སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
པདྨ་ཚེ་བརྟན་དང་སྟག་འབུམ་རྒྱལ་གྱི་ཁ་བརྡ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-11-4 11:34:00 རྩོམ་ཁུངས། པདྨ་ཚེ་བརྟན་གྱི་འཕྲིན་སྟེགས། ཀློག་གྲངས།
པདྨ་ཚེ་བརྟན་དང་སྟག་འབུམ་རྒྱལ།
      དེང་སྐབས་པད་མ་ཚེ་བརྟན་གླེང་ཡོང་དུས། ང་ཚོའི་སེམས་ངོས་སུ་ཤར་ཡོང་བ་ནི་གློག་བརྙན་དང་འབྲེལ་བ་ཏན་ཏན་ཡོད་པའི་དོན་གསར་ཞིག་ཡིན་པའི་སྣང་བ་ཡོད་སྲིད་ཅིང་།  ཁོང་ནི་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན་པར་མ་ཟད། བོད་ཀྱི་རྩོམ་པ་པོ་ཞིག་ཀྱང་ཡིན་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ཡིན་ཏེ། དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་སྟོད་ནས་བཟུང་བོད་ཀྱི་ཀློག་པ་པོའི་སེམས་སུ་བག་ཆགས་ངེས་ཅན་བཞག་ཡོད་པའི་ཁོང་གི་སྒྲུང་གཏམ《བསླུ་བྲིད》དང་། 《གངས》 《གྲོང་ཁྱེར་གྱི་འཚོ་བ།》སོགས་དུས་སྐབས་དེའི་བོད་ཀྱི་འཚོ་བ་ཇི་བཞིན་མཚོན་པའི་བརྩམས་ཆོས་དག་ལ་མཇལ་ཚེ་མིང་དོན་དང་མཐུན་པ་ཞིག་ཡིན་པ་ཤེས་ཐུབ།  ཉེ་བའི་ལོ་ཤས་ཀྱི་ནང་དུ་། པདྨ་ཚེ་བརྟན་གྱིས་རྒྱའི་སྐད་དུ་བྲིས་པའི་སྒྲུང་གཏམ《དབུགས་ལྒང》《ལུག་གཅིག་ལྔ་ལམ་དུ་བརྫངས་པ》 《གསེར་གྱི་ཨམ་ཅོག་ཡ་གཅིག》 《ཐར་ལོ》 《ང་ནི་ཁྲོམ་ཞིག་ཡིན》 སོགས་ནི་ཞིང་ཆེན་ཕྱི་ནང་དུ་གྲགས་ཆེ་བའི་དུས་དེབ་མང་པོའི་སྟེང་དུ་བཀོད་ཡོད་དེ། དེ་དག་ལས《དབུགས་ལྒང》ལ་ད་ལོའི་རྒྱའི་དུས་དེབ་གྲགས་ཅན་བཞི་རུ་འབོད་པའི་ནང་ཚན《ཧྭ་ཁྲིན》དུས་དེབ་ཀྱི་ལོ་མཇུག་གི་སྒྲུང་ཐུང་རྩེ་གྲའི་གཟེངས་རྟགས་ཐོབ། དེ་ནི་ཁོང་གི་སྒྲུང་གཏམ་གྱི་ཚད་མཐོ་བའི་གདེང་འཇོག་ཅིག་ཡིན་པ་ནི་སྨྲ་ག་ལ་དགོས། ཡིན་ཙང་། ང་ཚོས་ཁོང་གི་གློག་བརྙན་དང་རྩོམ་རིག་མི་གླེང་སྟེ། དེ་ལུགས་ཉེ་ཆར་གྱི་ཆ་འཕྲིན་གྱི་སྒང་ནས་ནམ་ལངས་ལངས་དང་ཉི་མ་ཤར་ཤར་ཡིན་པ་རེད། དེ་རིང་འདི་རུ་ཡང་བསྐྱར་བཤད་འོང་དུས་ཚིག་སྤུངས་སུ་མི་འགྲོ་བའི་ངེས་པ་ག་ལ་ཡོད། 
       སྤྱིར་མི་ཕན་ཚུན་ལ་ཞེ་རྩ་དཀར་ཞིང་། ཕན་ཚུན་གྱི་དོན་ཅི་ཞིག་གི་སླད་དུའང་ལྷག་བསམ་འབུལ་ནུས་པ་ནི་གྲོགས་པོའི་མཚན་ཉིད་དུ་བཞག་ཆོག་པ་ཞིག་ཡིན་སྲིད། པད་མ་ཚེ་བརྟན་དང་སྟག་འབུམ་རྒྱལ་ནི་གོང་གི་མཚན་ཉིད་དེར་རྒྱབ་མ་གཏད་པའི་གྲོགས་པོ་ཡིན་ཏེ། དེ་ནི་ཁོང་གཉིས་ཀྱི་གསར་རྩོམ་བརྒྱུད་རིམ་ལས་ཀྱང་མཐོང་ཐུབ་ཨང་། 
   སྟག་འབུམ་རྒྱལ་ནི་དེང་སྐབས་བོད་ཀྱི་ཡུམ་སྐད་རྩོམ་པ་པོའི་གྲས་སུ་གོ་གནས་ཚད་མཐོན་པོར་སླེབས་ཡོད་པ་ནི་ཚང་མས་མཁྱེན་ཡོང་བ་ཞིག་ཡིན་ལ། ཁོང་གི་སྒྲུང་གཏམ《རྣམ་ཤེས》དང་། 《རྒུད།》《ཁྱི་དང་བདག་པོ་ད་དུང་གཉེན་ཚན་དག》《ཧྭ་པ་གསོས་པའི་ཟིན་བྲིས》དག་ལ་སྔ་ཕྱིར་སྦྲང་ཆར་བྱ་དགའ་དང་། སྒྲུང་འབྲིང《ཁ་བ་མེད་པའི་དགུན་ཁ》ལ་ཀྲུང་གོའི་རྩོམ་རིག་གི་གཟེངས་རྟགས་ཆེན་པོ་བཞིའི་ཡ་གྱལ་ཏེ། གྲངས་ཉུང་མི་རིགས་ཀྱི་རྟ་མཆོག་བྱ་དགའ་ཐོབ་པ་ནི་ལོ་འགའི་སྔོན་གྱི་དོན་ཞིག་ཡིན་གྱི། དེ་ཡང་པདྨ་ཚེ་བརྟན་ལགས་ནས་བསྒྱུར་གནང་མཛད་པ་ཞིག་ཡིན་འདུག  འདི་བཞིན་གསར་རྩོམ་གྱི་ལམ་ཁ་ནས་ཕན་ཚུན་ལ་ཅི་ནུས་གང་ནུས་ཀྱིས་རོགས་རམ་འདེགས་བྱེད་པ་ནི་མདོར་ན་བརྩེ་འདང་ཡན་གར་བ་ཞིག་མིན་ནམ་སྙམ།དེ་མིན་ད་དུང་སྟག་འབུམ་རྒྱལ་གྱི་ཁྱི་སྒྲུང་མང་ཆེ་བ་པདྨ་ཚེ་བརྟན་གྱིས་རྒྱའི་སྐད་དུ་བསྒྱུར་ཡོད་པ་དང་། མི་འགྱངས་བའི་ཚེ་ནའང་སྟག་འབུམ་རྒྱལ་གྱི་ཁྱི་སྒྲུང་ཕྱོགས་སྒྲིག་གི་དེབ་ཅིག་པདྨ་ཚེ་བརྟན་གྱིས་རྒྱའི་སྐད་དུ་བསྒྱུར་རྒྱུ་ཡིན་པའི་གསར་འགྱུར་ཞིག་ཀྱང་རྣ་ཐོས་ཙམ་མིན་པ་གཤམ་གྱི་ཁ་བརྡ་ལས་གསལ་བོར་རྟོགས་ཡོང་།
འདྲི་མཁན། པདྨ་ཚེ་བརྟན།
འདྲི་ཡུལ། སྟག་འབུམ་རྒྱལ།
