སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྩོམ་རིག་སྒྱུ་རྩལ་སྐོར་གྱི་དྲིས་ལན་འགའ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-20 9:31:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
རྩོམ་རིག་སྒྱུ་རྩལ་སྐོར་གྱི་དྲིས་ལན་འགའ།
ལན་འདེབས་མཁན། ཨ་ཁུ་རྒྱ་གྲོལ།
བོད་ཀྱི་སྙན་ངག་གི་བསམ་བློའི་ཁ་གཏད་ས་གང་ཡིན།
 ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། གངས་ཞུན།
     ལན། སྙན་ངག་ལ་ཚོད་འཛིན་བྱེད་པ་ནི་སྙན་ངག་འཕེལ་རྒྱས་ཀྱི་བཀག་སྡོམ་ཡིན་པས་མི་གཅིག་གིས་སྐད་ཆ་སྦོམ་པོ་བཤད་དེ་ཡོད་ཚད་ལ་ཚོད་འཛིན་བྱ་མི་རུང་། དེ་བས་ང་ཚོས་དེང་རབས་སྙན་ངག་གི་ཞབས་ཞུ་དང་སྒྱུ་རྩལ། གནས་བབས། ཀློག་པ་བོ་དང་འབྲེལ་བ་བཅས་ཕྱོགས་སོ་སོ་ནས་བལྟས་ནས་བཤད་ན་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་ལ་བརྟེན་དགོས་ཏེ་འདིས་མི་རིགས་ཤིག་གི་མདུན་ལམ་དང་ཁོར་ཡུག་སྐྱེ་དངོས་ཞི་བདེ་བཅས་ཀྱི་གནད་དོན་ཐག་གཅད་ཐུབ་པར་མ་ཟད། མི་རིགས་གཞན་དང་ཡང་ན་འཇིག་རྟེན་འདིའི་དཀའ་རྙོག་གི་གནད་དོན་ཡོད་ཚད་ཐག་གཅད་ཐུབ་པ་རེད། དེ་ཡང་ཡིན་ཏེ། མིག་སྔའི་འཇིག་རྟེན་འདི་ནི་ཆབ་སྲིད་པ་དང་། ཚན་རིག་པ། དཔལ་འབྱོར་བ་བཅས་ཀྱིས་གཡོ་སྒྱུ་འགྲན་བསྡུར་བྱ་སའི་གཡུལ་ས་ཞིག་ཏུ་གྱུར་པས་སྣོད་བཅུད་མཐའ་དག་གི་སྐེ་ལ་འབྲལ་དུ་མེད་པའི་ལྕེབས་ཐག་ཅིག་བཟོས་ཡོད་ཀྱང་ལྕེབས་ཐག་དེ་ནི་རྡུལ་ཕྲན་མཚོན་ཆ་མ་ཡིན་པར་མི་རང་གི་རྒྱུད་ཀྱི་གཅེས་འཛིན་འདི་ཉིད་ཡིན་པས་འདིའི་སྟེང་ང་ཚོས་རང་གི་བྱམས་དང་སྙིང་རྗེ། གཞན་ཕན་གྱི་བསམ་པ་འདིར་བརྟེན་ནས་འཇིག་རྟེན་གྱི“སྐྱུག་བྲོ་བའི་ཟློས་གར”འདི་དང་ཁ་གཏད་དུ་ལངས་ནས་བོད་ཀྱི་དེང་རབས་སྙན་ངག་འདི་འཛམ་གླིང་གི་རང་བཞིན་ཅན་དུ་འགྱུར་ཐུབ་པའི་ཡིད་ཆེས་ཡོད།
དེང་རབས་བོད་མི་རིགས་ལ་མཚོན་ན་སྙན་ངག་གོ་དཀའ་སླ་གཉིས་ལས་གང་མཁོ་ཆེ།
《སྤྲིན་གྱི་མེ་ཏོག》རྩོམ་སྒྲིག་ཁང་།
     ལན། སྙན་ངག་ནི་མིའི་རིགས་ཀྱི་སེམས་ཁོང་ནས་འཕྱོ་བའི་རོལ་དབྱངས་ཤིག་ཡིན་ལ་འགྲོ་བ་མིའི་རིགས་ལ་དེ་ལྟ་བུའི་རོལ་དབྱངས་ཤིག་འབྱུང་དོན་ཡང་འགྲོ་བ་མིའི་རིགས་ལ་ཆགས་སྡང་དང་བརྩེ་སེམས་ཡོད་པའི་རྐྱེན་གྱིས་རེད། མིའི་སེམས་ཁམས་མི་འདྲ་བའི་དབང་གིས་སྙན་ངག་ལ་གོ་སླ་མིན་གྱི་སོ་སོའི་ཁྱད་པར་ཡོད་པར་གྱུར། དེ་བས་སྙན་ངག་གོ་སླ་མིན་གནད་དེ་སྙན་ངག་གི་ངོས་ནས་ཡོད་ལ་ཀློག་པ་བོའི་ངོས་ནས་ཀྱང་ཡོད། སྙན་ངག་ཅིག་ལ་མཐའ་གཅིག་ཏུ་གོ་སླ་བ་ཡིན་ཞེས་པའམ་མཐའ་གཅིག་ཏུ་གོ་དཀའ་བ་ཡིན་ཞེས་བརྗོད་ན་ཅུང་མི་འཚམས་ཏེ་ལ་ལས་གོ་སླ་བ་ལ་ལར་གོ་དཀའ་བར་འགྱུར་བས་ངེས་པ་གཏན་ནས་མེད་པའི་ཕྱིར་རོ། །
     སྙན་ངག་གོ་སླ་མིན་དེ་སྙན་ངག་པ་དང་ཀློག་པ་བོའི་བསམ་པའི་འཁྱེར་སོ་དང་མཐུན་མིན་ལ་ཐུག་ཡོད་དེ། བོད་མི་རིགས་ཀྱི་བསམ་པའི་འཁྱེར་སོ་དང་མི་མཐུན་པའི་སྙན་ངག་དེ་མི་རིགས་ག་གེ་མོའི་བསམ་པའི་འཁྱེར་སོ་དང་མཐུན་ན་དེར་གོ་སླ་བ་ཡིན་རུང་ང་ཚོའི་མི་རིགས་འདིས་གོ་དཀའ་བ་སྨོས་མེད་ཡིན་ཏེ་དཔེར་ན་“ཆུ་སྲིན་གྱི་མིག་ཆུ”་ཞེས་པའི་ཚིག་འདི་ལྟ་བུ་སྙན་ངག་ལས་འབྱུང་ན་ང་ཚོ་བོད་པས་ཤིན་ཏུ་གོ་དཀའ་བ་སྟེ་ང་ཚོས་བསམ་པའི་འཁྱེར་སོ་ལས་བལྟས་ན་དེ་ལ་གཡོ་སྒྱུའི་ནང་དོན་ཞིག་ཡོད་པ་གཏན་ནས་གོ་མི་ཐུབ་ནའང་ཕྱི་གླིང་བས་དེ་མ་ཐག་ཏུ་གོ་བར་འགྱུར་བས་སོ། །དེ་བཞིན་བོད་ཀྱི་“གངས་སེང་དཀར་མོ”དང་“ཚེར་མའི་མེ་ཏོག”“ཝ་མོའི་འཛུམ་དཀར་”སོགས་ནི་བོད་རང་གི་བསམ་པའི་འཁྱེར་སོ་ལྟར་ན་ཤིན་ཏུ་གོ་སླ་བ་ཡིན་མོད་མི་རིགས་གཞན་པར་མཚོན་ན་གོ་དཀའ་བ་སྨོས་ཅི་དགོས། འདི་ནི་སྤྱིའི་ཆ་ནས་བཤད་ན་རྒྱུན་ཤེས་ཤིག་རེད། བྱེ་བྲག་གི་ཆ་ནས་བཤད་ན་ལག་ལེན་ཞིག་རེད། དེ་བཞིན་མི་རེ་རེའི་བསམ་པའི་འཁྱེར་སོ་མི་འདྲ་བའི་དབང་གིས་གོ་སླ་མིན་སྣ་ཚོགས་འབྱུང་བའང་བཤོལ་ཐབས་མེད་པ་ཞིག་རེད།
