སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་རིན་ཐང་དཔྱད་བརྗོད།
རྩོམ་པ་པོ། རྡོ་རྗེ་རབ་བརྟན། རྩོམ་སྒྲིག་པ། Dorje rabden དུས་ཚོད། 2011-8-29 16:42:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     

       ཉེ་སྔོན་མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་ལས་དོན་གཞུང་ལས་ཁང་གིས་རྩོམ་སྒྲིག་མཛད་པའི《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་པར་སྐྲུན་འགྲེམ་སྤེལ་མཛད་སྒོ་ཆབ་ཆ་རུ་བསྡུས་ཤིང་། མཛད་སྒོའི་སྟེང་དུ་ཞིང་ཆེན་ཕྱི་ནང་གི་མཁས་པ་མང་པོ་གདན་ཞུ་གནང་ཡོད་པ་དང་། ཁོང་ཚོས་དཔེ་ཆ་འདིའི་རིན་ཐང་སྐོར་ལ་དཔྱད་བརྗོད་སྤེལ་བ་རེད། གཤམ་དུ་བཀོད་པ་ནི་ཆེད་མཁས་དང་འགོ་ཁྲིད་ཁ་ཅིག་གི་དཔྱད་བརྗོད་ལགས།(སྒྲ་བླངས་པ་གཞིར་བཟུང་སྟེ་ཡི་གེར་ཕབ་པ་ཡིན།)
མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རིན་པདྨ་ལྷུན་འགྲུབ་ལགས་ཀྱི་དཔྱད་བརྗོད།

       མཁྱེན་རྒྱ་ཡངས་པའི་མཁས་པ་དང་འགོ་ཁྲིད་རྣམ་པ། དེ་རིང་ང་རང་སེམས་པ་ཧ་ཅང་སྤྲོ་བའི་ངང་ནས་ཆབ་ཆ་ས་ཁུལ་དུ་ཡོང་ནས《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་འགྲེམ་སྤེལ་མཛད་སྒོ་ལ་ཞུགས་པ་ཡིན། ཐོག་མར་ངས་སྐབས་ཐོག་འདིའི་བསམ་ཚུལ་ཞིག་བརྗོད་ན་ཧ་ལས་པའི་བསམ་ཚུལ་གཉིས་ཡོད་དེ། དཔེ་ཆ་འདི་ནི་ངས་ཐོག་མར་བསམ་བློ་བཏང་བའི་དཔེ་ཆ་ལས་ཡོངས་སུ་འདས་ཡོད་པས་ཧ་ལས་པ་དང་གཅིག  དེ་རིང་གི་མཛད་སྒོའི་བཀོད་སྒྲིག་དང་རྣམ་པ། མི་ཚོགས་ལ་བལྟས་ནས་ང་རང་ཧ་ལས་པ་དང་གཉིས་སོ། །ཞོལ་དུ་ངས《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》ཞེས་པའི་དཔེ་ཆ་འདི་ལ་དཔྱད་འཇོག་ཙམ་བྱེད་པར་བྱ། དཔེ་ཆ་འདི་ཐོག་མར་པར་འགྲེམ་བྱས་པ་ནས་ཞིང་ཆེན་རིམ་པའི་འགོ་ཁྲིད་མང་པོས་གདང་འཇོག་ཚད་མཐོན་པོ་གནང་བཞིན་གདའ། ཁུལ་རིམ་པའི་ལས་ཁུངས་ཤིག་གིས་ལས་གཞི་འདི་འདྲ་ཆེན་པོ་ཞིག་དང་དུ་བླངས་པ་ལ་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མགོ་མཇུག་ཀུན་ཏུ་མི་སྣ་དང་རྩ་འཛུགས། དཔལ་འབྱོར་གྱི་ཐད་ནས་མཐུན་རྐྱེན་ལེགས་པོ་སྦྱར་ཡོད་འདུག