པདྨ་ཚེ་བརྟན། འདས་པའི་ལོ་གཅིག་ནི་ཁྱོད་ལ་མཚོན་ན་ལོ་ལེགས་ཡོང་བའི་ལོ་ཞིག་རེད་འདུག འཇར་ཡིག་ཏུ་བསྒྱུར་བའི་སྒྲུང་གཏམ་ཐུང་འབྲིང་ཕྱོགས་བསྒྲིགས《ཧཱ་པ་གསོས་པའི་ཟིན་བྲིས》འཇར་པན་ནས་པར་སྐྲུན་བྱས་སོང་བ་དང་། སྒྲུང་ཐུང་ཕྱོགས་བསྒྲིགས་དེབ་གཉིས་པ《བགྲེས་པོ་དང་ནོར་ཁྱུ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ལ། སྒྲུང་འབྲིང་ཕྱོགས་བསྒྲིགས་གཉིས་པ《སྐྱབས་ལོ་དང་ཁོའི་རལ་བ》(དཔེ་སྐྲུན་ཁང་གིས་གཅིག་གྱུར་ངང་དཔེ་ཚོགས་ཀྱི་མིང་བརྗེས་ནས《སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས》བཅོས་སོང)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་སོང་། ང་ཚོ་སེམས་གཏིང་ནས་དགའ་སྤྲོ་སྐྱེས་ཀྱིན་ཡོད། རྟེན་འབྲེལ་ཞུ།
སྟག་འབུམ་རྒྱལ། བཀའ་དྲིན་ཆེ། བཀའ་དྲིན་ཆེ། 
པདྨ་ཚེ་བརྟན། ངའི་སེམས་ལ་གསལ་འདུག  ན་ནིང་ཡང་ཁྱོད་ཀྱིས་ཁྱིའི་སྐོར་གྱི་སྒྲུང་གཏམ་སྐོར་ཞིག་བྲིས་སོང་ཨང་།
སྟག་འབུམ་རྒྱལ། ཡིན་ལགས། འགའ་བྲིས་ཟིན། ད་དུང་ཞིང་ཆེན་ཕྱི་ནང་གི་དུས་དེབ་ཁག་ཏུ་བཀོད་ཟིན། དེ་ཡང་ན་ནིང་གི་ལག་ཡོང་གཙོ་བོ་ཞིག་ཏུ་བརྩིས་ཆོག ང་རང་ཉིད་ཀྱང་ཅུང་ཡིད་ཚིམས་ཡོད།
པདྨ་ཚེ་བརྟན། ཡང་བསྐྱར་རྟེན་འབྲེལ་ཞུ། དེང་རབས་བོད་རང་སྐད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཁྲོད་དུ། ངས་བལྟས་ན་ཁྱོད་ནི་གསར་རྩོམ་ནུས་ཤུགས་ཆེས་དར་བཞིན་པ་དང་། གསར་རྩོམ་གྱི་རྒྱུན་ཆེས་བསྲིངས་ནུས་པའི་རྩོམ་པ་པོ་ཞིག་རེད། རྩོམ་ཡིག་གི་རྒྱུ་སྤུས་ཀྱི་ཆ་ནས་མ་ཟད། གྲངས་འབོར་གྱི་ཆ་ནས་ཀྱང་ཧ་ལས་པ་ཞིག་འདུག ངས་ཁྱོད་ཀྱི་སྒྲུང་གཏམ་ཡོད་ཚད་ལ་ཕལ་ཆེར་བལྟས་ཟིན་ཅིང་། སྒྲུང་གཏམ་མི་ཉུང་བ་ཞིག་རྒྱ་ཡིག་ཏུ་བསྒྱུར་བ་ཡིན། དེའི་ཁྲོད་ནས་ཀྱང་ང་ལ་བག་ཆགས་ཆེས་ཟབ་པ་ནི་ཁྱིའི་སྐོར་གྱི་སྒྲུང་གཏམ་དག་རེད་ལ། ཀློག་མཁན་གྱི་ཁྲོད་དུའང་གྲགས་འགུལ་ཆེན་པོ་འདུག  ད་ཐེངས་ངེད་གཉིས་ཀྱིས་ཁྱོད་ཀྱི་ཁྱི་ཡི་སྐོར་གྱི་སྒྲུང་གཏམ་དཀྱིལ་སྙིང་དུ་བཟུང་ནས་ཁ་བརྡ་ཞིག་བྱེད། ཁྱོད་ཀྱིས་ཁྱོད་རང་ཅིའི་ཕྱིར་ཁྱི་ཡི་སྐོར་གྱི་སྒྲུང་གཏམ་འབྲི་བར་དགའ་བ་དང་བྲིས་པའང་དེ་འདྲའི་ལེགས་འགྲུབ་ཡོང་དོན་ཅི་ཡིན་པ་བཤད་ཆོག་གམ།
སྟག་འབུམ་རྒྱལ། ངོ་མ་བཤད་ན་དགའ་བ་དང་མི་དགའ་བ་ཟེར་བ་ནི་སེམས་ཀྱི་ཕྱོགས་ལྷུང་ཞིག་ཡིན་པ་ལས་ངེས་གཏན་གྱི་ཚད་གཞི་ཞིག་མི་འདུག ངས་བྲིས་པའི་ཁྱི་ཡོད་ཚད་ཚང་མ་འཚོ་བའི་ཁྲོད་ཡུན་རིང་དུ་ཉར་གསོག་དང་ཕབས་བསྙལ་བྱས་པ་བརྒྱུད། གཏམ་རྒྱུད་ཀྱི་རྣམ་པས་རང་བཞིན་གྱིས་ཕྱིར་བརྡོལ་ཡོང་བའི་སྣང་ཚུལ་ཞིག་ཡིན། དེ་ནི་དགའ་བའི་དུས་སུ་ཕྱིར་བརྡོལ་ཡོང་བ་དང་མི་དགའ་བའི་སྐབས་སུ་ལྐོག་ཏུ་ཡིབ་འགྲོ་བ་ཞིག་མ་རེད། ངས་རྒྱུན་དུ་གྲོགས་པོ་ཚོར་ཀུ་རེའི་ཚུལ་དུ། “ང་ཁྱི་འབྲི་བར་དགའ་དོན་ནི་ད་ལྟ་ཁྱི་ཡི་རིན་གོང་འཕར་གྱིན་ཡོད་པའི་རྐྱེན་གྱིས་ཡིན”ཞེས་བཤད་པ་ཡིན།
པདྨ་ཚེ་བརྟན། ཁྱོད་ཀྱིས་བཤད་པ་ཧ་ཅང་རགས་རིམ་རེད། ད་དུང་ཇེ་ཞིབ་ལ་ཐོངས་དང་།
སྟག་འབུམ་རྒྱལ། མཚོ་བོད་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་བོད་མི་རིགས་ལ་མཚོན་ན། མི་དང་རང་བྱུང་དང་མི་དང་སྲོག་ཆགས་གཞན་གྱི་བར་དུ་འབྲེལ་བ་ཁྱད་པར་ཅན་ཞིག་ཡོད། བསྐལ་བ་ཡ་ཐོག་གི་སྤྱི་ཚོགས་བརྒྱུད་པའི་གོ་རིམ་ཁྲོད། རང་བྱུང་ཁོར་ཡུག་རྩུབ་ཅིང་ཐོན་སྐྱེད་ནུས་ཤུགས་ཞན་ལ། རྣམ་དཔྱོད་ཀྱི་ཤེས་རབ་མེད་པ་སོགས་རྒྱུ་རྐྱེན་དུ་བྱས་ཏེ། མིའི་རིགས་ཀྱིས་རང་བྱུང་ཁམས་སྐྱབས་སུ་བཅོལ་བ་བཞིན་དུ། བོད་མི་རིགས་ཀྱིས་ཀྱང་གནམ་དང་ས། རི་དང་བྲག   ཆུ་དང་རྩི་ཤིང་བཅས་པར་འདུ་ཤེས་ཡོད་པར་བསམ་ནས་སྐྱབས་སུ་བཀུར་བ་དང་། གཅན་གཟན་རི་དྭགས་དང་བཅས་པ་ཡོད་ཚད་རང་གི་གྲོགས་སུ་རེ་བའི་རྨི་ལམ་རྨི་དགོས་བྱུང་བ་རེད། བོད་རིགས་དམངས་ཁྲོད་དུའང་། རྐྱང་བཏུལ་ནས་ཞོན་རྟ་དང་། འབྲོང་བཏུལ་ནས་གནག་ཕྱུགས། དགོ་བ་བཏུལ་ནས་ལུག་ཏུ་བྱས་པའི་གཏམ་རྒྱུད་ཡོད་པ་བཞིན་དུ། དེ་དག་ལ་སྲུང་སྐྱོབ་བྱ་ཕྱིར་སྤྱང་ཀིའམ་སེང་གེ་བཏུལ་ནས་སྒོ་ཁྱི་བྱས་པས་སྒོ་ཁྱིར་གཞན་དང་མི་འདྲ་བའི་བརྩེ་འདང་ཞིག་ཡོད་པར་གྱུར། དེའི་རྐྱེན་གྱིས་གཏམ་དཔེར་ཡང་། “ཉིན་མོའི་མི་དང་མཚན་མོའི་ཁྱི”ཟེར་བ་ཡིན་ལ། ལན་རེར། “ཁྱིམ་གྱི་མི་ལ་སྙིང་ན་ན། སྒོ་ཁའི་ཁྱི་ལ་རྡོས་རྒྱོབས”ཞེས་མིའི་ཚབ་ཏུ་ཁྱི་ལ་རྡུང་བའི་མི་ཁྱི་གཉིས་ལ་ཁྱད་མེད་པའི་ལྟ་སྟངས་ཤིག་ཀྱང་འདུག དེའི་རྐྱེན་གྱིས་མིའི་ཚབ་ཏུ་ཁྱི་བྲིས་པར་ཡང་སྐྱོན་ཡོད་མི་སྲིད།
