སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྷ་རིས་སྒྱུ་རྩལ་པ་བསོད་ནམས་ཚེ་རིང་ལ་བཅར་འདྲི།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-12 9:41:00 རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀློག་གྲངས།


ལྷ་རིས་སྒྱུ་རྩལ་པ་བསོད་ནམས་ཚེ་རིང་།

     ས་ག་ཟླ་བའི་དཔལ་ཡོན་གྱིས་སྐྱེ་འགྲོ་ཡོངས་ལ་བག་ཡོད་ཞི་དུལ་གྱི་སྣང་བ་སྦྱིན་ནས་དབྱར་ཐོག་མའི་སྟ་གོན་ལ་རེམ་པའི་དུས་སྐབས་འདིར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་འཕྲིན་ལམ་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་གཉིས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན”ཞེས་པའི་བཅར་འདྲི་ཚོ་ཆུང་གིས་རྩེ་གཞུང་སྐྱིད་པའི་སྨན་ལྗོངས་ཀྱི་མཐོང་ཐོས་མྱོང་གསུམ་པར་མིག་ལ་སྤྲད་ཅིང་རྨ་ལྷོ་སོག་རྫོང་ཕྱུགས་ཀྱི་ཕ་སའི་དམངས་ཕན་སྲིད་ཇུས་དངོས་བྲིས་སུ་ཕབ་ནས་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་རུམ་ཁོང་དལ་གྱིས་འགྲིམས་ཙ་ན། སྙན་པའི་གྲགས་པ་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་ཏུ་འཆང་བའི་ཆོས་ཀྱི་སྡེ་ཆེན་པོ་རེབ་གོང་རོང་བོ་དགོན་ཆེན་ལྷམ་མེ་ལྷན་ནེར་འདྲེན་བྱེད་ཀྱི་རིས་སུ་བབས་བྱུང་ལ། བི་ཤྭ་ཀརྨའི་སོར་རྩེ་ལ་འགྲན་པའི་ལྷ་རིས་པ་རྣམས་ཀྱིས་འབྲི་བཞེངས་མཛད་པའི་ལྷ་སྐུ་དང་འབག་བཟོ། རྩིག་བཟོ་སོགས་ཀྱིས་མཚོན་པའི་སྒྱུ་རྩལ་གྱི་བརྩམས་ཆོས་རེ་རེས་རྒྱུས་མེད་ལྟད་མོར་འོང་བའི་ཡུལ་སྐོར་བ་རྣམས་ལ་ཚོན་གྱིས་བྲིས་པའི་ཡུལ་གྲུ་འདིའི་མཛེས་པ་མཐའ་དག་གཟེངས་སུ་བསྟད་ཡོད་པས་བལྟས་པ་ཙམ་གྱིས་ལྷ་རིས་སྒྱུ་རྩལ་གྱི་ཞིང་ཁམས་སུ་གྲགས་པའི་མིང་དོན་གཉིས་ལྡན་གྱི་མཚན་སྙན་བཟང་པོ་རྒྱུད་འཛིན་བྱས་ཡོད་པ་རེད།
     འདས་པའི་བགྲང་བྱ་བཞི་བཅུ་ནི་མིག་རྡེབ་ཡུན་གྱི་དུས་སུ་སྣང་བས་བྱ་དངོས་ཀུན་ལ་འགྱུར་ལྡོག་གི་གོ་རིམ་ངེས་ཅན་ཞིག་བརྒྱུད་མྱོང་བ་ཆོས་ཉིད་དུ་གྲུབ་རྐྱེན་ས་གནས་འདི་གའི་མང་ཚོགས་ཀྱིས་རང་ལམ་རང་གིས་བཙལ་ཞིང་རང་གི་ལག་ཟུང་གཉིས་ལ་བརྟེན་ནས་བརྩོན་པའི་མི་ཚེར་སྐྱིད་ཀྱི་ཕྱྭ་གཡང་འཁོར་བའི་ཕུགས་ཀྱི་འདུན་མ་བྲག་ལ་བརྐོས་ཤིང་མཐའ་རུ་བསྐྱལ་བས། འདས་པའི་བགྲང་བྱ་བཞི་བཅུར་ཕྱི་མིག་འཕངས་ཚེ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་བསམ་བློའི་གོ་རྟོགས། ཚོང་གི་ཁེ་སྒྲུབ། ཁྱིམ་གྱི་འཁོས་ཀ ལུས་ཀྱི་རྩོལ་བ་སོགས་ལའང་སྔོན་ཆད་དང་བསྡུར་ན་གནམ་སའི་འཕོ་འགྱུར་བྱུང་ཡོད་པ་རེད།
     བརྩོན་འགྲུས་ནི་བདེ་སྐྱིད་ཀྱི་གཞི་མ་ཡིན་པ་དང་། བརྩོན་འགྲུས་ལྡན་པའི་མི་ཚེ་ནི་ད་གཟོད་བདེ་སྐྱིད་ལྡན་པའི་མི་ཚེ་ཡིན་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་གནང་ཡོད་པ་རེད། སྤྱི་ཚོགས་ཤིག་ལ་མཚོན་ན། བརྩོན་འགྲུས་ནི་དུས་རབས་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ཤུགས་ཡིན་པ་དང་། མི་སྒེར་ལ་མཚོན་ནའང་བརྩོན་འགྲུས་ནི་རང་ཉིད་ནར་སོན་གྱི་ཐེམ་སྐས་ལྟ་བུ་ཡིན། ཨ་ཁུ་བསོད་ནམས་ཚེ་རིང་ལ་མཚོན་ན་མི་ལོ་བཞི་ཅུའི་ལང་ཚོའི་རིན་དོད་དེ་རང་གི་ཕ་མེས་ཡང་མེས་ཀྱིས་བཞག་པའི་ལྷ་རིས་སྒྱུ་རྩལ་ལ་བསྟིམས་ཤིང་དེར་བརྟེན་ནས་རང་གི་མི་ཚེའི་རིན་ཐང་རྙེད་པར་མ་ཟད་མི་རབས་རྗེས་མ་དང་ཡང་ན་རེབ་གོང་ས་ཆའི་སྲིད་འབྱོར་རིག་གསུམ་ཐད་ལའང་རང་ནུས་ཡོད་རྒུས་ལེགས་སྐྱེས་ཕུལ་དང་འབུལ་བཞིན་པའི་མི་བུ་ལྷག་བསམ་ཅན་ཞིག་རེད།


ལྷ་རིས་སྒྱུ་རྩལ་པ་བསོད་ནམས་ཚེ་རིང་གིས་བཞེངས་པའི་ལམ་རིམ་ཆེན་མོའི་ཐང་ག

     བསོད་ནམས་ཚེ་རིང་ལགས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གཉན་ཐོག་ཤང་རྐ་སར་གྲོང་ཚོ་ནས་ཡིན་པ་དང་། ཁོང་ལོ་བདུན་གྱི་སྟེང་རང་དང་གྲོང་ཚོ་གཅིག་པའི་དུད་ཚང་ཞིག་ལ་བུ་བསྐལ་དུ་ཕྱིན་པ་དང་། ལོ་གཅིག་འགོར་རྗེས་ལས་བསམ་སར་མི་འགྲོ་བསགས་སར་འགྲོ་ཞེས་པའི་དཔེ་བཞིན་ཕ་གཡར་འདས་པ་དང་། དེ་ནས་བཟུང་ཁྱིམ་ཚང་གི་འགན་ཡོངས་རྫོགས་ལོ་ན་བཅུ་གསུམ་ལོན་པའི་ཁོ་བོའི་ཕྲག་ཏུ་བབས་པས་འཚོ་རྟེན་གྱི་ཆེད་དུ་ཐོག་མར་རྐ་སར་གྱི་ལྷ་རིས་པ་གྲགས་ཅན་རྒན་ཀུན་བཟང་ལགས་ཀྱི་དྲུང་ནས་ལྷ་རིས་སྒྱུ་རྩལ་སྟེ་ཐང་ག་འབྲི་སྲོལ་ལོ་ལྔའི་རིང་འབད་བརྩོན་ངང་སྦྱོང་འགོ་བརྩམས། དེ་ནས་ལོ་བཅུ་དགུའི་ཐོག་སྒོ་ཕྱིར་གླ་རྒྱག་པར་འགྲོ་དགོས་ཀྱང་ལམ་གླ་མེད་སྟབས་ཐག་རིང་རྐང་པས་འཇལ་ནས་ཉིན་ཞག་གསུམ་ལྷག་སོང