང་ཕྱི་རོལ་དེ་ན་བྱ་སྒོང་དང་སྔོ་ཚོད་བླུགས་པའི་སློ་མ་ཞིག་སར་བཞག་ནས་ངལ་གསོས་འདུག  ངས་ཡང་དང་ཡང་དུ་སྒེའུ་ཁུང་ནས་ཁོ་མོར་བལྟས་པའི་མོད། ཨ་མ་རྒན་མོ་ཅུང་ཙམ་ནས་ཡར་ལངས་ཏེ་ས་ལ་བཞག་པའི་སློ་མ་བཟུང་ཞིང་དལ་བ་དལ་བུར་ཕེབས་སོང་། དེ་ནས་ངས་ནི་ཁོ་མོའི་རྒྱབ་གཟུགས་ལ་ལྟ་བཞིན་རང་གི་དྲིན་ཆེན་མ་ལོ་ལྷག་པར་དྲན་ཞིང་། ཕ་ཡུལ་གྱི་མ་ཎི་ཁང་དང་མཆོད་རྟེན་ཁ། དེ་བཞིན་གཞས་ཀའི་སྒོ་ཕྱི་ནང་སོགས་གང་ས་གང་དུ་མ་ལོ་ཇི་ལྟར་རྒྱུ་བའི་རྣམ་པ་དེ་ཡིད་ལ་གློག་བརྙན་བཞིན་དུ་ཤར་བྱུང་བས། མིག་གཉིས་ནི་མཆི་མས་བསྒྲིབས་ཏེ་རབ་རིབ་ཏུ་གྱུར། དེ་ནས་གཅིག་པུར་རྣོ་སྦྲེང་ལ་ཁེན་ཏེ་ཇ་ཡུན་ཙམ་འགོར་རྗེས། 《མ་རྒས་པའི་སྡུག་བསྔལ་བུ་ལ་ལྕི》ཟེར་བའི་གླུ་དབྱངས་འདིའི་ཚིག་དང་དབྱངས་ནི་དཀའ་ལས་དཀའ་ཚེགས་ཅི་ཡང་མེད་པར་དགོང་མོ་དེར་ཆུ་ཚོད་གཉིས་གསུམ་ཙམ་གྱི་རིང་ལ་ལེགས་འགྲུབ་བྱུང་སོང་། དེ་ལས་ང་ལ་སེམས་བསྐྱེད་ཅིག་བྱུང་བ་ནི། གསར་རྩོམ་པ་ཞིག་ཡིན་ན་འཚོ་བ་དངོས་ལ་མྱོང་རོལ་ཡོད་དགོས་པ་དང་འཚོ་བ་དངོས་ཀྱི་ནང་དུ་ཞུགས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད་དེ། ཕྱི་རོལ་བྱ་དགོས་ཀྱིས་གང་གི་ནང་སེམས་ལ་ཕོག་ཐུག་གམ་ཟུག་གཟེར་ཞིག་བསྐྱེད་མ་ཐུབ་ཚེ།  ཁང་སྟོང་ནང་གི་ཅོག་ཙེ་བསྲུངས་ནས་གསར་རྩོམ་བྱེད་རྒྱུ་ཟེར་ན་དེ་ནི་གཏན་ཚིགས་དང་འགལ་ཞིང་རྒྱུ་འབྲས་དང་མི་མཐུན་པའི་ལས་ཀ་ཡན་གར་བ་ཞིག་རེད།
གསར་འགོད་པ། རེད། འོ་ན་ལོ་གསར་བའི་ནང་དང་ཡང་ན་མ་འོངས་པར། ཁྱེད་ལ་འཁྲབ་སྟོན་དང་གཞས་གདངས་གསར་རྩོམ་གྱི་ཐད་འཆར་གཞི་ཅི་འདྲ་ཡོད།
གནམ་ལྷ་ཐར། འོ་ལགས་སོ།། ངས་ནི་སྤྱི་པ་དང་མི་སྒེར་གང་ཞིག་ཡིན་ནའང་འདྲ། སྔོན་ཆད་བླངས་པའི་གྲུབ་འབྲས་ཙམ་ལ་ཡིད་ཚིམས་ཏེ་ཕྱིན་ཆད་ལ་འཆར་གཞི་དང་འགུལ་སྐྱོད་མེད་པར་སྡོད་པ་ནི་ཆེས་ཡིད་སྐྱོ་བའི་གནས་ཤིག་ཏུ་བགྲང་བཞིན་ཡོད། ང་ཚོ་