པདྨ་ཚེ་བརྟན། ད་དུང་རགས་རིམ་རེད། དེ་ལས་ཞིབ་ཕྲར་བཏང་ནས་བཤད་ན།
སྟག་འབུམ་རྒྱལ། ཧ་ཧ་ཧ། ཕལ་ཆེར་ང་རང་ལོ་མང་པོར་དགེ་རྒན་བྱས་པའི་རྐྱེན་ཡིན་རྒྱུ་རེད། ནམ་ཡང་སྤྱི་སྡོམ་ཞིག་དང་རགས་བསྡུས་ཤིག་ཏུ་གྱུར་འགྲོ
པདྨ་ཚེ་བརྟན། གང་འདོད་ལྟར་ཤོད། ངེད་གཉིས་ཀྱིས་རྒྱུན་དུ་ཁ་བརྡ་བྱེད་པ་བཞིན་དུ་ཤོད།
སྟག་འབུམ་རྒྱལ། ཆོག་གི ང་རང་ཆུང་དུས་སུ་ཁྱི་ལ་ཧ་ཅང་དགའ་བ་ཡིན། རིམ་བཞིན་ནར་སོན་ནས་ནམ་རྒྱུན་ཕ་ཡུལ་དུ་འགྲོ་བའི་སྐབས་སུ། ཐོག་དང་པོར་མཐོང་སྟེ་མདུན་བསུ་རུ་རྒྱུག་ཡོང་མཁན་ནི་ངེད་ཚང་གི་སྒོ་ཁྱི་གཟིག་ཁྲའམ་དོམ་བུ་སོགས་ཡིན་པས། ཕ་ཡུལ་དང་གྱེས་རྗེས་ངས་རྒྱུན་དུ་ཁོ་ཚོ་དྲན་གྱིན་འདུག དེའི་རྐྱེན་གྱིས། ངས་ནམ་རྒྱུན་སྨྱུ་གུ་ཐོགས་ཏེ་རྩོམ་འབྲིའི་ལས་ལ་འཇུག་དུས་སུའང་། རྒྱུས་ཡོད་ཀྱི་སྣང་བརྙན་དེ་དག་ཤོག་ལྷེའི་གྲུ་ག་གང་རུང་ནས་མངོན་ཡོང་གིན་འདུག ལོ་འགའ་ཡི་ཡར་སྔོན་ནས་བཟུང་། ངས་སྔ་གཞུག་ཏུ་ཁྱི་དང་འབྲེལ་བ་ཡོད་པའི་སྒྲུང་གཏམ་སྐོར་ཞིག་བྲིས་པ་ཡིན་ལ། སྒྲུང་གཏམ་འདི་དག་བོད་ཁུལ་གྱི་དུས་དེབ་ཆེ་ཤོས་ཁག་ཏུ་པར་འགོད་བྱས། དེ་ལས་ཁག་ཅིག་རྒྱ་ཡིག་ཏུ་བསྒྱུར་བ་དང་། ཁག་ཅིག་རྒྱལ་ཁབ་འགའ་རེའི་ཡི་གེར་ཡང་བསྒྱུར་འདུག
པདྨ་ཚེ་བརྟན། རེད། ངེད་གཉིས་ཀྱི་ཁ་བརྡར་ད་དུང་ཡང་དཔོན་ཕྱོགས་ཀྱི་བྲོ་བ་ཞིག་འདུག་པ་འདྲ། ངའི་རེ་བ་ནི་སྔར་བཞིན་ཁྱོད་ཀྱིས་གང་འདོད་ལྟར་བཤད་རྒྱུ་དེ་ཡིན། འདི་བྱ། ངེད་གཉིས་ཀྱིས་བྱེ་བྲག་ཏུ་སྒྲུང་གཏམ་འདི་དག་གླེང་བར་བྱ། ཚང་མའི་བསམ་ཚུལ་དུ་ཡང་ཁྱོད་ཀྱི་ཁྱི་ཡི་སྐོར་གྱི་གཏམ་རྒྱུད་འདི་དག་ལ་སྤྲོ་མཚར་ལྡན་པར་མ་ཟད་མི་སེམས་ལ་གཡོ་འགུལ་གཏོང་ཐུབ་ཟེར། ཁྱོད་ཀྱིས་ཁྱི་སྒྲུང་ཀྱི་སྐོར་ནས་སྐད་ཆ་ཞིག་བཤད་ན་ཅི་འདྲ་རེད།
སྟག་འབུམ་རྒྱལ། ཁྱི་སྒྲུང་ནང་གི་སྒྲུང་གཏམ་ལ་ལའི་མི་སྣ་གཙོ་བོ་ཁྱི་ཡིན་ལ། ལ་ལའི་བརྗོད་བྱ་གཙོ་བོ་ཁྱི་དང་འབྲེལ་བའི་གཏམ་རྒྱུད་ཡིན། ཁྱི་ནི་བོད་ཁུལ་དང་ལྷག་པར་དུ་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཁྲོད་དུ་གོ་གནས་ངེས་ཅན་ཞིག་ཡོད། ཕལ་ཆེར་ཁྱི་ནི་ཁྱིམ་དེའི་ཁྱིམ་མི་ཞིག་ཡིན་ཞེས་བཤད་ཀྱང་ཆོག་སྟེ། ཁྱིམ་དེའི་ནང་མི་གཞན་དག་དང་འདྲ་བར་འགན་ཁུར་ངེས་ཅན་ཞིག་འཁུར་གྱིན་ཡོད། དངོས་ཡོད་འཚོ་བའི་ཁྲོད་དུ་མི་དང་ཁྱི་ཡི་འབྲེལ་བ་ཧ་ཅང་དམ་པོ་ཡིན། ངས་བྲིས་ཟིན་པའི་སྒྲུང་གཏམ་ཧཱ་པ་གསོས་པའི་ཟིན་བྲིས་ཞེས་པའི་ནང་དུ་ཁྱི་ཞིག་གི་ཁ་གཡར་ནས་འབྲེལ་བ་དེ་རིགས་འདི་ལྟར་བརྗོད་ཡོད་དེ། “སྤྱིར་བཏང་དུ་བཤད་ན་ཁྱི་གཤིས་ཀྱི་ཕྱེད་ཀ་ནི་མི་གཤིས་ཡིན་ལ། གལ་ཏེ་ཁྱི་གཤིས་དང་འབྲེལ་བའི་མི་གཤིས་དེའང་ཡལ་བར་དོར་ཚེ་ད་ནི་སྤྱང་ཀི་རུ་གྱུར་བ་མ་ཡིན་ནམ། མི་གཤིས་དང་ཁྱི་གཤིས་ལ་བར་ཐག་ངེས་ཅན་ཞིག་ཡོད་ནའང་། ལན་རེར་བསམ་བློ་བཏང་ན་མི་གཤིས་ཀྱི་ཕྱེད་ཀའང་ཁྱི་གཤིས་ཡིན་པའི་བསམ་ཚུལ་སྐྱེས་འོང་། ཚང་མས་ཁྱི་བཟང་བོ་ཞིག་རེད་ཅེས་བཤད་དུས་ཁྱི་དེར་མི་གཤིས་ཀྱི་དཔྱ་མང་ཙམ་ཡོད་པར་གོ་བ་དང་། མི་དེ་ངན་པ་ཞིག་རེད་ཅེས་ནའང་མི་དེར་ཁྱི་གཤིས་ཀྱི་ཆ་མང་ཙམ་འདྲེས་ཡོད་པའི་ནང་དོན་རེད།” དོན་དངོས་སུ་འདི་ཡང་ང་རང་ནར་སོན་གྱི་བརྒྱུད་རིམ་ཁྲོད་ཀྱི་མི་དང་ཁྱི་ཡི་འབྲེལ་བའི་སྐོར་གྱི་བསམ་གཞིགས་ཤིག་ཡིན། སྒྲུང་གཏམ་གསར་རྩོམ་བྱས་པ་ནས་བཟུང་། ངས་བསམ་གཞིགས་དེ་རིགས་ཟུར་མང་པོའི་སྒོ་ནས་རང་ཉིད་ཀྱི་རྩོམ་འབྲིའི་ཀློང་དུ་བསྟིམས་ཏེ་དེ་ལ་སྔ་ན་མེད་པའི་ཁ་དོག་གིས་མཛེས་སྤྲས་བྱས་པ་ཡིན།
པདྨ་ཚེ་བརྟན། ཁྱོད་ཀྱིས་ཁྱིའི་སྐོར་གྱི་སྒྲུང་གཏམ་འདི་དག་འབྲི་དུས། བསམ་པའི་འཛིན་སྟངས་ཇི་ལྟ་བུ་ཞིག་གིས་བྲིས་པ་ཡིན།
སྟག་འབུམ་རྒྱལ། ངས་སྒྲུང་གཏམ་འདི་དག་འབྲི་བའི་སྐབས་སུ་ནམ་ཡང་རྩ་དོན་གཅིག་རྒྱུན་འཁྱོངས་བྱས་པ་ཡིན། དེ་ནི་སྒྲུང་གཏམ་ཁྲོད་ཀྱི་ཁྱི་འདི་དག་མི་སྣ་ཞིག་གི་ཚད་དུ་བཞག་ནས་བྲིས་པ་ཡིན། མི་སྣ་དེ་དག་ལ་བརྩེ་དུང་ཡོད་ཅིང་བསམ་གཞིག་གཏོང་ཤེས་ལ། རང་ཉིད་ཀྱི་སྤྱོད་ལམ་ཚད་གཞི་ཡོད་པར་མ་ཟད། ད་དུང་ལ་ལས་སྐད་ཆའང་བཤད་ཤེས། མདོར་ན་མི་ཞིག་ལ་འཛོམས་ཚད་ཁོ་ཚོར་འཛོམས་ནའང་། གང་ལྟར་ཁོ་ནི་དངོས་གནས་ཁྱི་ཞིག་ཡིན་པ་དེ་རེད།