     དེ་བས་ང་ཚོས་གོ་དཀའ་བ་ལ་དབྱེ་ཞིབ་བྱས་ན་ད་དུང་མེ་ལོང་མའི་གོ་དཀའ་བ་དང་དེང་རབས་ཀྱི་གོ་དཀའ་བ་དང་འབྲི་མ་ཤེས་པའི་དབང་གིས་གོ་དཀའ་བ་དག་ཡོད་ལ་མེ་ལོང་མའི་གོ་སླ་མིན་དེ་གཙོ་བོ་རྩོམ་གྱི་ངོས་ནས་ཡིན་ལ་དེར་ཚིག་སྡུད་དང་ཡུལ་སྲོལ་ལས་བརྒལ་བའི་འུད་བརྗོད་ཀྱིས་ཀློག་པ་བོའི་བསམ་པའི་འཁྱེར་སོ་དང་མ་མཐུན་པས་གོ་དཀའ་བར་གྱུར་ནའང་གོ་དཀའ་བ་དེ་ཀློག་པ་བོའི་བསམ་པའི་གོ་རྟོགས་ལ་འབྲེལ་བ་མེད་པ་ཞིག་གཏན་ནས་མ་ཡིན་ཏེ་ཀློག་པ་བོ་སྐད་ཡིག་གི་ཆུ་ཚད་ཇི་ལྟར་མཐོ་ན་དེ་ལྟར་གོ་སླ་བ་ཡིན། དེང་གི་སྙན་ངག་གསར་བ་གོ་སླ་མིན་དེ་མཚོན་བྱ་དང་མཚོན་བྱེད་ཀྱི་འབྲེལ་བའི་ངོས་ནས་མི་རིགས་ཀྱི་བསམ་པའི་འཁྱེར་སོ་དང་མ་མཐུན་པས་གོ་དཀའ་བར་གྱུར་པ་ཡིན་པས་ཀློག་པ་བོའི་སྐད་ཡིག་གི་ཆུ་ཚད་དང་འབྲེལ་བ་མེད།
     སྤྱིར་བཤད་ན་གོ་སླ་མིན་ནི་སྙན་ངག་གི་ཁྱད་ཆོས་སྟེང་དུ་འགལ་བ་མིན་ཏེ་སྙན་ངག་གཅིག་གི་སྟེང་དུ་གོ་སླ་མིན་གཉིས་ཀའི་ཁྱད་ཆོས་ཡོད་མོད། ང་ཚོས་མི་རིགས་རིང་ལུགས་ཀྱི་མིག་ཟུང་གིས་སྙན་ངག་འབྲི་བ་ནི་མི་རིགས་ཀྱི་ཆེད་དུ་ཡིན་པས་སྙན་ངག་པའི་ཆེད་དུ་མིན་ལ་ཀློག་པ་བོས་སྙན་ངག་ཀློག་པ་ཡང་སྙན་ངག་གི་ཆེད་དུ་མིན། སྙན་ངག་གི་ཁ་གཏད་ས་མི་རིགས་འདི་ཡིན་པས་སྙན་ངག་གི་བསམ་པའི་འཁྱེར་སོ་དང་མཚོན་བྱ་མཚོན་བྱེད་ཀྱི་ཐད་ནས་མི་རིགས་འདིའི་ཁྱད་ཆོས་གཞིར་བཟུང་ན་ཚིག་གི་སྒྱུ་རྩལ་གྱི་ཚད་གཞི་ལ་གནོད་པ་མི་འབྱུང་བའི་ཁར་སྙན་ངག་དེ་མི་སྒེར་གྱི་སྙན་ངག་ནས་མི་རིགས་ཀྱི་སྙན་ངག་ཏུ་འགྱུར་ལ་སྙན་ངག་གིས་མི་རིགས་ཀྱི་སླད་དུ་ནུས་པ་ཆེན་པོ་འདོན་ཐུབ་པས་ཤིན་ཏུ་ལེགས་སྙམ།
《ལང་ཚོའི་རྦབ་ཆུ》བྱུང་བ་ནས་གཞོན་སྐྱེས་ཚང་མ་རང་མོས་སྙན་ངག་ལ་དགའ་བར་གྱུར་ཏེ་
དུས་དེབ་སྣ་ཚོགས་ཀྱི་སྟེང་དུ་སྤུས་ཀ་ཞན་པའི་རང་མོས་སྙན་ངག་སྣ་ཚོགས་ཤིག་
མཐོང་རྒྱུ་འདུག་པས་རང་མོས་སྙན་ངག་ལ་བརྗོད་བྱ་དང་རྗོད་བྱེད་རྣམ་པ་
ཇི་ལྟ་བུའི་བཀག་རྒྱའི་གཞུང་ལུགས་བསྐྲུན་ན་འགྲིག་གམ། 
མཚམས་ཁང་དགོན། བློ་བཟང་རྒྱ་མཚོ།
     ལན། ངའི་བསམ་པར་སྙན་ངག་གསར་དུ་འབྲི་བའི་དུས་སུ་སྤུས་ཀ་ཞན་པའི་སྙན་ངག་གང་མང་ཞིག་འབྱུང་བ་ནི་ཆོས་ཉིད་ཅིག་ཡིན་ལ་དེས་ང་ཚོའི་སྙན་ངག་ནར་སོན་པའི་བརྒྱུད་རིམ་ཞིག་ཡིན་པས་བཀག་འགོག་གཏན་ནས་བྱེད་མི་རུང་སྟེ།  དེས་ང་ཚོའི་སྙན་ངག་དར་རྒྱས་སུ་འགྲོ་བར་ཕན་པ་ལས་གནོད་ཅི་ཡང་མེད།
     གཞུང་ལུགས་ནི་ལག་ལེན་གྱི་སྡོམ་ཚིག་སྟེ་དེས་ལག་ལེན་ལ་སྐུལ་འདེབས་ཆེན་པོ་གདོན་སྲིད་ཅིང་། ལྷག་པར་ལས་དང་བོར་སྙན་ངག་འབྲི་བར་སློབ་སྟོན་བླ་ན་མེད་པ་ཞིག་སྟོན་སྲིད་པས་སྙན་ངག་གི་གཞུང་ལུགས་ཤིག་བསྐྲུན་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན་ལ། ང་ཚོས་བརྩོན་པ་བྱ་དགོས་པ་ཞིག་ཀྱང་ཡིན་མོད། གཞུང་ལུགས་དེས་ནམ་ཡང་ལག་ལེན་ལ་བཀག་རྒྱ་བཟོ་མི་ཐུབ་ལ། བཟོ་ཡང་མི་འོས་ཏེ། སྙན་ངག་གི་ལག་ལེན་ནི་སོ་ན་གནས་པ་མ་ཡིན་པར་སྙན་ངག་པའི་རིག་པའི་རྩལ་གྱིས་དར་རྒྱས་སུ་འགྲོ་ངེས་པ་ལས་བཀག་རྒྱ་བཟོ་བ་ནི་གནོད་བྱེད་ལས་མེད་དོ། །
ད་ལྟ་བོད་ཁུལ་དུ་རྩོམ་རིག་སྐོར་གྱི་དུས་དེབ་དང་ཚགས་པར་མང་བོ་བྱུང་དང་འབྱུང་མུས་ཡིན་པ་
འདིས་བོད་ཀྱི་སྤྱི་ཚོགས་ལ་ནུས་པ་གང་འདྲ་ཐོན་སྲིད།  
མང་རའི་དགོན་ཆེན། ཕྱག་ཤུལ་སྤྲུལ་སྐུ།
     ལན། སྐད་ཡིག་ནི་མི་རིགས་དེའི་ཚེ་སྲོག་རེད་ལ་མི་རིགས་དེ་དར་རྒྱས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་རེད། གལ་ཏེ་སྐད་ཡིག་ཉམས་ཚེ་དཔལ་འབྱོར་ཡར་རྒྱས་སུ་སོང་ནའང་དོན་གྱིས་མི་རིགས་དེ་ཡར་རྒྱས་སུ་སོང་བ་མིན་པར་ཕམ་ཁ་མྱངས་པ་རེད། དེ་ཕྱིར་སྐད་ཡིག་མི་བསམ་པར་མི་རིགས་བསམ་མཁན་དག་ནི་མི་རིགས་འདི་མུན་པར་སྐྱེལ་མཁན་སྐོར་ཅིག་རེད།
     དེའི་ཕྱིར་སྐད་ཡིག་དར་རྒྱས་སུ་གཏོང་བ་དང་མི་རིགས་འདིའི་བཟང་སྤེལ་ངན་འགོག་གི་ནུས་པ་འདོན་མཁན་ནི་དུས་དེབ་དང་ཚགས་པར་ཡིན་ལ་འདིས་མི་རིགས་ཤིག་གི་ཁ་ཕྱོགས་དང་ཁ་ཚ་དགོས་གཏུག་གི་གནད་དོན་མང་བོ་ཐག་གཅོད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་པས་སྐད་ཡིག་ལ་བརྟེན་ནས་མི་རིགས་སྐྱོབ་པའི་བསམ་བློ་དེ་ཡང་འདི་ལས་མངོན་པར་གསལ་བ་ཞིག་ཡིན། དེའི་ཕྱིར་མིག་སྔར་བོད་ཀྱི་སྤྱི་ཚོགས་སུ་བོད་ཡིག་མཁོ་མེད་སྨྲ་བའི་ཁ་གཏད་དུ་ལངས་ནས་དུས་དེབ་དང་ཚགས་པར་མང་བོ་ཐོན་པ་འདིས་མིག་སྔར་ཡིན་ནའང་འདྲ། མ་འོངས་པར་ཡིན་ནའང་འདྲ། ནུས་པ་ཆེན་པོ་ཐོན་ངེས་ལ་གདོན་ཡང་འོས་ཏེ་དེ་མིན་བོད་ཡིག་མཁོ་མེད་སྨྲ་བ་འདི་རྒྱ་ཡན་དུ་སོང་བ་ཞིག་ཡིན་པས་ཉེན་ཁ་ཤིན་ཏུ་ཆེ།