་ཙང་མདོ་སྨད་ཁྲི་ཀར་སླེབས་ཤིང་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ཏེ་འཚོ་བ་འཁྱོལ་ཙམ་བྱས། ཁོང་གིས་དེ་ལྟར་ཉིན་སྣེར་ཉིན་མཐུད་ཅིང་ཟླ་སྣེར་ཟླ་མཐུད་དེ་ཐང་ག་མང་པོ་ཞིག་བྲིས་པར་ཉིན་རེར་སྒོར་བཅུ་གསུམ་རེག་པས་སྐབས་དེའི་དགའ་ཚོར་ནི་བརྗོད་ཀྱིས་མི་ལང་ལ་སྨྲ་རུ་མི་གཏུབས་པའི་ཚེ་འདིའི་དགའ་སྤྲོ་ཆེ་ཤོས་དེ་ཡིན་ཞེས་སྔོན་གྱི་དཀའ་སྡུག་གི་འཚོ་བར་ཕྱིར་དྲན་བྱས་ཏེ་བརྗོད་བྱུང་།
     དེ་ཡང་གནའ་མི་བོད་ཀྱི་ཁ་དཔེ་བཞིན་མི་སྐྱིད་དུས་སྡུག་དུས། ། ཐང་སྐྱ་དུས་སྔོ་དུས། ། ཞེས་པ་ལྟར་ཁོང་ལྷ་རིས་སྒྱུ་རྩལ་ལ་དགའ་བའམ་དུང་བའི་འབད་བརྩོན་གྱི་དབང་གིས་དགེ་རྒན་མང་པོ་བརྟེན་ནས་མུ་རུ་ལྷ་རིས་སྒྱུ་རྩལ་ཕྱོགས་ལ་འབད་བརྩོན་བྱས་པ་རེད། རྔམ་མཐུག་པའི་རེབ་གོང་རིག་འབྱུང་ཡུལ་གྱི་རིག་གནས་ཀྱི་མཁའ་དབུགས་སྟུག་པོིའི་བར་གླགས་ནས་ཁོ་བོས་ལྷ་རིས་སྒྱུ་རྩལ་གྱི་ཁ་དོག་ལ་སྔར་མེད་ཀྱི་བཀྲག་མདངས་སྤྲོས་པར་སྟ་གོན་བྱས། མི་ཡོན་ཏན་ཅན་དང་གསེར་བཟུང་བ། ། ས་གང་དུ་ཕྱིན་ཀྱང་དེ་རུ་བྲིན། ། ཟེར་བའི་ལེགས་བཤད་གཏམ་གྱི་སྡོམ་ཚིག་ལྟར་སྤྱི་ལོ2002ལོར་ཁོང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ཆེད་ཞུས་དགེ་རྒན་དུ་གདན་དྲངས་ཏེ་བུ་སློབ་མང་དུ་བསྐྱངས།
     དེ་བཞིན་ཁོང་གིས་ལྷ་རིས་སྒྱུ་རྩལ་གྱི་བུ་སློབ་སྐྱོང་ཞོར་སྲོལ་རྒྱུན་རིག་གནས་ཀྱི་ཡ་མ་བྲལ་བའི་གནའ་རྫས་བསྡུ་ཉར་ཕྱོགས་ལ་དང་དོད་བྱས་ཤིང་སྔ་རྗེས་སུ་གནའ་རྫས་ལྔ་བརྒྱ་ལྷག་བསྡུ་ཉར་བྱས་ཡོད་པ་དང་། ལོ་ལྔའི་རིང་དཀའ་སྡུག་གི་རྔུལ་ཆུས་བྲིས་གནང་མཛད་པའི་རིང་ཚད་ལ་སྨི་བརྒྱ་ལྷག་ཅན་གྱི《ལམ་རིམ་ཆེན་མོའི་ཐང་ག》ཞིག་ལེགས་འགྲུབ་བྱུང་ཡོད་པ་དང་། ས་གནས་དེ་གར་རྒྱ་ཁྱོན་ལ་མུའུ88ཡོད་པའི་རྟེན་རྫས་བཤམས་སྟོན་ཁང་ཞིག་འཛུགས་སྐྲུན་བྱས་ཏེ་བོད་ཀྱི་ལྷ་རིས་སྒྱུ་རྩལ་གཙོས་གནའ་རྫས་ཤུལ་བཞག་དག་མྱུར་སྐྱོབ་དང་། བསྡུ་ཉར། རྒྱུད་འཛིན། དར་སྤེལ། ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་པ་སོགས་ཀྱི་ཐད་ནུས་པ་བླ་ལྷག་འདོན་རྒྱུའི་ཆོད་སེམས་བཅངས་ཡོད་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...