པདྨ་ཚེ་བརྟན། ཀློག་མཁན་དག་དང་ལྷག་པར་དུ་བོད་ཡིག་མི་ཤེས་པའི་ཀློག་མཁན་དག་གིས་ཁྱོད་ཀྱིས་བྲིས་པའི་ཁྱི་འདི་དག་བརྒྱུད་ནས། བོད་ཁུལ་གྱི་རིག་གནས་དང་བོད་ཁུལ་གྱི་དངོས་ཡོད། བོད་ཁུལ་གྱི་འཚོ་བར་ཆ་རྒྱུས་ངེས་ཅན་ཞིག་ཡོད་སྲིད། དེས་ན། ཁྱོད་ཀྱིས་ཁྱི་ཡི་སྐོར་གྱི་སྒྲུང་གཏམ་འདི་དག་འབྲི་དུས་འབྲི་ཐབས་གང་འདྲ་ཞིག་སྤྱད་པ་ཡིན།
སྟག་འབུམ་རྒྱལ། གསར་རྩོམ་བྱ་ཐབས་ཀྱི་ཐད་ནས་ངས་ཀྱང་འབྲི་ཐབས་སྣ་ཚོགས་སྤྱད་ནས་ཁྱི་འདི་དག་བཞེངས་སྐྲུན་བྱས་པ་ཡིན། དངོས་ཡོད་ཀྱི་འབྲི་ཐབས་དང་ལུགས་འཆལ་གྱི་འབྲི་ཐབས། སྒྱུ་འཕྲུལ་གྱི་འབྲི་ཐབས་ཅི་རིགས་སྤྱད་པ་ཡིན། གང་ལྟར་བཤད་ཀྱང་། ངས་བྲིས་པའི་ཁྱི་སྒྲུང་བརྒྱུད་ནས་ངའི་ཕ་ཡུལ་གྱི་མི་དང་ཁྱི་ཡི་དམིགས་བསལ་གྱི་འབྲེལ་བ་འདི་རིགས་སྒྱུ་རྩལ་གྱི་ལམ་ནས་མཚོན་ཨེ་ཐུབ་ལ་རེ་བ་ཡིན། ངའི་སེམས་ལ། གལ་ཏེ་ངས་ཁྱི་ཡི་གཏམ་རྒྱུད་འདི་དག་ལེགས་པོ་ཞིག་འབྲི་ཐུབ་པར་གྱུར་ཚེ། ངས་ཕ་ཡུལ་གྱི་འདས་སོང་དང་ད་ལྟ་ཡང་ཞོར་དུ་བྲིས་སོང་བ་རེད་སྙམ་གྱིན་ཡོད།
པདྨ་ཚེ་བརྟན། བཤད་ནོ་བཟང་གི དེས་ན་ཁྱོད་རང་ཉིད་ཁྱོད་ཀྱིས་བྲིས་པའི་ཁྱི་སྒྲུང་འདི་ལ་ཡིད་ཚིམས་ཀྱིན་འདུག་གམ། རང་ཉིད་ཀྱིས་རང་གི་བརྩམས་ཆོས་འདི་དག་ལ་ཇི་ལྟར་གདེང་འཇོག་བྱས་པ་ཡིན།
སྟག་འབུམ་རྒྱལ། ངས་ཁྱི་ཡི་སྐོར་སྒྲུང་གཏམ་མང་ཙམ་བྲིས་པའི་རྐྱེན་གྱིས། མི་ལ་ལས་ཀུ་རེའི་ཚུལ་དུ་ང་ལ། “སྟག་འབུམ་རྒྱལ། ཁྱོད་ནི་ཁྱི་ཞིག་རེད”ཟེར། གལ་ཏེ་མི་གཞན་ཞིག་ཡིན་ཚེ་ཐོབ་ཐང་ལ་དམའ་འབེབས་བྱེད་པའི་ཚིག་འདི་འདྲ་བ་བཟོད་མི་སྲིད་མོད། འོན་ཀྱང་ངས་ནི་ཁོ་ཚོས་ང་ལ་བསྟོད་པའི་ནང་དོན་ཡིན་པ་ཅི་ལ་མི་ཤེས། དོན་དངོས་སུ་ཁོ་ཚོས་ངའི་ཁྱི་སྒྲུང་ལ་གནང་བའི་གདེང་འཇོག་ཧ་ཅང་མཐོན་པོ་ཞིག་རེད། ངའི་རེ་བ་ནི་མི་གཞན་གྱིས་ཀྱང་ངའི་ཁྱི་སྒྲུང་ལ་དེ་ལྟར་གདེང་འཇོག་བྱ་རྒྱུ་དེ་ཡིན། ཧ་ཧ་ཧ་།
པདྨ་ཚེ་བརྟན། ཧ་ཧ། ངས་བལྟས་ནའང་གདེང་འཇོག་དེ་ལ་ཧ་ཅང་དོན་སྙིང་ཡོད་འདུག ངས་ཁྱོད་ཀྱི་ཁྱི་སྒྲུང་རྒྱུ་ཡིག་ཏུ་བསྒྱུར་བའི་དུས་སུ།  སྐབས་རེར་སེམས་ལ། ལྟས་ངན་འདིས་ཁྱི་བྲིས་པ་འདི་འདྲའི་སྤྲོ་མཚར་ཆེ་ཞིང་གསོན་ཉམས་ལྡན་ལ་གཏིང་ཟབ་མོ་འདུག་པས། ཁོ་སྐྱེ་བ་སྔོན་མར་ཁྱི་ཞིག་ཨེ་ཡིན་བསམས་ཡོང་། 
སྟག་འབུམ་རྒྱལ། ཧི་ཧི་། སྐྱེ་བ་སྔོན་མར་ང་ནི་ཁྱི་ཞིག་ཡིན་ཡང་སྲིད། ངའི་སྒྲུང་གཏམ་གྱི་ཁྲོད་ནའང་སྐྱེ་བ་སྔོན་མ་ཁྱི་ཡིན་པའི་མི་སྣ་ཞིག་ཡོད་མྱོང་།
པདྨ་ཚེ་བརྟན། ཁྱོད་ཀྱི་ལན་བཏབ་པར་ཧ་ཅང་སྤྲོ་མཚར་ལྡན། དེས་ན་ངེད་གཉིས་ཀྱིས་ཕྱོགས་གཞན་དག་ནས་ཁ་བརྡ་བྱེད། ཁྱོད་ཀྱི་སློབ་གྲོགས་བཀྲ་བྷ་ཡང་ད་ལྟ་མིང་གྲགས་ཆེ་བའི་རྩོམ་པ་པོ་རེད། ཁོས་བྲིས་པའི་ཁྱོད་ཀྱིས་ཁོ་ལ་བཞག་པའི་བག་ཆགས་ཞེས་པའི་རྩོམ་ཡིག་ཅིག་གི་ནང་དུ། སྐབས་དེའི་ཁོའི་སེམས་ནང་གི་ཁྱོད་ཀྱི་བག་ཆགས་ནི་འདི་ལྟར་བྲིས་འདུག “སྟག་འབུམ་རྒྱལ་ངོ་ཤེས་ནས་ལོ་ངོ་ཉེར་བརྒྱད་ལྷག་འགོར་སོང་། ༡༩༨༣ལོར་ང་རང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་ནང་དུ་རྒྱུགས་འཕྲོད་ནས་སོང་རྗེས་ན་གཞོན་དུས་སྐབས་ཀྱི་སྟག་འབུམ་རྒྱལ་མཐོང་བ་ཡིན། སྐབས་དེའི་ཁོ་རང་ནི་ལུས་གཟུགས་ཆུང་བར་མ་ཟད་ངོ་གདོང་ནག་ཅིང་སྐད་ཆ་སྨྲ་མི་མཁས་པ་དང་། ལུས་སྟེང་དུ་ཡིད་འཕྲོག་པའི་ཆ་ཅི་ཡང་མེད་པ་ཞིག་རེད། རྒྱུན་དུ་སྐྱེ་སྟོབས་ཀྱིས་ཁེངས་པའི་སློབ་མ་མང་པོའི་ཁྲོད་ནས་མི་སུས་ཀྱང་ཁོ་ལ་མཉམ་འཇོག་བྱེད་དཀའ། ༡༩༨༤ལོར་ང་རང་འཕར་ལྡིང་བྱས་ཏེ་སྟག་འབུམ་རྒྱལ་དང་འཛིན་གྲྭ་གཅིག་ཏུ་སྡོད་པའི་སྐལ་བ་ལྡན་སོང་། ཐོག་མར་སྟག་འབུམ་རྒྱལ་ལ་འབྲེལ་འདྲིས་བྱ་དུས་ཁོ་རང་སྨྲ་བ་ཉུང་ཞིང་སྨྲ་ཐག་རིང་ལ། སྨྲས་པའང་ངག་ལས་བརྟོལ་མི་བརྟོལ་ཅིག་འདུག མུ་མཐུད་དུ་འབྲེལ་འདྲིས་བྱས་པ་ན། ཁོ་རང་ལྒང་ལི་རྩེ་བར་ཧ་ཅང་དགའ་བས་སློབ་གྲོགས་ཚོས་ཁོ་ལ་ལྒང་ལིའི་ཨ་ཕ་ཟེར། ད་དུང་མུ་མཐུད་དུ་འབྲེལ་འདྲིས་བྱས་པ་ན། སྟག་འབུམ་རྒྱལ་གྱི་བོད་ཡིག་གི་ཆུ་ཚད་ཧ་ཅང་བཟང་། སློབ་གྲོགས་ཚོས་ཁོ་ལ་དགེ་བཤེས་ཞེས་འབོད་ཀྱིན་འདུག མུ་མཐུད་དུ་འབྲེལ་འདྲིས་བྱས་པ་ན། སྟག་འབུམ་རྒྱལ་ནི་ཨུ་ཚུགས་ཆེ་ཞིང་མཐུན་ཐབས་བྱེད་མི་མཁས་པའི་མི་ཞིག་རེད་འདུག་སྟེ། ཁོས་རེད་བསམས་པ་དེ་སུས་ཀྱང་བསྒྱུར་ཏུ་མེད་པ་ཞིག་ཡིན་འདུག དེར་བརྟེན་སློབ་གྲོགས་ཚོས་ནོར་གནག་ཟེར་བ་ལས་ཐབས་ཟད། འདི་ནས་གསང་བ་ཕྱིར་བརྟོལ་དགོས་པ་ཞིག་ནི་ཐོག་མར་ངོ་ཤེས་པའི་སྟག་འབུམ་རྒྱལ་གྱིས་བློར་འབབ་པའི་བུ་མོར་མཛའ་འཕྲིན་བསྐུར་དུས་མི་གཞན་གྱིས་ཁོའི་ཚབ་ཏུ་འབྲི་དགོས་འདུག་པས། ཁོ་ལ་རྩོམ་རིག་གི་ཤེས་རབ་ཅིག་ཡོད་པ་ཧ་ཅང་མཐོང་དཀའ་ལ། དེ་བས་ཀྱང་རྗེས་ཕྱོགས་བོད་ཀྱི་རྩོམ་རིག་གི་སྣེ་འཁྲིད་པར་འགྱུར་བ་དྲན་ག་ལ་སྲིད།”ཞེས་བྲིས་འདུག ཁྱོད་ཀྱིས་བལྟས་ན་སློབ་གྲོགས་རྙིང་བས་བྲིས་པའི་སྐད་ཆ་འདི་ཡང་དག་རེད་དམ།
སྟག་འབུམ་རྒྱལ། ཧ་ཧ་ཧ། ངས་ཀྱང་སྐབས་དེའི་ང་རང་ཅི་འདྲ་ཞིག་ཡིན་པ་བརྗེད་ཟིན་འདུག ཕལ་ཆེར་བདེན་རྒྱུ་རེད་ཨང་། སློབ་གྲོགས་རེད་མོ།
པདྨ་ཚེ་བརྟན། ཁྱོད་ཀྱིས་བལྟས་ན་ད་ལྟའི་ཁྱོད་རང་སྐབས་དེའི་ཁྱོད་དང་བསྡུར་ན་མངོན་གསལ་གྱི་འགྱུར་ལྡོག་ཅི་ཞིག་འདུག
སྟག་འབུམ་རྒྱལ། ཧ་ཧ། འགྱུར་ལྡོག་ཅི་ཡང་མི་འདུག་བཤད་ཀྱང་ཆོག་ལ། འགྱུར་ལྡོག་ཧ་ཅང་ཆེན་པོ་འདུག་ཅེས་བཤད་ཀྱང་ཆོག
པདྨ་ཚེ་བརྟན།  དེས་ན་ཁྱོད་ཀྱིས་ཤོད་དང་།
སྟག་འབུམ་རྒྱལ། སྔོན་ལ་འགྱུར་ལྡོག་མེད་ཚུལ་བཤད་ཨང་། ད་ལྟའི་ངའང་གཟུགས་པོ་སྔར་བཞིན་མཐོན་པོའི་གྲས་མ་རེད། ངོ་གདོང་སྔར་བཞིན་ནག་པོ་རེད། སྔར་བཞིན་སྨྲ་མི་མཁས་ཤིང་། སྨྲ་ཐག་རིང་ལ་སྨྲས་པ་ངག་ལས་བརྟོལ་མི་བརྟོལ་གྱི་ཚད་རེད། ལུས་སྟེང་དུ་སྔར་བཞིན་ཡིད་འཕྲོག་པའི་ཆ་ཅི་ཡང་མེད་པའི་ཁར། ད་དུང་ཡང་སྐྱེས་སྟོབས་ཀྱིས་ཁེངས་པའི་སློབ་མ་མང་པོའི་གྲས་སུ་ཡོད་པ་དེ་རེད། སྐད་ཆ་སྨྲ་མི་མཁས་པའི་དབང་གིས་གྲོགས་པོ་ཚོགས་ས་འདུས་སར་འགྲོ་བར་མི་སྤྲོ་ལ། དཔྱད་གླེང་ཚོགས་འདུ་དག་གི་ཐོག་ཏུ་རང་ཉིད་ཀྱི་ལྟ་ཚུལ་འཆད་པར་ཡང་མི་སྤྲོ། ངས་རྒྱུན་དུ་ཁོ་ཚོར། “ཁྱོད་ཚོས་བཙན་ཚུགས་ཀྱིས་ང་ལ་སྐད་ཆ་ཞིག་ཤོད་ཟེར་བ་ལས། ང་ལ་མྱུར་དུ་སྒྲུང་གཏམ་ཞིག་ཕྲིས་ཞེས་བཤད་ན་འགྲིག” ཅེས་བཤད་པ་ཡིན།  ཧ་ཧ་ཧ།
པདྨ་ཚེ་བརྟན། དེས་ན་ཁྱོད་ཀྱི་བྱ་བ་ནི་དགེ་རྒན་ཡིན་པས། དགེ་རྒན་གྱིས་སྐད་ཆ་བཤད་པ་བརྒྱུད་ནས་ཤེས་རིག་སློབ་མར་བརྒྱུད་སྤྲོད་བྱེད་དགོས་པ་མ་ཡིན་ནམ། ཁྱོད་ཀྱིས་ཇི་ལྟར་ལེགས་འགྲུབ་འབྱུང་དུ་བཅུག་པ་ཡིན།   
སྟག་འབུམ་རྒྱལ། དུས་རྒྱུན་དུ་ང་ནི་སྐད་ཆ་སྨྲ་མི་མཁས་པའི་མི་དྲང་མོ་ཞིག་ཡིན་ནའང་། སློབ་ཁྲིད་ཀྱི་སྐབས་སུ་སྐད་ཆ་བཤད་ཤེས་ཤིང་སྤྲོ་བ་སློང་མཁས་པ་ཞིག་ཡིན། སློབ་མ་ཚོའང་ངའི་སློབ་ཁྲིད་ལ་ཉན་པར་ཧ་ཅང་དགའ་སྣང་སྐྱེས་ཀྱིན་ཡོད། འདི་ནི་ཁྱོད་ཀྱིས་ངའི་སློབ་མ་སུ་ཞིག་ལ་དྲིས་ཀྱང་ཆོག
པདྨ་ཚེ་བརྟན། དེས་ན་ཁྱོད་ཀྱིས་ཁྱོད་ཀྱི་འགྱུར་ལྡོག་ཆེ་ཚུལ་སྐོར་ཤོད་དང་།
སྟག་འབུམ་རྒྱལ། ཞིབ་མོར་འདང་བརྒྱབ་ན་འགྱུར་ལྡོག་བྱུང་ཡོད་པའི་ཆའང་མང་པོ་འདུག དཔེར་ན་ལྒང་ལི་རྩེ་བ་ཇེ་ཉུང་དུ་གྱུར་བ། གཤིས་ཀའང་དེ་འདྲ་ཨུ་ཚུགས་ཅན་མིན་པ། སྐབས་ལན་རེར་འོས་འཚམ་གྱིས་མཐུན་ཐབས་བྱེད་ཤེས་པ། ད་དུང་སྐབས་ལན་རེར་མི་གཞན་གྱི་ཚབ་ཏུ་མཛའ་འཕྲིན་རེ་བྲིས་ནས་ཁོ་ཚོའི་བརྩེ་དུང་ཆགས་པར་རོགས་རམ་བྱེད་པ་སོགས་རེད། ཧ་ཧ། ངས་བལྟས་ན་ཆེས་ཆེ་བའི་འགྱུར་ལྡོག་ནི་ད་ལྟ་ངའི་སློབ་བུ་ཚོས་ང་ལ་དོ་ཁུར་བྱེད་ཀྱིན་འདུག་ལ། ངའི་ཀློག་པ་པོ་རྣམས་ཀྱིས་ཀྱང་ང་ལ་དོ་ཁུར་གནང་གིན་པ་དེ་རེད། འདི་ནི་ང་རང་ལ་མཚོན་ན་ཆེས་བློ་དགའ་སེམས་བདེ་ཡོང་བྱེད་ཀྱི་དོན་དག་ཅིག་རེད།
པདྨ་ཚེ་བརྟན། མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་ཡི་གེ་འདོན་སྐབས་ཀྱི་ཁྱོད་ཚོའི་འཛིན་གྲྭའི་ནང་ནས་རྩོམ་པ་པོ་དང་སྙན་ངག་མང་པོ་ཐོན་བྱུང་། དཔེར་ན། ཁྱོད་ལྟ་བུ་དང་། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལུང་རིན་ཆེན་ལྟ་བུ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཡིན་པའི་བཀྲ་བྷ་ལྟ་བུ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཡིན་པའི་མཚོ་སྐྱེས་དོན་གྲུབ་ཚེ་རིང་ལྟ་བུ། མཚོ་སྔོན་རླུང་འཕྲིན་ཁང་གི་འབྲོང་འབྲུག་ལྷ་རྒྱལ་ལྟ་བུ། ༼སྦྲང་ཆར༽རྩོམ་སྒྲིག་ཁང་གི་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ལྟ་བུ། ཁྱོད་ཚོས་སྒྲུང་གཏམ་གསར་རྩོམ་དང་། སྙན་ངག་གསར་རྩོམ། རྩོམ་རིག་ཡིག་བསྒྱུར། རྩོམ་རིག་དཔྱད་བརྗོད་སོགས་གང་གི་ཁྱབ་ཁོངས་ནས་ཀྱང་ཧ་ཅང་བཟང་བའི་གྲུབ་འབྲས་བླངས་འདུག ཁྱོད་ཀྱིས་ཁྱོད་ཚོའི་འཛིན་གྲྭ་དེའི་ནང་ནས་རྩོམ་པ་པོ་དང་སྙན་ངག་པ། དཔྱད་བརྗོད་པ་དེ་འདྲ་མང་པོ་ཞིག་བྱུང་བའི་རྒྱུ་མཚན་ཅི་ཡིན་པ་བཤད་ཆོག་གམ།
སྟག་འབུམ་རྒྱལ། རྒྱུ་མཚན་ཅི་ཡིན་པ་ངས་ཀྱང་མི་ཤེས། དེ་ནི་སྟེས་དབང་ཞིག་ཡིན་ནའང་ཐང་། འོན་ཀྱང་ངས་བལྟས་ན་སྐབས་དེའི་བོད་ཁུལ་གྱི་རྩོམ་རིག་གི་མཁའ་དབུགས་དང་འབྲེལ་བ་ཡོད་ངེས། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་སྐབས་སུ། བོད་ཁུལ་ཡོངས་སུ་དུས་སྐབས་གསར་བའི་རྩོམ་རིག་གི་དྲོད་རླབས་དེ་འཕྱུར་བ་རེད་ལ། 《སྦྲང་ཆར》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《མཚོ་སྔོན་མང་ཚོགས་སྒྱུ་རྩལ》《ཟླ་ཟེར》སོགས་རྩོམ་རིག་གཙོ་བོ་ཡིན་པའི་དུས་དེབ་སྐོར་ཞིག་བྱུང་ཞིང་། དཔལ་དོན་གྲུབ་རྒྱལ་དང་། གླང་མདུན་དཔལ་འབྱོར། རེབ་གོང་རྡོ་རྗེ་མཁར། ཆབ་འགག་རྡོ་རྗེ་ཚེ་རིང་སོགས་བོད་ཀྱི་རྩོམ་སྟེགས་སྟེང་དུ་མངོན་བྱུང་། ཁོ་ཚོའི་བརྩམས་ཆོས་དང་གཏམ་རྒྱུད་ཀྱིས་ང་ཚོ་ཉམས་སད་པར་བྱས་ཤིང་སྤྲོ་བ་བརྟས་པར་གྱུར་ཏེ། ཁོ་ཚོའི་རྩོམ་ཡིག་བཀླགས་ཤིང་དཔྱད་གླེང་བྱས་པ་བརྒྱུད་ང་ཚོའི་འཛིན་གྲྭའི་ནང་དུའང་རྩོམ་རིག་ལ་མོས་པ་ཡོད་པའི་ཚོགས་པ་ཞིག་བྱུང་། རྩོམ་ཡིག་དེ་དག་ལ་ལད་མོ་བྱས་ཏེ་རྩོམ་ཡིག་འབྲི་བར་ཚོད་ལྟ་བྱས་ཤིང་ཕན་ཚུན་ལ་བལྟ་རུ་བཅུག ཅུང་བཟང་འདུག་སྙམ་པ་སྤོབས་པ་ཆེན་པོས་རྩོམ་སྒྲིག་ཁང་དུ་ཡང་བསྐུར་བསྐྱར་བསྐུར་བྱས། སྐབས་དེར་ངའི་ཆེས་ཐོག་མའི་སྒྲུང་ཐུང་ཡིག་བརྒྱ་མ་ཞིག་ཀྱང་གཞི་ནས་པར་འགོད་བྱས་སོང་བས། ང་ལ་ཡིད་ཆེས་སམ་སྐུལ་ལྕག་ཆེན་པོ་ཞིག་ཐེབས་བྱུང་། དེ་ནས་བཟུང་རྒྱ་རྩོམ་དང་ཕྱི་རྒྱལ་གྱི་རྩོམ་ཡིག་རེ་འགར་ཡང་འབྲེལ་འདྲིས་བྱས་ཤིང་། རིམ་བཞིན་དུ་རང་ཉིད་ལ་རྡོག་ལམ་ཞིག་ལས་ཤིང་། རང་ཉིད་ཀྱང་ལམ་དེའི་ནང་དུ་བཙན་འདེད་བྱས་པ་ཡིན། 
པདྨ་ཚེ་བརྟན། ཁྱོད་རང་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་པ་ནས་བཟུང་། ནུབ་བྱང་མི་རིགས་སློབ་ཆེན་དུ་ལོ་གཉིས་ལ་ཟབ་སྦྱོང་བྱས་པ་ཕུད། དགེ་རྒན་གྱི་ལས་གནས་སྟེང་ནས་ད་བར་དུ་བསྡད་པ་རེད། དགེ་རྒན་གྱི་བྱ་བ་འདིས་ཁྱོད་ཀྱི་གསར་རྩོམ་གྱི་ཕྱོགས་ལ་བར་ཆད་དམ་ཚད་བཀག་ཐེབས་ཀྱིན་ཨེ་འདུག
སྟག་འབུམ་རྒྱལ། དུས་ཡུན་རིང་བོ་ཞིག་ལ་ང་རང་ཉིད་ཀྱི་བྱ་བ་འདི་ལ་ཡིད་མི་ཚིམས་པའི་བསམ་ཚུལ་སྐྱེས་མྱོང་། རྒྱུ་མཚན་ནི་དགེ་རྒན་གྱི་བྱ་བ་འདིས་ང་རང་ཁོར་ཡུག་དོག་མོ་ཞིག་ཏུ་བཀག་བསྐྱིལ་བྱས་ཏེ་རང་དབང་མེད་པས་རེད། འདི་ཡང་ཐབས་བཀོད་མེད་པའི་གདམ་ག་ཞིག་རེད། དགེ་ཐོན་སློབ་གྲྭ་དེ་ནས་མཐར་ཕྱིན་པའི་སློབ་མ་ཞིག་ཡིན་ཕྱིན་ཕལ་ཆེར་བརྒྱ་ཆའི་དགུ་བཅུ་དགེ་རྒན་བྱ་དགོས། མི་རེ་འགའ་བར་མ་གཏོགས་ཕལ་ཆེ་བར་གདམ་ག་ཅི་ཡང་མེད། ཡིན་ནའང་ཟུར་གཞན་ཞིག་བལྟས་ཚེ། དགེ་རྒན་གྱི་བྱ་བ་དང་སྒྲུང་གཏམ་འབྲི་བའི་བྱ་བ་འདིར་ཧ་ཅང་ཆ་མཚུངས་པའི་ཕྱོགས་ཤིག་ཀྱང་ཡོད་སྙམ་སྐྱེས་འོང་སྟེ། དགེ་རྒན་གྱི་འགན་ཁུར་ནི་ཐབས་མི་འདྲ་བ་དུ་མ་སྤྱད་དེ་སློབ་ཁང་ནང་གི་སློབ་མ་རེ་རེ་བསྐྱེད་བསྲིང་བྱ་རྒྱུ་དེ་རེད་ལ། སྒྲུང་གཏམ་པའི་འགན་ཁུར་ནི་ཐབས་མི་འདྲ་བ་དུ་མའི་སྒོ་ནས་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་རེ་རེ་བཞེངས་བསྐྲུན་བྱ་རྒྱུ་དེ་རེད། འོན་ཀྱང་སྒྲུང་གཏམ་འབྲི་བ་ནི་ཡིག་འབྲུ་སྣང་བརྙན་ཅན་དུ་གཏོང་བའི་བཟོ་སྐྲུན་རྒྱ་ཆེན་པོ་ཞིག་ཡིན་ཞིང་། མཇུག་མཐར་སྣང་བརྙན་ཅན་གྱི་ཡིག་འབྲུ་དེ་དག་ལ་བརྟེན་ནས་ཀློག་མཁན་གྱི་རྣམ་ཤེས་ལ་སྐྱོམ་འགུལ་འབྱུང་དུ་འཇོག་དགོས་པ་རེད།