     འོན་ཀྱང་དེང་གི་དུས་དེབ་དང་ཚགས་པར་ཐམས་ཅད་རྩོམ་རིག་གི་ལས་དོན་གཙོ་བོར་འཛིན་པས་འདི་ཙམ་གྱིས་མི་རིགས་འདིར་ཆ་ཚང་བའི་ནུས་པ་ཞིག་མི་ཐོན་ཏེ་དེས་དཔལ་འབྱོར་དང་ཆབ་སྲིད་ཕྱོགས་ཀྱི་དགོས་མཁོ་སྐོང་མི་ཐུབ་པས་སོ། །
     དེའི་ཕྱིར་བོད་ཀྱི་དུས་དེབ་དང་ཚགས་པར་དག་རྩོམ་རིག་ཁོ་ན་མི་བསམ་པར་བསམ་གཞིག་གི་ནུས་པ་དང་ཞབས་ཞུ་ཡི་ནུས་པ་བཅས་ཕྱོགས་གང་ཐད་ནས་རྒྱ་སྐྱེད་ཅིང་བསྐྱར་བཟློས་མི་ཡོང་བའི་ཐབས་ལ་འབད་དགོས། མིག་སྔའི་གནས་བབས་ལ་བལྟས་ན། ཆབ་སྲིད་དཔྱད་བརྗོད། དཔལ་འབྱོར་དཔྱད་ལྒིང་། སྒྲ་བསྒྱུར། སྤྱི་ཚོགས་དཔྱད་བརྗོད། སྤྱི་ཚོགས། ཆོས་ལུགས། མཚན་ཉིད་རིག་པ། གོམས་སྲོལ། དེང་རབས་འབྲེལ་འདྲིས། བགྲོ་ལྒིང་། བཅོས་བསྒྱུར་ཞིབ་འཇུག རི་མོའི་སྐྱེད་ཚལ། བཟོ་རིག་བེད་སྤྱོད། ཚན་རྩལ་གསར་བ། མིང་བརྡ་ཞིབ་འཇུག རོལ་དབྱངས་ཟློས་གར། ཡ་རབས་སྤྱོད་བཟང་། ཡིག་སྒྱུར་ཞིབ་འཇུག་བཅས་ཀྱི་དུས་དེབ་ཀྱང་ངེས་པར་མཁོ། དེ་མིན་རྩོམ་རིག་ཕྱོགས་ནས་ཡར་རྒྱས་འབྱུང་ངེས་ཀྱང་དེ་ཙམ་གྱིས་མི་རིགས་འདིར་ཆ་ཚང་བའི་ནུས་པ་ཞིག་གདོན་མི་ཐུབ་པས་ཀུན་གྱིས་ཐུགས་བསམ་བཞེས་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན།
ཐང་གའི་སྒྱུ་རྩལ་ནང་དུ་ཕྱི་གླིང་གི་རི་མོའི་སྒྱུ་རྩལ་ནང་འདྲེན་བྱས་ན་
བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཞིག་ཆགས་ཐུབ་བམ།
མཚོ་སྔོན་མི་རིགས་སློབ་གླིང་སྒྱུ་རྩལ་སྡེ་ཁག ཚེ་རིང་རྡོ་རྗེ།
     ལན། རིག་གནས་གང་ཞིག་ཡིན་རུང་དེའི་ནང་དུ་གཞན་ཞིག་མ་འདྲེས་པ་མི་སྲིད་ལ་གཞན་ཞིག་འདྲེས་དགོས་དོན་ཡང་རིག་གནས་དེ་དར་རྒྱས་གཏོང་བའི་ཆེད་དུ་རེད། སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས་ཞེས་པའང་མཐར་གཏུག་ན་སྲོལ་རྒྱུན་རིག་གནས་ཀྱི་ཞན་ཆ་དོར་ནས་རིག་གནས་གསར་བའི་ལེགས་ཆ་བླངས་ཏེ་དེར་ཁ་སྐོང་གིས་ཇེ་ལེགས་ཇེ་བཟང་དུ་གཏང་དགོས་ཞེས་པ་དེ་རེད།
     ཡིན་ནའང་། ང་ཚོས་ལེགས་ཆ་ལེན་པའི་རྒྱུད་རིམ་ཁྲོད་དུ་རང་ཚུགས་འབོར་མི་ཉན་ཏེ་རང་གི་སྐྱོན་ཆ་དང་ལེགས་ཆ་མཉམ་དུ་བསྲེས་ནས་འབོར་མི་རུང་། རིག་གནས་དར་སྤེལ་གཏོང་བའི་རྒྱུད་རིམ་ནང་རང་གི་བསམ་བློའི་འཁྱེར་སོ་དང་འདུ་ཤེས་འཛིན་སྟངས་སོགས་སྲོལ་རྒྱུན་གྱི་རིག་གནས་དེ་དག་སྙིང་བོར་གཟུང་དགོས།
     མདོར་ན། དེང་རབས་ཅན་དེ་མི་རིགས་ཅན་དུ་གཏོང་མ་ཐུབ་ན་དེང་རབས་ཅན་གྱིས་བསྐྱེལ་ཡོང་བ་ནི་མི་རིགས་ཀྱི་རང་ཚུགས་བོར་བ་དེ་ཡིན། འདི་ནི་དེང་རབས་ཅན་གྱི་མདུན་དུ་འཕྲད་པའི་གནད་དོན་ཆེན་པོ་ཞིག་ཡིན་ཏེ། དེ་བས་པཎ་ཆེན་རིན་པོ་ཆེས། ལྷ་སས་ཀྱང་དེང་རབས་ཅན་ལ་བསྙེག་དགོས་མོད། ལྷ་སའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་བསྙེགས་པ་ལས་ཞང་ཀང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་བསྙེགས་མི་རུང་། ཞེས་གསུངས་ནི་འདིའི་ཐད་ཀྱི་སློབ་སྟོན་གལ་ཆེན་ཞིག་རེད།
     ལྷག་པར་སྒྱུ་རྩལ་ནི་སྒྱུ་རྩལ་ཞིག་ཡིན་པས་ངེས་པར་སྒྱུ་རྩལ་གྱི་ཁྱད་ཆོས་དགོས་ཏེ། སྒྱུ་རྩལ་གྱི་ཁྱད་ཆོས་ཞེས་པ་ནི་ཇི་མ་ཇི་བཞིན་དཔར་བ་མིན་ལ་མ་ཡིག་ཇི་བཞིན་འབྲི་བའང་མིན། རི་མོ་བ་དང་སྒྱུ་རྩལ་བའང་མི་འདྲ་སྟེ། དཔེར་ན་བྱི་བ་ཇི་མ་ཇི་བཞིན་འབྲི་ཤེས་པ་ཙམ་གྱིས་རི་མོ་བ་ཡིན་མོད། སྒྱུ་རྩལ་བ་མིན་ཏེ་སྒྱུ་རྩལ་བ་ཞིག་ཡིན་ན་བྱི་བའི་དགའ་སྐྱོ་དང་དེའི་གནས་སྟངས་ཇི་བཞིན་མཚོན་ཐུབ་པའི་བྱི་བ་ཞིག་འབྲི་ཤེས་དགོས། འདི་ནི་སྙན་ངག་པ་དང་རི་མོ་བ་གཅིག་འདྲ་ཡིན་ཏེ་ཕྱི་གླིང་བ་ཞིག་གིས་རི་མོ་ནི་མིག་གིས་བལྟ་བྱའི་སྙན་ངག་ཡིན་ལ་སྙན་ངག་ནི་རྣ་བས་མཉན་བྱའི་རི་མོ་རེད་ཅེས་བཤད་དོན་ཡང་གནད་དེ་ལ་ཐུག་ཡོད།