མཚོ་ལྷོ་ཁུལ་གྱིས་ཐོག་མར་ཀུན་གྱི་སྣ་འདྲེན་དུ་ལས་གཞི་འདི་ལེགས་འགྲུབ་བྱུང་སོང་བ་རེད། གྲུབ་འབྲས་འདིས་མི་རིགས་རིག་གནས་དང་མི་རིགས་སྐད་ཡིག  ས་གནས་གནས་སྐོར་སོགས་ཀྱི་ཐད་ལ་སྒུལ་ཤུགས་གསར་བ་ཞིག་ཐེབས་སྲིད་པ་རེད། དཔེ་ཆ་འདི་པར་སྐྲུན་བྱས་པ་ནི་གྲུབ་འབྲས་ཐེངས་ཤིག་དང་སྔོག་འདོན་ཐེངས་ཤིག བཙོ་སྦྱང་ཐེངས་ཤིག  མགོ་རྩོམ་ཐེངས་ཤིག་རེད་ཅེས་སྨྲ་ཆོག
       དང་པོ། ཅིའི་ཕྱིར་གྲུབ་འབྲས་ཐེངས་ཤིག་རེད་ཅེ་ན། ས་མིང་ནི་ས་གནས་རིག་གནས་ཀྱི་མཚོན་རྟགས་སམ་བརྡ་རྟགས་ཤིག་ཡིན་ཞིང་། ཕུལ་བྱུང་རིག་གནས་ཕྱིར་སྣང་བྱེད་པའི་རྟེན་གཞི་ཡིན་པས། ས་མིང་རང་སྟེང་དུ་དམངས་ཁྲོད་ཀྱི་རིག་གནས་ཤིན་ཏུ་མང་པོ་ཞིག་བག་ལ་ཞ་འདུག་སྟེ། དེར་རིག་གནས་ཀྱི་ཁུངས་སྣེ་དང་། རིག་གནས་ཀྱི་ཆ་འཕྲིན། རིག་གནས་ཀྱི་སེམས་ཁམས། རིག་གནས་ཀྱི་སྐུལ་རེས་དང་བྱེར་འགྲམ་སོགས་འདུས་ཡོད་པས་ན། དཔེ་ཆ་འདི་ལག་ཏུ་བླང་ན་ལྗིད་ཏིག་ཏིག་ཅིག་ཡིན་ཏེ། འདི་ལ་ལོ་རྒྱུས་ཀྱི་ཕུགས་དང་། ས་གནས་ཀྱི་དཔངས། ནང་དོན་གྱི་རྔམས་མཐུག་པོ་ཞིག་ཡོད་པ་མ་ཟད། དཔེ་ཆའི་པར་གཞི་དང་ཕྱི་ཐུམ་སོགས་ཀྱང་ཚད་དང་ལྡན་པ་ཞིག་ཡིན་སྟབས། ལང་ཚོ་དར་ལ་བབས་པའི་གཞོན་ནུ་མ་ཞིག་ང་ཚོའི་མིག་གི་ལོངས་སྤྱོད་སུ་གྱུར་བ་དང་ཀུན་ནས་མཚུངས།དཔེ་ཆ་འདིར་ས་མིང་སུམ་སྟོང་ལྷག་བསྡུས་ཡོད་པ་ཚང་མ་མཚོ་ལྷོ་ས་ཁུལ་དུ་འཚོ་སྡོད་བྱེད་པའི་གང་ཟག་ཐམས་ཅད་ལ་འབྲེལ་བ་དམ་ཟབ་ཡོད་ཅིང་། ས་རྒྱུས་དངོས་ཕུང་ལས་འཕྲོས་པའི་མཚོ་ལྷོའི་ལོ་རྒྱུས་དང་མི་སྣ། ལྷ་སྒྲུང་། གཏམ་རྒྱུད། ཡུལ་སྐད། མི་རིགས་སྐྱས་སྤོར། རིག་གནས་གསེད་དགྲོལ། དེ་མིན་ཚོ་བའི་གྲུབ་ཚུལ་དང་ཆོས་ལུགས་དད་མོས་སོགས་གཞི་གཅིག་ཏུ་འདུས་པའི་ཤེས་བྱའི་གཏེར་མཛོད་ཆེན་པོ་ཞིག་ཡིན་པ་མ་ཟད། མི་རིགས་ས་ཁུལ་གྱི་རིག་གནས་ལོ་རྒྱུས་དང་། མི་རིགས་འབྲེལ་བ། སྤྱི་ཚོགས་གྲུབ་སྟངས། གཞི་རིམ་རྩ་འཛུགས་ཀྱི་རྣམ་པ། སྲིད་འཛིན་མངའ་ཁོངས། གནས་སྐོར་དང་འགྲིམ་འགྲུལ་སོགས་ལ་ཞིབ་འཇུག་བྱེད་པའི་ས་མིང་ཚིག་མཛོད་ཅིག་ཀྱང་རེད།