པདྨ་ཚེ་བརྟན། ཁྱོད་ཀྱིས་སྒྲུང་གཏམ་འདི་འདྲ་མང་པོ་ཞིག་བྲིས་འདུག དོན་ངོ་མར་ཁྱོད་སྒྲུང་གཏམ་འབྲི་བར་དགའ་བའི་རྒྱུ་མཚན་ཅི་ཡིན།
སྟག་འབུམ་རྒྱལ། དེ་ལྟར་འདྲི་བའི་གྲོགས་པོའང་འདུག ཁྱོད་སྒྲུང་གཏམ་འབྲི་བར་དགའ་དོན་ཅི་ཡིན་ཟེར། ངས་བལྟས་ན་དགའ་དང་མི་དགའ་ནི་སེམས་ཀྱི་ཕྱོགས་ལྷུང་ཞིག་ཡིན་པ་ལས་ཚད་གཞི་ངེས་གཏན་ཞིག་ཡོད་དཀའ། འོན་ཀྱང་ངས་བཤད་འདོད་པ་ནི། ངས་དུས་ཡུན་རིང་བོར་བརྩེ་དུང་གིས་བསྙལ་ཞིང་བསྐྱངས་པའི་ཡིག་འབྲུ་དེ་དག་ལ་ཚེ་སྲོག་གི་ཚོན་མདངས་སྤྲས་ཤིང་། མཇུག་མཐར་ཀློག་མཁན་གྱི་སྤྱན་ལམ་དུ་སེམས་ཀྱིས་བསྟར་བ་ལགས་པས་ན། ང་རང་ཡིག་འབྲུ་ལ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ཚོར་བ་ཞིག་འདུག
པདྨ་ཚེ་བརྟན། ཁྱོད་རང་ཡིག་འབྲུ་ལ་གཞན་དང་མི་མཚུངས་པའི་ཚོར་སྣང་ཞིག་ཡོད་དོན་ཅི་རེད།
སྟག་འབུམ་རྒྱལ། ངས་བལྟས་ན་ཡིག་འབྲུ་ནི་འཇིག་རྟེན་འདིར་ཆེས་མཚར་སྡུག་ལྡན་ཞིང་ཆེས་ཕུན་སུམ་ཚོགས་པའི་བྱ་དངོས་དེ་རེད་ལ། ཡང་ཆེས་དཔོག་པར་དཀའ་ཞིང་ཆེས་རྙོག་འཛིང་ཆེ་བའི་བྱ་དངོས་དེའང་རེད། ང་རང་ནི་ཡིག་འབྲུའི་འཚོ་བཅུད་ཀྱིས་བསྐྱངས་འོང་པའི་མི་ཞིག་ཡིན་པས་ན། ཡིག་འབྲུ་ལ་བརྩེ་དུང་བླ་ལྷག་ཅིག་འདུག ཟིང་ཟིང་འཐོམས་འཐོམས་ཀྱི་མི་ཚེ་འཁྱམས་སྐྱོད་ནས་སླར་ཡང་ཕྱིར་འཁོར་ཏེ་མི་ཚེའི་དོན་སྙིང་འཚོལ་བའི་དཀའ་སྡུག་གི་ལམ་རིང་བརྒྱུད་མཐར་། ངས་གཞི་ནས་ཡིག་འབྲུ་ཡི་བླ་ན་མེད་པའི་ནུས་སྟོབས་དང་སུས་ཀྱང་བསྒྲུན་དུ་མེད་པའི་འགུགས་ཤུགས་དེ་ཚོར་བྱུང་། འདི་དག་ཡོད་ཚད་ནི་ངས་སྒྲུང་གཏམ་གསར་རྩོམ་བྱེད་པའི་རྩ་བའི་རྒྱུ་རྐྱེན་དང་སྒུལ་ཤུགས་ཡིན་ཞེས་བཤད་ཆོག
པདྨ་ཚེ་བརྟན། ཁྱོད་ཀྱིས་ཁྱོད་ནི་ཡིག་འབྲུའི་འཚོ་བཅུད་ཀྱིས་བསྐྱངས་ཡོང་བའི་མི་ཞིག་ཡིན་ཟེར། དེ་གསལ་བོ་ཞིག་བཤད་ན་ཨེ་ཆོག སྐད་ཆ་བརྗེས་ཏེ་བཤད་ན། ཡིག་འབྲུའི་འཚོ་བཅུད་ཀྱིས་ཁྱོད་རང་ཇི་ལྟར་བསྐྱངས་ཡོང་བ་ཡིན།
སྟག་འབུམ་རྒྱལ། ང་རང་ད་བར་དུ་གཞི་རིམ་ནས་དགེ་རྒན་བྱས་པས་འགྲོ་མྱོང་བའི་ས་ཆ་མང་པོ་བརྩི་རྒྱུ་མེད། ངས་ཕལ་ཆེར་རྩོམ་རིག་བརྒྱུད་ནས་འཇིག་རྟེན་འདི་ངོ་ཤེས་པ་ཡིན་ཏེ། དེས་ང་རང་འཇིག་རྟེན་གཞན་ཞིག་ལ་འབྲེལ་འདྲིས་བྱེད་པའི་ལྡེ་མིག་བསྩལ་བྱུང་། ཆུང་ངུའི་དུས་སུ་དམངས་ཁྲོད་གཏམ་རྒྱུད་སྣ་ཚོགས་དང་། གེ་སར་གྱི་སྒྲུང་སྣ་ཚོགས། བོད་ཀྱི་རྩོམ་རིག་བརྩམས་ཆོས་སྣ་ཚོགས། ཀྲུང་གོའི་རྩོམ་རིག་བརྩམས་ཆོས། ཕྱི་རྒྱལ་གྱི་རྩོམ་རིག་བརྩམས་ཆོས་སོགས། རྩོམ་རིག་བརྩམས་ཆོས་སྣ་ཚོགས་པས་ང་ལ་རྒྱུན་པར་སེམས་འགུལ་ཐེབས་སུ་བཅུག་པ་དང་ཡིད་སེམས་ཚིམས་པར་བྱས་མྱོང་། རྣམ་པ་འདི་ལྟ་བུ་ཞིག་བརྒྱུད་ནས་འཇིག་རྟེན་ལ་ངོས་འཛིན་བྱེད་པ་དང་འཇིག་རྟེན་ལ་རྒྱུས་ལོན་བྱེད་པ་ནི་ཧ་ཅང་འཐུས་ཚང་ཞིག་ཡིན་མི་སྲིད་མོད། འོན་ཀྱང་ང་ནི་ཏག་ཏག་རྣམ་པ་འདི་ལྟ་བུར་དགའ་བཞིན་འདུག
པདྨ་ཚེ་བརྟན། སྒྲུང་གཏམ་པ་ཞིག་ཡིན་ཕྱིན། ཁྱོད་ཀྱིས་བལྟས་ན་སྒྲུང་གཏམ་པ་ནི་མི་ཇི་ལྟ་བུ་ཞིག་ཡིན་འོས།
སྟག་འབུམ་རྒྱལ། ཧ་ཧ། ང་ནི་སྒྲུང་གཏམ་པ་ཞིག་རེད་དམ།
པདྨ་ཚེ་བརྟན། ཁྱོད་སྒྲུང་གཏམ་པ་ཞིག་རེད། ད་དུང་ཧ་ཅང་ཕུལ་དུ་བྱུང་བའི་སྒྲུང་གཏམ་པ་ཞིག་རེད།
སྟག་འབུམ་རྒྱལ། ངོ་མ་བཤད་ན། ངས་ད་དུང་རང་ཉིད་ལ་སྒྲུང་གཏམ་པ་ཞེས་པའི་ཞྭ་མོ་འདི་བསྐྱོན་འོས་མིན་མི་ཤེས། ངས་རང་ཉིད་ཀྱི་བྲིས་པའི་ཡིག་འབྲུ་དེ་དག་ལ་སྣང་བརྙན་ག་འདྲ་ཞིག་ཡོད་པ་མི་རྟོགས་ལ། སྣང་བརྙན་དེ་དག་གིས་ཀློག་མཁན་གྱི་རྣམ་ཤེས་ལ་སྐྱོམ་སྒུལ་ག་འདྲ་འབྱུང་དུ་གཞུག་ཐུབ་མིན་ཡང་མི་ཤེས། མདོར་བསྡུས་ནས་བཤད་ན། ང་རང་སྐད་ཆ་རྙིང་བ་འདི་འདྲ་ཞིག་ལ་ཧ་ཅང་ཡིད་ཆེས་ཀྱིན་ཡོད། དེ་ནི། “གང་ལྟར་ང་ཚོས་ངལ་རྩོལ་ལ་དགའ་ཞེན་བྱས་ཚེ། དོན་དག་གང་དང་ཅི་ཡང་ལེགས་པོ་ཞིག་འཁྱོངས་སྲིད།” ཅེས་པ་དེ་རེད། དེར་བརྟེན། ངས་ནམ་རྒྱུན་བྱ་བའི་བྲེལ་ཟིང་ཀློང་གི་ཁོམ་གླགས་བེད་སྤྱད་ནས་ཕྱིར་ཕ་ཡུལ་གྱི་གྲུ་ག་སོ་སོར་འཛུལ་ཏེ། དྲན་པའི་བདག་ཏུ་བཟུང་མ་བཟུང་གི་བྱིས་དུས་ཀྱི་འཚོ་བ་སེམས་ཆུང་གིས་བཏུས་ཤིང་། གོ་སྐབས་འོས་འཚམ་རེར་བསྟུན་ནས་དེ་དག་ཡིག་འབྲུའི་ལམ་ནས་སྣང་བརྙན་ཅན་དུ་བསྒྱུར་ཨེ་ཐུབ་ལ་འབད་པ་ཡིན་ལ། ནམ་རྒྱུན་སྐབས་འདི་དག་ཏུ། ང་རང་འཇིག་རྟེན་སྟེང་ཆེས་བདེ་སྐྱིད་ལྡན་པའི་མི་དེ་ཡིན་པའི་ཚོར་སྣང་སྐྱེས་འོང་།