     དེ་བས་ཐང་གའི་སྒྱུ་རྩལ་ལྒིང་ན་སྒྱུ་མའི་སྤྲུལ་བ་ལྟ་བུའི་རྩལ་ཞིག་དགོས་པ་སྟེ་དེ་མེད་ན་སྒྱུ་རྩལ་ཞེས་པའི་མིང་མི་ཆགས། ང་ཚོས་ཐང་གའི་འབྲི་སྟངས་ལ་བལྟས་ན་མང་ཆེས་པས་སྤྱི་འགྲོས་ཤིག་གིས་འབྲི་བཞིན་ཡོད་པ་དེས་སྒྱུ་རྩལ་ཞིག་མཚོན་མི་ཐུབ་ལ་ལྷ་བཟོ་མང་བོ་ཞིག་གིས་མིའི་འདྲ་རིས་ཤིག་ཀྱང་ཇི་མ་ཇི་བཞིན་འབྲི་མི་ཐུབ་པ་དེས་སྒྱུ་རྩལ་པ་ཕར་ཞོག་རི་མོ་བ་ཞིག་ཀྱང་མིན་པ་གསལ་བོར་མཚོན་པ་རེད།
     ང་ཚོས་བོད་ཀྱི་ཐང་ག་མང་བོ་ཞིག་ལ་བལྟས་ན་རྒྱུན་ཤེས་ཆ་ནས་ཀྱང་ནོར་འཁྲུལ་མང་བོ་བྱུང་ཡོད་དེ་བར་ཐག་བཞིན་གཟུགས་རིས་ཆེ་ཆུང་དང་། རི་མོ་ཚང་མ་ལེབ་ལེབ་སྟེ་དྲས་དྲུབས་ལྟ་བུ་དང་བཞིན་རས་སོགས་ཀྱང་ལྷ་ཚང་མ་ཇི་མ་ཇི་བཞིན་ཡིན་པ་སོགས་རི་མོ་འབྲི་མི་ཤེས་པ་ཚོས་ཀྱང་གསལ་བོར་མཐོང་ཐུབ་པ་སོགས་གསོན་ཉམས་ཅི་ཡང་མེད་ལ་སྟོན་པའི་ཐང་ག་ལ་བལྟས་ན་ཁོང་གི་བླ་ན་མེད་པའི་ཐུགས་རྒྱུད་མཐོང་མི་ཐུབ་ལ། འཇམ་པའི་དབྱངས་ཀྱི་ཐང་ག་ལས་ཁོང་གི་ཤེས་རབ། སྤྱན་རས་གཟིགས་ཀྱི་ཐང་ག་ལས་ཁོང་གི་སྙིང་རྗེ། སྒྲོལ་མའི་ཐང་ག་ལས་ཁོང་གི་བྱམས་བརྩེ་ཅི་ཡང་མྱོང་མི་ཐུབ། ལྷག་པར་ཁོར་ཡུག་གི་རི་ལྗོངས་ཀྱིས་ཐང་གའི་བསམ་བློ་ལ་རམ་འདེགས་ཅི་ཡང་མི་ཐུབ་པ་དང་། ཉམས་འགྱུར་ལས་ནང་གི་བསམ་བློ་ཅི་ཡང་མཚོན་མི་ཐུབ། ལྷ་སྐུ་ཚང་མ་གཅིག་འདྲ་ཡིན་ལ་ཁོང་ཚོས་གོན་པ་དང་ཉམས་འགྱུར་སོགས་ཀྱང་ཕལ་ཆེར་དཔར་གཅིག་ལས་བླངས་པ་འདྲ། འདི་ནི་ང་ཚོའི་ཐང་གའི་གནད་དོན་ཞིག་ཡིན་ལ་འདི་ལྟ་བུའི་གནད་དོན་ཐེར་འདོན་བྱེད་དོན་ནི་བོད་ཀྱི་ཐང་གའི་སྒྱུ་རྩལ་དང་བོད་ཀྱི་ལྷ་བཟོ་ཚོའི་སྒྱུ་རྩལ་གྱི་ལག་ཐབས་ཇེ་མཐོར་གཏོང་བའི་ཆེད་ཡིན་པ་ལས་དེ་དག་ལ་ངན་མཚང་འབྱིན་པ་དང་མ་དགའ་བར་བཤད་པ་མིན།
     གནད་དོན་དེ་ལས་བལྟས་ན་བོད་ཀྱི་ཐང་གའི་འབྲི་སྟངས་ལ་ལེགས་བཅོས་བྱ་དགོས་པ་གསལ་བཤད་བྱས་ཡོད་ལ་དེ་ལྟར་བྱེད་པ་ལ་ངེས་པར་ཕྱི་གླིང་གི་རི་མོའི་སྒྱུ་རྩལ་ནང་འདྲེན་བྱ་དགོས་པ་ཞིག་མིན་ཏེ། མི་རང་གི་རྣམ་དཔྱོད་ཀྱིས་གསར་གཏོད་ལ་སུས་ཀྱང་ཚད་བཀག་བྱེད་མི་ཐུབ། ཡིན་ནའང་།  ད་ལྟ་ང་ཚོས་གང་ལའང་མ་བརྟེན་པར་ཕྱི་གླིང་གི་འབྲི་ཐབས་དེ་དག་ཟིལ་གྱིས་ནོན་པ་ཞིག་གསར་གཏོད་བྱེད་དཀའ་བས་ང་ཚོས་འོས་འགན་ནི་ཕྱི་གླིང་བའི་རི་མོའི་སྒྱུ་རྩལ་ནང་འདྲེན་བྱ་རྒྱུ་དེ་ཡིན་ལ་ནང་འདྲེན་བྱ་བའི་རྒྱུད་རིམ་ནང་དུ་རང་གི་རིག་གནས་ཀྱིས་གཞི་རྐང་བྱས་ཏེ་རང་ལ་འཕྲོད་པ་དེ་ནང་འདྲེན་བྱ་དགོས། དཔེར་ན་དེང་རབས་ཀྱི་ལག་རྩལ་སྤྱད་ནས་བལ་གྱི་ཐགས་འཐག་པ་བཞིན་བྱས་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཞིག་ཆགས་པར་གདོན་མི་ཟ། སྒྱུ་རྩལ་པ་ཞིག་ལ་མཚོན་ན་མི་རིགས་ཀྱི་ཁྱད་ཆོས་འཛོམས་པ་ཞིག་ཏུ་བསྙེག་དགོས་པ་སྨོས་མེད་ཡིན་མོད། ད་ལྟའི་ཐང་ག་དག་བཞིན་ཡོད་ཚད་དཔར་གཅིག་ལས་ཐོན་པ་བཞིན་བྱུང་ན་ཤིན་ཏུ་མི་ལེགས་ཏེ་གཙོ་བོ་རང་ཉིད་ལའང་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་ཞིག་ཆགས་དགོས། དེ་ནི་ཁྱོད་རང་སྒྱུ་རྩལ་བར་འགྱུར་མིན་དང་། ལྷག་པར་བོད་རིགས་ཀྱི་སྒྱུ་རྩལ་བར་འགྱུར་མིན་ལ་ཐུག་ཡོད།
     སྒྱུ་རྩལ་ལ་རྒྱུན་ཤེས་ཡོད་ནའང་མན་ངག་མེད། བོད་ཀྱིས་ཕའི་འབྲི་སྟངས་ལས་འདའ་ཐུབ་ཀིན་མེད་དེ། ཇི་མ་ཇི་བཞིན་རྒྱུན་འཛིན་བྱེད་པ་དེ་ལྷ་བཟོ་ལ་སྒྱུ་རྩལ་བ་མི་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན།
འདིར་ཆེད་དུ་བཤད་རྒྱུ་ནི་ད་ལྟའི་ང་ཚོས་མཐོང་བཞིན་པའི་བོད་ཀྱི་ཐང་གའི་འབྲི་སྟངས་དེ་ནི་སྔོན་གྱི་ལག་ལེན་གྱི་འབྲས་བུ་ལས་མ་འོངས་པའི་བསྡོམས་ཚིག་མིན། སུས་ཀྱང་མ་འོངས་པའི་ལག་ལེན་ལ་བསྡོམས་ཚིག་འཇོག་མི་ཐུབ་སྟེ་ད་ལྟའི་གཞུང་ལུགས་ཐམས་ཅད་སྔོན་གྱི་ལག་ལེན་གྱི་སྡོམ་ཚིག་ལས་ད་ལྟའི་ང་ཚོ་ལ་ཁ་ཕྱོགས་སྟོན་པ་ལས་སྒྱུ་རྩལ་བ་ཞིག་ལ་མཚོན་ན་གཞུང་ལུགས་རྒྱུན་ཤེས་ལས་གེགས་རྒྱ་མིན་པ་དེ་རེད། དེ་བས་ཁྱོད་རང་རིང་ལུགས་ཤིག་གི་གེགས་རྒྱར་མི་ཚུད་པ་དང་། གཞུང་ལུགས་ཤིག་གི་གེགས་རྒྱར་མི་ཚུད་པ། ཐུན་མོང་ཞིག་གི་གེགས་རྒྱར་མི་ཚུད་པ་བྱས་ཤིང་། རང་ཉིད་ལ་རིང་ལུགས་ཤིག་དང་གཞུང་ལུགས་ཤིག་ཆགས་པར་བྱས་ཏེ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཞིག་བསྙེག་པ་ནི་ཤིན་ཏུ་གལ་ཆེའོ། །