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའམ་རྨ་ལྷོ་མི་རིགས་གླུ་གར་ཚོགས་པར་མཚོན་ན། ལོ་འདི་འགའི་ནང་གསར་རྩོམ་དང་འཁྲབ་སྟོན་གང་གི་ཐད་ནས་ཀྱང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་དང་ལེན་མུས་ཡིན། དེ་ལས་ང་རང་གིས་འཁྲབ་ཁྲིད་དང་མི་སྣ་གཙོ་གྲས་ཤིག་གི་འཁྲབ་འགན་ཁུར་བའི་ལོ་རྒྱུས་ཟློས་གར་ཆེན་པོ《སྲོང་བཙན་སྒམ་པོ》ལ2016དང2017ལོར་བསྟུད་མར་རྒྱལ་ཁབ་རིམ་པའི་གཟེངས་རྟགས་ཆེ་གྲས་འགའ་རག་པར་མ་ཟད། ཉིན་འགའི་སྔོན་ལ་ཡང་བསྐྱར་ཞིང་ཆེན་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་བགྱིས་པའི“གཅིན་ཅན་ལྔའི་བཟོ་སྐྲུན”གྱི་གཟེངས་རྟགས་ཐོབ། དེར་མ་ཟད་རྒྱལ་ཁབ་སྒྱུ་རྩལ་ཐེངས་རྩའི་ཁྱབ་སྤེལ་བརྗེ་རེས་མ་དངུལ་གྱི་ལས་གཞིའི་རོགས་དངུལ་ཡང་ཐོབ། དུས་མཚུངས་སུ2018ལོ་ལ་ང་རང་གིས་འཁྲབ་ཁྲིད་ཀྱི་འགན་ཁུར་ཏེ་འཁྲབ་སྦྱོང་བྱེད་འཆར་ཡོད་པའི་བོད་ཀྱི་ལྷ་སྒྲུང་ཟློས་གར《ཡིད་འཕྲོག་ལྷ་མོ》ལའང་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་ལས་གཞིའི་རོགས་དངུལ་ཐོབ་པའི་གཏམ་བཟང་བསྟུད་མར་བསྒྲགས་བྱུང་བས། 2018ལོ་ནི་ང་ཚོ་ལ་མཚོན་ན་གསར་རྩོམ་དབང་འཁྲབ་སྟོན་གཉིས་ཆ་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པའི་ལོ་ཞིག་ཡིན་ངེས་རེད། དེ་བས་ངས་རང་ལ་གསར་རྩོམ་གྱི་འཆར་འགོད་ཅིག་འཐེན་པ་ནི། གོང་གི་ཟློས་གར་ཆེན་མོ་དེ་གཉིས་ཀྱི་འཁྲབ་སྦྱོང་དང་འཁྲབ་སྟོན་གྱི་བྱ་བ་བཀོད་སྒྲིག་ཞིབ་ཚགས་རྒྱག་པའི་ཞོར་དུ། ཁོམ་ལོང་རེ་བྱུང་ཚེ་སྔོན་མ་ནང་བཞིན་གཞས་ཚིག་དང་གཞས་གདངས་གསར་རྩོམ་གྱི་ལས་ཀ་འདིའང་རྗེས་ལུས་མི་ཐེབས་པ་ཞིག་བྱ་རྒྱུ་དེ་ཡིན།
གསར་འགོད་པ། མཇུག་མཐར་གནམ་ལོ་གསར་བའི་ནང་ཁྱེད་ཀྱི་སྒྱུ་རྩལ་ལམ་ཁ་སྔར་ལས་ཡངས་པའི་བཀྲ་ཤིས་སྨོན་འདུན་ཞུ།
གནམ་ལྷ་ཐར། ཐུགས་རྗེ་ཆེ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...