       གཉིས་པ། ཅིའི་ཕྱིར་སྔོག་འདོན་ཐེངས་ཤིག་རེད་ཅེ་ན། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་གཞུང་ལས་ཁང་གིས་ཆེད་ལས་ཀྱི་ངོས་ཐད་ནས་ས་མིང་རིག་གནས་བརྡ་འགྲེལ་གྱི་ལས་གཞི་འདི་འདྲའི་རླབས་ཆེན་ཞིག་ལག་བསྟར་བྱས་པ་ནི་སྔོག་འདོན་ཐེངས་ཤིག་ཡིན་ཏེ། མཚོ་སྔོན་ཞིང་ཆེན་དུ་ས་མིང་དག་བསྒྲིགས་ཀྱི་ལས་གཞི་བཞི་ཡོད་པ་ལས་མཚོ་ལྷོ་ཁུལ་གྱིས་ཆེས་ཐོག་མར་ལེགས་འགྲུབ་བྱུང་སོང་། མིག་སྔར་རྨ་ལྷོ་དང་ཡུལ་ཤུལ་ཁུལ་གཉིས་ཀྱིས་འཚོལ་བསྡུ་བྱེད་བཞིན་པ་དེའི་དཔེ་བལྟ་སའང《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》འདི་རེད།
       གསུམ་པ། ཅིའི་ཕྱིར་བཙོ་སྦྱང་ཐེངས་ཤིག་རེད་ཅེ་ན། ས་མིང་དག་བསྒྲིགས་ནི་ཆེས་སྤྱིར་བཏང་དང་ཆེས་གལ་འགངས་ཆེ་བའི་བྱ་གཞག་ཅིག་ཡིན་ཏེ། རང་རྒྱལ་ཡིན་ནའང་འདྲ། སྟོབས་ལྡན་རྒྱལ་ཁབ་ཡིན་ནའང་འདྲ་ས་མིང་ནི་ཤིན་ཏུ་གལ་ཆེ་བའི་བྱ་བའི་གྲུབ་ཆ་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་ས་མིང་ཨུ་ཡོན་ལྷན་ཚོགས་ཞེས་པའི་སྒྲིག་གཞི་ཞིག་ཡོད་པ་དང་ལོ་རེར་རྒྱལ་སྤྱི་རང་བཞིན་གྱི་ས་མིང་རིག་གཞུང་བགྲོ་གླེང་ཚོགས་བཞིན་ཡོད། (མིག་སྔར་དྲ་ཐོག་ནས《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》འདི་མཐོང་རྗེས། རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོ་ཞིག་གིས་དཔེ་ཆ་འདི་རྩད་གཅོད་ཀྱིན་འདུག)ས་མིང་ལས་དོན་ནི་དོན་དངོས་སུ་རྒྱལ་སྤྱི་རང་བཞིན་གྱི་ལས་དོན་ཞིག་རེད། ང་ཚོའི་ཁོར་ཡུག་ཏུ་ཡོད་པ་ནི་མི་རིགས་ཀྱི་ཡིན་པ་དང་། མི་རིགས་ཀྱི་ཡིན་ན་རྒྱལ་སྤྱིའི་ཡིན་པ་རེད། དེར་བརྟེན་གསར་ཞིང་ཆ་ཚང་བ། གཏིང་ཟབ་ཅིང་ཚད་ལྡན་ཡིན་པའི་མངའ་ཁོངས་རང་བཞིན་གྱི་ས་མིང་དཔེ་ཆ་འདི་ཀློག་སྐབས། ང་ཚོས་ད་གཟོད་ས་ཆ་ཞིག་གི་མིང་ངམ་སྡེ་བ་ཞིག་གི་མིང་དེ་དག་རེ་རེ་ལ་བླ་ན་མེད་པའི་རིག་གནས་ཆ་འཕྲིན་གྱི་རིན་ཐང་ག་ཚོད་ཅིག་ལྡན་པ་རྟོགས་ཐུབ། དེ་བཞིན་དུ་རི་བོ་དང་ཆུ་བོ། སྡེ་བ་དང་དགོན་པ་རེ་རེའི་བརྡ་འགྲེལ་ཁྲོད་དུ་ང་ཚོས་མི་རིགས་ཤིག་གི་རིག་གནས་རིན་ཐང་དང་དོན་སྙིང་ངེས་ཐུབ། གནའ་བོའི་མི་རིགས་ཀྱི་དཔལ་ཡོན་དང་སྐྱས་སྤོར། དཔལ་འབྱོར་དང་ཆབ་སྲིད། དམག་དོན་སོགས་ལ་འབྲེལ་བ་ཡོད་པའི་བྱ་དངོས་ཐམས་ཅད་ཆེས་སྤྱིར་བཏང་གི་ས་མིང་ཁྲོད་དུ་ཡང་བསྐྱར་ཚུར་སྣང་བྱས་ཏེ་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོ་ལ་ཉམས་སུ་མྱོང་བ་ནི་ང་ཚོས་སྔོན་ཆད་ས་མིང་ལ་སྤྱི་མཚན་ཙམ་ལས་ཤེས་རྟོགས་མེད་པ་དེ་ལས་རིང་དུ་བརྒལ་ཏེ་བསམ་བློའི་ཀུན་རྟོགས་ལ་བཙོ་སྦྱང་ཐེངས་ཤིག་བྱས་པའི་ངེས་ཤེས་འདྲོངས་ཐུབ།
       བཞི་བ། ཅིའི་ཕྱིར་མགོ་རྩོམ་ཐེངས་ཤིག་རེད་ཅེ་ན། སྤྱི་ཚོགས་སྐད་བརྡ་རིག་པའི་ཐད་ནས་བརྗོད་ན། ས་མིང་ནི་ས་ཁུལ་ཞིག་གི་སྡོད་དམངས་ཀྱིས་འཚོ་བའི་ཁྲོད་ས་རྒྱུས་དངོས་ཕུང་ལ་ཕར་བཏགས་པའི་མིང་དེར་བྱ་ཞིང་། ས་དང་མི་གཉིས་ལ་བསྟན་ཡོད་དེ། ས་གནས་ཀྱི་རིག་གནས་ཁྱད་ཆོས་དང་སྡོད་དམངས་ཀྱི་སེམས་ཁམས་ཁྱད་ཆོས་གཉིས་འདུས། དཔེ་ཆ་འདིའི་གྲུབ་འབྲས་ཀྱིས་ས་མིང་རིག་གནས་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་ཕུན་སུམ་ཚོགས་པ་མཁོ་འདོན་བྱས་འདུག  དེ་ལྟ་ན་ཇི་ལྟར་ས་མིང་རིག་གནས་བརྒྱུད་ནས་མཚོ་ལྷོའི་རིག་གནས་དཔལ་འབྱོར་དང་གནས་སྐོར་སྣེ་ཤན་སོགས་ལ་ཞབས་ཞུ་བསྒྲུབ་རྒྱུ་ནི་ང་ཚོས་འགོ་རྩོམ་སའམ་རྡོག་ཐོན་ས་ཡིན་ནོ། །
དེ་སྔའི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའམ་ཞིང་ཆེན་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་གཅོད་པ་དོན་འགྲུབ་ལགས་ཀྱི་དཔྱད་བརྗོད།

གཙོ་ངོས།ཤོག་ངོས་གོང་མ།12345ཤོག་ངོས་འོག་མ།ཤོག་ངོས་མཐའ་མ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...