ཐང་གའི་སྒྱུ་རྩལ་ནང་བསྟན་ཆོས་ལུགས་དང་ཁ་གྱེས་ན་རང་རྐྱ་འཕེར་བའི་མ་ལག་ཅིག་
བསྐྲུན་ཐུབ་བམ་མི་ཐུབ།དེས་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་ཡིན་ནམ་
ཆོས་ལུགས་ལ་ཞབས་འདེགས་ཞུ་བ་ཡིན།    
མཚོ་སྔོན་མི་རིགས་སློབ་གླིང་སྒྱུ་རྩལ་སྡེ་ཁག ཚེ་རིང་རྡོ་རྗེ།
     ལན། སྒྱུ་རྩལ་གང་ཞིག་ཡིན་རུང་དེའི་བརྗོད་བྱ་དང་བསམ་བློའི་ཆ་ནས་ཚད་བཟུང་མེད་ལ་སྒྱུ་རྩལ་གྱི་ཚད་གཞི་འདི་འདྲ་ཞིག་ཡིན་ཞེས་སུས་ཀྱང་སྡོམ་ཚིག་འཇོག་མི་ཐུབ་སྟེ། སྒྱུ་རྩལ་གང་ཞིག་ཡིན་རུང་སྒྱུ་རྩལ་བའི་འཕྲུལ་སྣང་དང་བློ་གྲོས་ལ་བརྟེན་ནས་སྔར་མེད་གསར་གཏོད་དང་སྔར་ལས་ལྷག་པར་འཕེལ་རྒྱས་སུ་འགྲོ་ངེས་ཡིན་པས་སོ། །
     བོད་ཀྱི་ཐང་གའི་སྒྱུ་རྩལ་ཡང་སྒྱུ་རྩལ་ཞིག་ཡིན། དེ་བས་ངེས་པར་ཆོས་ལུགས་བརྗོད་བྱ་གཟུང་དགོས་པ་ཞིག་མིན་ལ། ལྷག་པར་ཐང་གའི་སྒྱུ་རྩལ་ནི་ངེས་པར་ཆོས་ལུགས་དང་འབྲེལ་དགོས་པ་ཞིག་མིན། སྒྱུ་རྩལ་ཞིག་ཡིན་ན་དེ་ནི་བསམ་བློ་སྟོན་པའི་མཚོན་ཐབས་ཤིག་ཡིན་ལ་དེ་སྔོན་ཐང་གའི་སྒྱུ་རྩལ་བ་ཚང་མ་ཆོས་ལུགས་ལ་དད་པ་ཡིན་ལ་རང་གཞན་གྱི་དད་པའི་དགོས་མཁོའི་ཆེད་དུ་སྒྱུ་རྩལ་འདི་བྱུང་བས་མིག་སྔའི་གནས་ཚུལ་ལ་བལྟས་ན་ཆོས་ལུགས་དང་འབྲལ་ཐབས་མེད་པ་ཞིག་ཏུ་ཆགས་ཡོད་ནའང་། ཐང་གའི་སྒྱུ་རྩལ་འདི་ཆོས་ལུགས་ལ་ཞབས་འདེགས་ཞུ་བ་ཞིག་གཏན་ནས་མིན།
     སྔོན་ཆད་ཆོས་ལུགས་ལ་ཞབས་འདེགས་ཞུ་བའི་ཆེད་དུ་ཐང་གའི་སྒྱུ་རྩལ་འདི་བྱུང་བ་ཡིན་ལ་དེ་དང་བསྟུན་ནས་སྒྱུ་རྩལ་བའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་སྤྱད་ཅིག་ཏུ་གྱུར་ཡོད། མིག་སྔའི་བོད་ཀྱི་གནས་བབས་ལ་བལྟས་ན་ཐང་གའི་ནུས་པ་ནི་དད་ལྡན་པར་མཚོན་ན་ཆོས་ལུགས་ལ་ཞབས་འདེགས་ཞུ་སྤྱད་ཅིག་ཏུ་གྱུར་ཡོད་ལ་སྒྱུ་རྩལ་བར་མཚོན་ན་དཔལ་འབྱོར་ལ་ཞབས་འདེགས་ཞུ་སྤྱད་ཅིག་ཏུ་གྱུར་ཡོད།
     ཡིན་ནའང་། སྒྱུ་རྩལ་གྱི་རིན་ཐང་ངོས་ནས་བཤད་ན་སྒྱུ་རྩལ་ནི་དཔལ་འབྱོར་གྱི་ཆེད་དུ་མིན་ལ་ཆོས་ལུགས་ཀྱི་ཆེད་དུའང་མིན། རྒྱུ་མཚན་ནི་སྒྱུ་རྩལ་དང་དཔལ་འབྱོར་ལ་འབྲེལ་བ་ཡོད་ནའང་། དཔལ་འབྱོར་གྱི་ཆེད་དུ་སྒྱུ་རྩལ་གཉེར་ན་སྒྱུ་རྩལ་ལ་ལྷག་བསམ་དཀར་བའི་རྟགས་མིན་ཏེ། ཁོའི་འགན་འཁུར་མི་དམངས་ཀྱི་ཆེད་དུ་སྒྱུ་རྩལ་དར་སྤེལ་གཏོང་བ་སྟེ་དེང་གི་སྐད་ཆས་བཤད་ན་མི་དམངས་ལ་ཞབས་འདེགས་ཞུ་བ་ནི་དེ་ཡིན་པ་ལས་གཞན་དུ་ན་དེ་ནི་མིང་དོན་མཐུན་པའི་སྒྱུ་རྩལ་པ་ཞིག་ཡིན་མི་སྲིད་དོ། །
བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱིས་རྩོམ་པ་བོའི་བསམ་བློའི་བརྩེ་དུང་མཚོན་ཐུབ་བམ།
མཚོ་སྔོན་མི་རིགས་སློབ་གླིང་སྒྱུ་རྩལ་སྡེ་ཁག  ཚེ་རིང་རྡོ་རྗེ།
     ལན། སྒྱུ་རྩལ་གྱི་དྭངས་མ་ཞིག་ཡིན་ན་རྩོམ་པ་བོའི་བརྩེ་དུང་ངེས་པར་མཚོན་དགོས་ཏེ། དེ་ནི་རི་མོ་དང་། འདྲ་པར། སྙན་ངག རོལ་མོ། ཟློས་གར་བཅས་ཀྱི་རྩ་བའི་རྒྱུན་ཤེས་ཡིན་ལ། དེ་མེད་ན་སྒྱུ་རྩལ་གྱི་རིན་ཐང་མཚོན་དཀའ་སྟེ་དཔེར་ན་མོང་ན་ལི་ཧྲ་ཞེས་པའི་རི་མོ་སྤྱིར་བུ་མོ་ཞིག་བྲིས་པ་ཡིན་ན་བུ་མོ་དེའི་འཛུམ་དང་ཉམས་འགྱུར་ལས་སྒྱུ་རྩལ་གྱི་ནུས་པ་རྨད་དུ་བྱུང་བ་ཐོན་པས་རྩོམ་པ་བོའི་བརྩེ་དུང་ཡང་ང་ཚོས་མྱང་ཐུབ་པ་ཡིན།
     བོད་ཀྱི་ལྷ་རིས་སྒྱུ་རྩལ་ལ་མཚོན་ནའང་དེ་ལས་འདས་མེད་ནའང་ད་སྔའི་ལྷ་རིས་མང་བོ་ཞིག་ལ་དེའི་ཐད་ནས་སྟོང་ཆར་ལུས་འདུག་ལ་ཁོར་ཡུག་གིས་ཀྱང་མི་སྣའི་སེམས་ཁམས་ལ་རམ་འདེགས་བྱེད་མི་ཐུབ་མོད་ངའི་འདོད་ཚུལ་ལྟར་ན་མི་སྣའི་སེམས་ཁམས་ལ་ནུས་པ་འདོན་མི་ཐུབ་པ་ནི་བྲིས་ལྷག་ཤོར་བ་ཞིག་ལས་མ་འདས་སྙམ། དེ་བས་ངེས་པར་དུ་རྩོམ་པ་བོའི་བསམ་བློའི་བརྩེ་དུང་མཚོན་པ་ལ་འབད་དགོས།
     ཡིན་ནའང་། རྩོམ་པ་བོའི་བརྩེ་དུང་མངོན་པའི་ཚུལ་དེ་ནི་ངེས་པར་ནང་བསྟན་གྱི་དགོངས་དོན་དང་བསྟུན་དགོས་པ་ལས་དེ་ལས་བརྒལ་མི་རུང་སྟེ་ང་ཚོས་འབྲི་བཞིན་པ་ནི་ལྷ་རིས་ཡིན་པས་ལྷ་རིས་འབྲི་བ་ལའང་ཁོའི་འགྲོ་སྟངས་དེ་ནི་ལྷ་རིས་འབྲི་བའི་དགོས་པ་དང་འབྲེལ་ཡོད་ལ་དགོས་པ་དེ་དང་འགྲོ་སྟངས་དེ་བོར་ན་ལྷ་རིས་སྒྱུ་རྩལ་མ་ཡིན་པའི་ཕྱིར་རོ། །