པདྨ་ཚེ་བརྟན། ཁྱོད་ཀྱིས་བལྟས་ན་སྒྲུང་གཏམ་པ་ནི་མི་ཅི་འདྲ་ཞིག་ཡིན་འོས།
སྟག་འབུམ་རྒྱལ། ངས་བལྟས་ན། སྒྲུང་གཏམ་པ་ཞིག་ཡིན་ན་ངེས་པར་དུ་འཚོ་བའི་ཁྲོད་ཀྱི་སུས་ཀྱང་མཐོང་གིན་ཡོད་ཀྱང་སུས་ཀྱང་དོ་སྣང་བྱེད་ཀྱིན་མེད་པའི་བྱ་དངོས་ཕྲ་ཞིབ་དེ་རིགས་མ་ཤོར་བར་འཛིན་ནུས་པའམ་སྔོག་འདོན་བྱ་ནུས་པ་ཞིག་ཡིན་དགོས་འདུག
པདྨ་ཚེ་བརྟན། ངེད་གཉིས་ཀྱིས་གླེང་གཞི་ཕྱིར་ཁྱོད་ཀྱི་ཁྱི་སྒྲུང་གི་ཕྱོགས་སུ་བསྒྱུར་བར་བྱ། ཁྱོད་ལ་མུ་མཐུད་དུ་ཁྱི་ཡི་སྐོར་གྱི་སྒྲུང་གཏམ་འབྲི་བའི་འཆར་གཞི་ཨེ་ཡོད།
སྟག་འབུམ་རྒྱལ། ལོས་ཡོད། ད་ལོའི་འཆར་གཞི་ནི་སྔོན་ཆད་ཀྱི་ཁྱི་ཡི་སྐོར་གྱི་སྒྲུང་གཏམ་གྱི་རྨང་གཞིའི་སྟེང་ད་དུང་རེ་གཉིས་ཤིག་བྲིས་ཏེ། ལོ་མཇུག་ཏུ་ཁྱི་ཡི་སྐོར་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས་ཤིག་པར་སྐྲུན་བྱ་ཨེ་ཐུབ་སྙམ་པ་ཡིན། འཆར་གཞི་འདི་ད་ལོའི་མཚོ་སྔོན་ཞིང་ཆེན་གྱི་གནད་ཆེའི་སྒྱུ་རྩལ་བརྩམས་ཆོས་ཀྱི་ལས་གཞིའི་གྲས་སུ་ཚུད་ཡོད།
པདྨ་ཚེ་བརྟན།  དེ་ཧ་ཅང་ལེགས་པོ་འདུག ང་ལའང་སྔར་ནས་འཆར་གཞི་འདི་འདྲ་ཞིག་ཡོད། དེ་ནི་བསྒུག་སྟེ་ཁྱོད་ཀྱིས་ཁྱི་སྒྲུང་བྲིས་ནས་གྲངས་ཚད་ངེས་ཅན་ཞིག་ལ་ལོངས་རྗེས། གཅིག་བསྡུས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་ཅིང་། དེ་ནས་དཔེ་སྐྲུན་ཁང་ཞིག་བཙལ་ཏེ་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལས་ཁྱི་སྒྲུང་ཞེས་པ་ཞིག་པར་སྐྲུན་བྱས་ན། ཀློག་མཁན་སྔར་བས་མང་པོ་ཞིག་གིས་ཁྱོད་ཀྱི་སྒྲུང་གཏམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ཉམས་སུ་མྱོང་ཐུབ་རྒྱུ་རེད།
སྟག་འབུམ་རྒྱལ།  ང་རང་ཁྱོད་ཀྱི་ཡིག་བསྒྱུར་ནུས་པར་ཡིད་ཆེས་བརྟན་པོ་ཡོད། དེ་བས་ངས་སྔར་བས་འབད་པ་བྱས་ཏེ། གང་ནུས་ཅི་ལྕོགས་སྒོས་ཁྱི་ཡི་སྐོར་གྱི་སྒྲུང་གཏམ་ལེགས་པོ་ཞིག་འབྲི་ཨེ་ཐུབ་བལྟ། ཧ་ཧ།
པདྨ་ཚེ་བརྟན།  མུ་མཐུད་དུ་ཁྱི་ཡི་སྐོར་འབྲི་བར་ཁྱོད་ལ་གནོན་ཤུགས་ཨེ་འདུག
སྟག་འབུམ་རྒྱལ།  སེམས་གཏམ་བཤད་ན། ཅུང་ཙམ་ཡོད་འདུག མུ་མཐུད་དུ་ཁྱི་སྒྲུང་འབྲི་རྒྱུ་ནི་ང་ལ་མཚོན་ན་འགྲན་སློང་ཞིག་དང་ཚོད་བགམ་ཞིག་རེད། རྒྱུ་མཚན་ནི་ངས་སྔོན་དུ་ཁྱི་ཡི་སྐོར་མང་པོ་ཞིག་བྲིས་ཟིན་པས། ད་དུང་བྲིས་ན་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཤིག་མངོན་ཨེ་ནུས་སམ། ཀློག་མཁན་དག་གི་སྣང་ངོར་སྔོན་ཆད་ལ་བསྐྱར་བཟླས་བྱས་ཡོད་པ་ལྟ་བུའི་ཚོར་སྣང་བྱིན་ཨེ་འགྲོར་སྐྲག་པ་ཡིན།
པདྨ་ཚེ་བརྟན། འདིའི་ཕྱོགས་ནས་ཁྱོད་ལ་ཁྱད་དུ་འཕགས་པའི་ཆ་རྐྱེན་འཛོམས་འདུག ཁྱོད་ལ་ཕུན་སུམ་ཚོགས་པའི་འཚོ་བའི་རྒྱུ་ཆ་དང་ཉམས་མྱོང་ཡོད་པས། ཁྱོད་ཀྱིས་སྔར་ལས་ལྷག་པའི་ཁྱི་ཡི་སྐོར་གྱི་སྒྲུང་གཏམ་འབྲི་ནུས་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད། དུས་མཚུངས་སུ། ངས་ཀྱང་ཁྱོད་ཀྱིས་མུ་མཐུད་དུ་སྔོན་གྱི་ཁྱི་ཡི་སྐོར་གྱི་སྒྲུང་གཏམ་ལས་ཀྱང་ལྷག་པའི་ཁྱི་ཡི་སྐོར་གྱི་སྒྲུང་གཏམ་འབྲི་བར་རེ་བ་བཏོན་པ་ཡིན། དེ་ལྟར་ན་ངས་རྒྱ་ཡིག་ཏུ་བསྒྱུར་ནའང་དེ་བས་དོན་སྙིང་དང་རིན་ཐང་ལྡན་འདུག་སྙམ། ངོ་མ་བཤད་ན། ཁྱོད་ཀྱིས་སྔོན་ཆད་བྲིས་པའང་དངོས་གནས་ཧ་ཅང་ལེགས་པའི་ཆུ་ཚད་དུ་བསླེབས་འདུག
སྟག་འབུམ་རྒྱལ། ཧ་ཧ་ཧ། ཁྱོད་ཀྱིས་ང་ལ་གནོན་ཤུགས་མ་སྟེར་དང་། ངས་གང་ནུས་ཅི་ལྕོགས་བྱ་ངེས།
པདྨ་ཚེ་བརྟན། ཁྱོད་ཀྱི་ཁྱི་སྒྲུང་བདེ་བླག་ངང་ཡོངས་འགྲུབ་ཡོང་བར་སྨོན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...