འགའ་རེས་བཤད་པ་ལྟར་ན་ཆོས་འགའ་ཞིག་བུད་མེད་ཀྱིས་བྲིས་མི་ཆོག་པ་དང་
བུད་མེད་ཀྱིས་ལྷ་སྐུ་བྲིས་མི་ཆོག་ཟེར་བ་བདེན་ནམ།  
མཚོ་སྔོན་མང་ཚོགས་སྒྱུ་རྩལ་ཁང་། སྤྲེལ་ཐར་འབུམ།
     ལན། ནང་བ་སངས་རྒྱས་པའི་ལུགས་ལ་མི་སུ་ཡིན་རུང་འཚང་རྒྱ་ངེས་ཡིན་ལ། ཆོས་སྒྲུབ་པའི་ཐད་ནས་འགྲོ་བ་མིའི་རིགས་ཡོངས་ལ་བཟང་ངན་གྱི་ཁྱད་པར་ཅི་ཡང་མེད་དེ། འགའ་རེས་བུད་མེད་ལ་དམའ་འབེབ་སྣ་ཚོགས་ཤིག་བཤད་བཞིན་ཡོད། དེ་དག་གིས་རང་གི་ལོག་རྟོག་དེ་ནང་བ་སངས་རྒྱས་པའི་ལྟ་བར་ཁ་གཡར་ནས་བཤད་བཞིན་ཡོད་པ་དེ་ནི་རྩ་བའི་ཆ་ནས་ནོར་འཁྲུལ་ཆེན་པོ་ཞིག་རེད། ནང་བ་སངས་རྒྱས་པའི་དམིགས་ཡུལ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བ་དེ་ཡིན་ལ། སྡུག་བསྔལ་ལས་སྒྲོལ་བའི་ཆེད་དུ་ཆོས་ཉམས་སུ་ལེན་པ་ཡིན་ལ་བདག་ཅག་གི་སྟོན་པས་ཆོས་ཀྱི་ཕུང་བོ་བརྒྱ་ཁྲི་བཞི་སྟོང་གསུངས་པ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་ཐབས་མི་འདྲ་བ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡིན་པས་ཉམས་སུ་ལེན་མི་ཆོག་པ་ཞིག་ག་ལ་ཡོད་དེ། བུད་མེད་ཀྱིས་ཆོས་འགའ་རེ་ཉམས་སུ་བླངས་མི་ཆོག་ཟེར་བ་ནི་བུད་མེད་སངས་རྒྱས་མི་ཆོག་ཟེར་བ་ཡིན་པས་དེ་ནི་ནང་བར་ཁ་གཡར་ནས་ནང་བའི་དགོངས་དོན་ལ་ལོག་བཤད་བྱས་པ་ཞིག་རེད།
གླུ་དང་རྡུང་ལེན་གྱི་རིགས་ལ་སློབ་གསོའི་ནུས་པ་ཡོད་དམ།
སྐྱ་རེངས་གློག་རིས་སྒྱུ་རྩལ་ལས་ཤག
     ལན། གླུ་ནི་མིའི་སེམས་ཀྱི་འགྱུར་བ་ལས་མངོན་པའི་ངག་གི་སྒྱུ་རྩལ་ཞིག་ཡིན་ཞིང་། རིམ་བཞིན་སྒྱུ་རྩལ་གྱི་རྣམ་པའི་མིའི་རོལ་རྩེད་ཅིག་ཏུ་གྱུར། འདི་ལྟར་རང་སེམས་ཀྱི་འགྱུར་བ་ནས་སྤྲོ་བའི་རོལ་རྩེད་ཅིག་ཏུ་འགྱུར་བ་འདི་ཡང་སྒྱུ་རྩལ་ཀུན་ལ་ཐུན་མོང་དུ་ཡོད་པའི་ཁྱད་ཆོས་ཤིག་ཡིན་ལ། ཁྱད་ཆོས་འདི་ནི་སྒྱུ་རྩལ་གྱི་རིགས་འདི་སློབ་གསོའི་རྣམ་པར་བསྒྱུར་བའི་རྨང་གཞི་གལ་ཆེན་ཞིག་རེད།
     འདི་ནི་མི་རིགས་ཤིག་ལ་མཚོན་ན་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ལ་སློབ་གསོ་བ་ཞིག་ལ་མཚོན་ན་ཡང་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པར་འདོད། བདག་གིས་འདིར་མཐའ་ཆོད་པའི་སྒོ་ནས་བཤད་རྒྱུ་ནི་གལ་ཏེ་སྙན་ངག་དང་ལྷུག་རྩོམ་ལ་སློབ་གསོའི་ནུས་པ་ཡོད་ན་གླུ་གར་ལ་དེ་ལས་ལྷག་པའི་སློབ་གསོའི་ནུས་པ་ཡོད། གལ་ཏེ་སྙན་ངག་དང་ལྷུག་རྩོམ་ལ་གཏོར་བཤིག་གི་ནུས་པ་ཡོད་ན་གླུ་གཞས་ལ་དེ་ལས་ལྷག་པའི་གཏོར་བཤིག་གི་ནུས་པ་ཡོད་པར་འདོད། དེའི་རྒྱུ་མཚན་ཡང་ཤིན་ཏུ་སླ་སྟེ། སྙན་ངག་ནི་ཡིག་ཐོག་གི་གླུ་ཡིན་ལ། གླུ་ནི་ངག་ཐོག་གི་སྙན་ངག་ཡིན་པས། དེ་ནི་ངག་གི་སྙན་ངག་འདི་རིགས་ལོངས་སུ་སྤྱོད་མཁན་ནི་ཡི་གེ་ཤེས་མིན་ལ་ལྟོས་པ་མེད་པས་འདིའི་ཁྱབ་རྒྱ་ནི་སྙན་ངག་དང་ལྷུག་རྩོམ་ལས་རྣམ་པར་བརྒལ་བ་ཡིན།
     ལྷག་པར་གླུ་ནི་སྙན་ངག་དང་སྒྲུང་རྩོམ། ལྷུག་རྩོམ་དང་འབོལ་རྩོམ་དག་དང་མི་འདྲ་བར་མི་རྣམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད། ཤུགས་རྐྱེན་ཆེན་པོ་དེ་ལས་མང་བོ་ཞིག་གིས་གླུ་ལ་རོལ་དུས་རྩེད་མོ་དང་སྤྲོ་སྐྱིད་ཀྱི་ཆེད་དུ་རོལ་བཞིན་ཡོད་མོད། དེ་ནི་མི་ཚེ་སྟོང་ཟད་དུ་གཏོང་སྤྱད་དུའང་འགྱུར་འགྲོ་ལ། དུས་ཚོད་ཆུད་ཟོས་སུ་འགྲོ་བའི་རྒྱུ་རུ་འང་འགྱུར་འགྲོ། ལྷག་པར་གླུ་བ་དག་གཞན་གྱི་སྤྲོ་སྣང་འབྱུང་བྱེད་ཀྱི་འཆོར་རྫས་སུ་འགྲོ་བས་ན། དེ་ལྟ་བུའི་གླུ་བ་ནི་རྩེད་མོ་སྟོན་བྱེད་ཅིག་ལས་འདས་མེད།
     འོན་ཀྱང་གླུ་ནི་སྤྲོ་བའི་རོལ་རྩེད་ཅིག་ཏུ་འགྱུར་བའི་ངེས་པ་དེ་བས་ཀྱང་མེད་དེ། བོད་ཀྱི་གཏམ་དཔེ་ལ། སྐྱིད་ན་ཇ་ཆང་མཚར་གླུ་དང་། །སྡུག་ན་རང་སེམས་གསོ་གླུ། །ཞེས་པའི་དཔེ་ལྟར་རང་གི་སེམས་པ་གླུ་རུ་ལེན་པའི་གླུ་བྱུང་བས་དགའ་བའི་སྐྱིད་གླུ་དང་སྐྱོ་བའི་སྡུག་གླུ། འདོད་པའི་བརྩེ་གླུ། ཕྱུགས་རྫིའི་རི་གླུ། ཁྲོམ་པའི་ཤགས་གླུ། དཔའ་བོའི་ངར་གླུ། རྣལ་འབྱོར་མགུར་གླུ། དབུ་མའི་ལྟ་གླུ། དམ་པའི་ཆོས་གླུ་སོགས་མང་བོ་ཡོད། འདི་ལ་བལྟས་ན་ང་ཚོས་གསལ་བོར་ཤེས་ཐུབ་པ་ནི་གླུ་ནི་རྩེད་མོ་བྱས་ཀྱང་ཆོག་ལ། བསམ་བློ་སྤེལ་བྱེད་དུ་བཟུང་ན་ཡང་ཆོག ལྷག་པར་ཆོས་སྲིད་ཀྱི་བྱ་ལས་གལ་ཆེན་སྤེལ་བའི་ཐབས་སུ་བཟུང་ན་ཡང་ཆོག་པའི་གནས་ལུགས་དེ་གསལ་བཤད་བྱས་ཡོད།
     དེ་ལས་བལྟས་ན་གླུ་ལེན་པ་ནི་ངག་སྙན་པ་དག་གིས་ལེན་མི་ཆོག་པའི་རྒྱུ་མཚན་ཅི་ཡང་མེད་ན་ཡང་། གླུ་ལེགས་པོ་ཞིག་ལེན་པ་ལ་ངག་སྙན་པོ་ཡོད་པ་ཙམ་གྱིས་མི་ཆོག་པའི་གནས་ལུགས་དེ་གསལ་བོར་བསྟན་ཡོད། དངོས་པོའི་གནས་ལུགས་ལས་བསམ་ན་ཡང་དེ་ག་ལས་མ་འདས་ཏེ། གླུ་ལ་སྙིང་བོ་ཡོད་པའི་གླུ་དང་མེད་པའི་གླུ་ཞེས་གཉིས་སུ་དབྱེ་རུང་ལ། སློབ་གསོའི་ནུས་པ་ཡོད་པའི་གླུ་གཞས་ཀྱི་རིགས་ནི་མི་རིགས་འདིར་མཚོན་ན་ངེས་པར་དགོས་པ་ཞིག་ཡིན། དེ་ལྟ་བུའི་གླུ་ལེན་པའི་གླུ་བ་ནི་མི་རིགས་དང་རིག་གནས། རང་གི་རྒྱལ་ཁབ་བཅས་བསམ་པའི་གླུ་བ་ཞིག་ཡིན་ལ། སྙིང་བོ་ཅི་ཡང་མེད་པའི་འདོད་གླུ་དང་། དགོས་པ་ཅི་ཡང་མེད་པའི་བསྟོད་གླུས་མི་ཚེ་བཏང་ན་སྙིང་བོ་མེད་ལ། གླུ་ལ་རོལ་མཁན་ཞིག་གིས་ཀྱང་དེ་ལྟ་བུའི་སྙིང་བོ་མེད་ཅིང་དགོས་པ་མེད་པའི་གླུ་ལ་རོལ་ན་གླུ་ནི་སྦྲང་བོའི་ཉིན་མོ་གཏོང་བྱེད་དུ་འགྱུར་རོ། ། གལ་ཏེ་རྒྱ་རིགས་ལྟ་བུ་ཞིག་ཡིན་ན། མི་ཚེ་སྤྲོ་སྐྱིད་ཀྱིས་བཏང་ན་ཡང་མི་རིགས་ཀྱི་ངོས་ཐད་ནས་སྐྱོན་ཆེན་པོ་མེད་མོད། རང་ཅག་ལྟ་བུ་སྐད་ཡིག་དང་། རིག་གནས་བཅས་ཟུངས་ཟད་ཀྱི་ནད་པ་སྨན་པས་བོར་བ་ལྟ་བུའི་འཇིག་བཞིན་པ་ལ་མཚོན་ན་མི་རིགས་ཀྱི་རླབས་པོ་ཆེའི་བྱ་བ་དེ་དག་བསྐྱུར་ནས་དེ་ལྟ་བུར་སྤྲོ་རྩེད་ལ་རོལ་ན་སྙིང་བོ་མེད་པ་དེ་ཡིན། གལ་ཏེ་དེ་ལྟ་བུའི་གླུ་དང་གར་ལ་དགའ་བའི་མི་རིགས་ཤིག་ཡིན་ན། དེ་ནི་མི་རིགས་དེ་ག་རྐྱལ་སྟོང་གི་མི་རིགས་ཤིག་ལས་མདུན་ལམ་ཡོད་པའི་མི་རིགས་ཤིག་མིན་ལ། དེ་ལྟ་བུའི་གླུ་གར་གྱི་རྒྱ་མཚོ་ཞིག་ཡོད་ཀྱང་ཉིན་མོ་གཏོང་བྱེད་ཀྱི་ཆང་ཞིམ་པོའི་རྒྱ་མཚོ་ཞིག་ཡོད་པ་ལས་མ་འདས།
     དེས་ན་ང་ཚོ་མི་རིགས་འདི་གླུ་གར་གྱི་རྒྱ་མཚོ་རུ་འབོད་པ་བཞིན་ང་ཚོའི་གླུ་གར་འདི་སྙིང་བོ་ཡོད་མེད་དང་གང་ཞིག་ཏུ་འགྲོ་མིན་ལ་བསམ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད། བོད་ཀྱི་གླུ་གཞས་ལ་ཞིབ་འཇུག་བྱེད་མཁན་ཞིག་གིས་ངོས་འཛིན་ལ།  བོད་ཀྱི་དེང་རབས་ཀྱི་གླུ་གཞས་མང་ཆེ་བ་ཇ་གླུ་ཆང་གླུ་དང་། འདོད་པའི་བརྩེ་གླུ་རུ་སོང་བས་མི་རིགས་ཀྱི་ངོས་ནས་བཤད་ན་དགོས་པ་ཅི་ཡང་མེད་པར་ངོས་འཛིན་བྱས་འདུག་པ་དེ་ལ་བདག་ཀྱང་ཤིན་ཏུ་མོས་པ་བྱུང་།
     སྐབས་འདིར་བདག་གིས་བོད་ཀྱི་བུ་མོ་སྐོར་ཞིག་གིས་མི་རིགས་གཞན་པའི་གླུ་དབྱངས་སྐོར་ཞིག་ལ། རང་གིས་ཚིག་བརྩམས་ཏེ་རང་གི་སྤོབས་པ་རྒྱས་བྱེད་དུ་བྱས་ཤིང་། དེས་སྐུལ་མ་ཐེབས་ནས་ངར་ཤུགས་རྒྱས་པའི་ལོ་རྒྱུས་དེ་དག་ཐོས་དུས་དབང་མེད་དུ་མིག་ལ་མཆི་མ་འཁོར་ཡོང་། བོད་ཀྱི་གླུ་བ་དག་ལ་བུ་མོ་འདི་དག་གི་སྙིང་སྟོབས་འདི་དང་བསམ་བློ་འདི་རྒྱས་ན་ཇི་མ་རུང་སྙམ་པའི་བསམ་པ་ཞིག་ཀྱང་དབང་མེད་དུ་སྐྱེ་འོང་། ཡིན་ན་ཡང་། འདི་ལྟ་བུའི་བསམ་བློ་ནི་ཤིན་ཏུ་དཀའ་ཡང་། བོད་ཀྱི་གླུ་བ་ན་གཞོན་ཕོ་མོ་དག་གིས་ཕྱི་ནང་དུ་རྐྱེན་མང་བོ་ཞིག་གིས་མ་གཏོགས་འདི་ལྟ་བུའི་སྤོབས་པ་དང་ངར་ཤུགས། བསམ་བློ་དང་ཤེས་རིག་ལྡན་པའི་གླུ་ལེན་ཐུབ་པར་ཡིད་ཆེས་ཡོད།
     དེ་བས་ད་ལྟའི་བོད་ཀྱི་གླུ་བ་མང་ཆེ་བས་གླུ་ཡི་ཆེད་དུ་གླུ་ལེན་པ་ལས་མི་རིགས་ཀྱི་ཆེད་དུ་གླུ་ལེན་ཐུབ་ཀྱིན་མེད་ལ། རང་གི་ཆེད་དུ་གླུ་ལེན་པ་ལས་རིག་གནས་ཀྱི་ཆེད་དུ་གླུ་ལེན་ཐུབ་པ་མེད་པ་ནི་བོད་གླུ་གཞས་ལ་སློབ་གསོའི་ནུས་པ་མི་འབྱུང་བའི་རྒྱུ་རྐྱེན་ཉག་གཅིག་རེད། དེ་ནི་གླུ་ཡི་བློ་སྦྱོང་དམན་པའི་རྐྱེན་གྱིས་ཡིན་ལ། གླུ་དང་མི་རིགས་དང་མི་རིགས་ཀྱི་རིག་གནས་བར་གྱི་འབྲེལ་བ་ལ་ངོས་ཟིན་ཟབ་མོ་ཞིག་མེད་པའི་རྐྱེན་གྱིས་ཀྱང་རེད། ད་ལྟའི་གླུ་བ་མང་ཆེ་བ་ནི་སྐད་ངག་ཙམ་གྱིས་གླུ་ལེན་པའི་གླུ་བ་ཡིན་པས་གཅིག་ཏུ་མི་རིགས་ཀྱི་རིག་གནས་ལ་ཆ་རྒྱུས་ཆུང་བས་རང་ཉིད་ཀྱི་མི་རིགས་ཀྱི་བརྩེ་བ་དང་གང་ཞིག་ཏུ་འཁོར་དགོས་པ་མི་ཤེས་པ་དང་། གཉིས་སུ་བསམ་བློའི་འཁོར་རྒྱ་དོག་པས་ཆེ་ས་ནས་གླུ་ཡི་དོན་སྙིང་དེ་མི་རིགས་ཀྱི་ངོས་ནས་འདང་རྒྱག་མི་ཐུབ་པ་དང་། གསུམ་དུ་གླུ་དེ་གཞན་ལ་གང་སྙན་སྙན་དུ་གཏོང་ནས་འགྲིག་པར་བསམ་པ་ལས་གླུ་དེ་མེ་ལྕེ་གསོན་པོ་ཞིག་ཏུ་བཟུང་ནས་ཉན་མཁན་གྱི་བྱང་ཁོག་ནས་གངས་སེང་གི་ངར་སྐད་བཞིན་དུ་འབར་རྒྱུ་ཡོད་མེད་ལ་བསམ་བློ་མ་བཏང་བ། བཞི་ན་རང་གིས་ཚིག་རྩོམ་མི་ཤེས་ལ་དབྱངས་ཀྱང་སྦྱོར་མི་ཤེས་པས་རང་གི་མགྲིན་པས་གཞན་གྱི་སྙིང་གི་སྐད་ཆ་གཞན་གྱི་སེམས་ནས་ཐོན་པའི་དབྱངས་ལས་ལེན་དགོས་པས། གསོན་ཞིང་འབར་བའི་གདངས་དང་། འཕྱོ་ཞིང་ལྡིང་བའི་སེམས། སྙན་ཞིང་དུང་བའི་ངག་རྣམས་གཞི་གཅིག་ཏུ་འདྲེས་མ་ཐུབ་པ་རེད།
     དེ་ནི་བོད་ལ་གླུ་བ་མང་ཡང་མི་རིགས་ཀྱི་གླུ་བ་ཚད་དང་ལྡན་པ་ཞིག་དང་། ཡང་ན་མི་རིགས་ཀྱི་གླུ་བ་རླབས་པོ་ཆེ་ཞིག་འབྱུང་མི་ཐུབ་པའི་རྒྱུ་རྐྱེན་ཉག་གཅིག་རེད། དེ་བས་ན་གཞོན་གླུ་བ་དག་གིས་སེམས་ལ་འཛིན་རྒྱུ་ནི་བོད་ཀྱི་རིག་གནས་ལ་སློབ་སྦྱོང་ལེགས་པོ་བྱ་རྒྱུ་དང་། མི་རིགས་ཀྱི་མགྲིན་པའི་ཁྱད་ཆོས་སྙིང་བོར་འཛིན་རྒྱུ། མི་རིགས་ཀྱི་དུང་བ་སྙིང་དབུས་སུ་འཛིན་རྒྱུ་བཅས་ནི་ཤིན་ཏུ་གལ་ཆེ་བ་ལས། དེང་སང་རྒྱ་གར་བོད་མིའི་གླུ་བ་འགའ་རེ་ལྟར་བོད་གླུ་རྒྱ་གར་བའི་དབྱངས་ཀྱིས་ལེན་པ་དང་། རྒྱ་གར་དང་དབྱིན་ཇི་བོད་སྐད་བཅས་སྐད་རིགས་གསུམ་བཞི་བསྲེས་ཏེ་འདྲེ་སྐད་ཀྱིས་ལེན་པ། བོད་ནང་གི་གླུ་བ་འགའ་རེ་ལྟར་བོད་གླུ་རྒྱ་ཡི་དབྱངས་ཀྱིས་ལེན་པ་སོགས་ར་མ་ལུག་གི་སྤྱོད་པ་དང་ཡ་མ་ཟུང་གི་ཚུགས་ཀ བྱ་མ་བྱེའུ་ཡི་སྤྱོད་པ། འདྲ་མ་འདྲེ་ཡི་སྐད་ཆ། ཡ་མ་བརླ་ཡི་བསམ་བློ་ལྡན་པའི་གླུ་གཞས་དེ་དག་ནི་མི་རིགས་ཀྱི་སློབ་གསོ་ལ་གཏོར་བརླག་བྱེད་སྤྱད་ཅིག་ལས་མ་འདས་སྙམ་མོ། །དེ་ལྟའི་གླུ་བ་ཚོ་ལ་རིག་གནས་ཀྱི་རང་ཚུགས་མེད་པ་འདིས་ཁོའམ་ཁོ་མོའི་གླུ་དེས་མི་རིགས་ལ་སློབ་གསོའི་ནུས་པ་འབྱུང་བ་ཕར་ཞོག་གཏོར་བརླག་གི་ནུས་པ་འབྱུང་བཞིན་ཡོད་པ་རེད།
     ད་དུང་གསལ་བོར་བཤད་ན་གླུ་ལ་སློབ་གསོའི་ནུས་པ་འབྱུང་མིན་དེ་གླུ་བ་ཁོ་ནར་ཐུག་ཡོད་པ་ཞིག་དེ་བས་ཀྱང་མིན་ཏེ། གླུ་ནི་གླུ་བ་དང་། གདངས་རྩོམ་མཁན། ཚིག་རྩོམ་མཁན་གསུམ་ལ་འབྲེལ་ཡོད་པ་མ་ཟད། ཉན་པ་བོར་འགན་འཁུར་མེད་པ་ཞིག་དེ་བས་ཀྱང་ཡིན་མི་སྲིད། ༡ གླུ་ཚིག་རྩོམ་པ་བོ་ལ་བསམ་བློའི་ཚད་ངེས་ཅན་ཞིག་ཡོད་དགོས། ༢ དབྱངས་རྩོམ་པ་བོས་བསམ་བློའི་འགྱུར་བ་དང་མཐུན་པའི་དབྱངས་ཤིག་སྦྱོར་ཐུབ་མིན་ལ་རག་ལས། ༣ ལེན་པ་བོས་དེ་ལྟ་བུའི་བསམ་བློ་རྒྱུས་ལོན་པར་བྱས་ནས་རང་གི་སྐད་གདངས་དང་བསམ་བློ་དེ་གཉིས་དབྱེར་མེད་དུ་འདྲེས་པར་བྱ་དགོས། གལ་ཏེ་དེ་ལྟར་བྱ་ཐུབ་ན་རང་གི་གླུ་དེ་ནི་ཉིན་མོ་གཏོང་སྤྱད་ཅིག་དང་སྣང་བ་གསོ་བྱེད་ཅིག་ཏུ་མི་འགྱུར་བར་མི་རིགས་ལ་ཕན་པའི་གླུ་ཞིག་ཡིན་པས། དེ་ལས་སློབ་གསོའི་ནུས་པ་ཆེན་པོ་འབྱུང་ཐུབ་པ་སྨོས་མ་དགོས།
     རིག་གནས་མེད་པའི་གླུ་བ་དེ་ནི་ཁ་གདངས་ཤེས་པ་ཙམ་དང་། རིག་གནས་མེད་པའི་གླུ་བ་ནི་གླུ་ལེན་ཤེས་པ་ཙམ་རེད། དེ་བས་གླུ་བ་མང་ཡང་ཕན་པ་མེད་ལ། གླུ་མང་དུ་བླངས་ཀྱང་སྙིང་བོ་མེད་པས་མི་རིགས་ཀྱི་རིག་གནས་ལ་སྦྱོང་བ་ནི་མི་རིགས་ཀྱི་གླུ་བ་ཞིག་ལ་མཚོན་ན་ངེས་པར་དགོས་པ་ཞིག་ཡིན་པས། སློབ་སྦྱོང་དང་སློབ་སྦྱོང་། ད་དུང་སློབ་སྦྱོང་བྱ་དགོས་པ་ནི་ཆེས་མེད་དུ་མི་རུང་བ་ཞིག་རེད། དེ་ནི་གླུ་བ་ཚད་ལྡན་ཞིག་འབྱུང་བའི་ཆེད་དུ་གླུ་ཡིས་མི་རིགས་ལ་ཞབས་འདེགས་ཞུ་བའི་ཆེད་དེ། ད་ལྟའི་རྣམ་གཡེང་རྩེད་འཇོའི་གླུ་འདི་སྲོག་དང་ལྡན་པའི་གླུ་ཞིག་ཏུ་འགྱུར་བ་དང་། ཇ་ཁ་ཆང་ཁའི་གླུ་གར་འདི་མི་རིགས་ཀྱི་ངར་ཤུགས་སུ་བསྒྱུར་བ། ད་ལྟའི་འདོད་ལྡན་ཡ་མ་ཟུང་གི་གླུ་འདི་རིག་གནས་ཀྱི་སྲོག་དང་ལྡན་པར་བསྒྱུར་བ་ནི་ཚད་མཐོན་པོའི་མིག་གིས་གླུ་ལ་བལྟས་ནས་བཤད་པ་ཡིན་ནོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...