སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་རིན་ཐང་དཔྱད་བརྗོད།
རྩོམ་པ་པོ། རྡོ་རྗེ་རབ་བརྟན། རྩོམ་སྒྲིག་པ། Dorje rabden དུས་ཚོད། 2011-8-29 16:42:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


  

       དེ་རིང《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》ཞེས་པ(མིང་བཏགས་པའང་ཁྱད་པར་ཅན་ཞིག་རེད)ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་འགྲུབ་བྱུང་ཞིང་། པར་སྐྲུན་འགྲེམ་སྤེལ་བྱེད་པའི་ཉིན་མོ་རེད། དཔེ་ཆ་འདི་ནི་དུས་ཡུན་ཐུང་ཐུང་ཞིག་གི་ནང་རྩོམ་སྒྲིག་བྱས་པ་ནི་མིན་པར་ལོ་ངོ་བཞིའི་རིང་ལ་འབད་འབད་འབུངས་འབུངས་བྱས་མཐར་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་གདོན་མི་ཟ། ལྷག་པར་དུ་འདི་ནས་གླེང་དགོས་པ་ནི། གཅིག་ནས་མཚོ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་རོགས་སྐྱོར་བླ་ན་མེད་པ་བྱས་ཡོད་པ་དང་། གཉིས་ནས་མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་གཞུང་ལས་ཁང་གི་རྩོམ་སྒྲིག་པ་ཡོངས་ཀྱིས་དུས་ཡུན་རིང་བོ་ཞིག་ལ་རྒྱུ་ཆ་མང་པོ་འཚོལ་སྡུད་བྱས་ཤིང་། ཡུལ་དངོས་ལ་སོང་ནས་ས་མིང་མང་པོའི་ཁྲོད་ནས་གདམ་ག་བྱས་ནས་ལེགས་འགྲུབ་བྱུང་བ་ཞིག་རེད། དེའི་གོ་རིམ་ཁྲོད་དུ་ས་མིང་རེ་རེ་ལ་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་ས་གནས་མང་ཚོགས་ཀྱི་ངག་རྒྱུན་དང་ལོ་རྒྱུས་ཡིག་ཆ་སོགས་ཁུངས་གཏུག་རྗེས་བོད་སྐད་གཞིར་བཟུང་སྟེ་རྒྱ་བོད་ཡིག་རིགས་གཉིས་ཀྱིས་འགྲེལ་བརྒྱབ་འདུག  འགྲེལ་དེའང་རིག་གནས་ལོ་རྒྱུས་དང་མཐུན་ཞིང་། སྤྱི་ཚོགས་དང་མཐུན་པ། ཚད་དང་ལྡན་པ་ཞིག་རེད། ལོ་ཏོག་བཏབས་པ་ལྟ་བུར་རྒྱུ་གང་དེ་ལ་འབྲས་བུ་གཡུར་དུ་ཟ་བ་སྨིན་འདུག དེར་བརྟེན་ངས་འདི་ནས《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》འདི་པར་སྐྲུན་འགྲེམ་སྤེལ་བྱས་པར་ལྷག་བསམ་འཁོལ་བས་རྟེན་འབྲེལ་ཞུ་བ་ཡིན།
       སྤྱིར་མཚོ་ལྷོ་ས་ཁུལ་ལ་མཚོན་ན། གུང་ཧོ་དང་མང་འབའ་བྱ་གསུམ། མཚོ་སྔོན་པོ་གཡས་རུ་གཡོན་རུ་ལ་སོགས་པར་ལོ་རྒྱུས་ཀྱི་འགྱུར་བ་མང་པོ་བྱུང་ཞིང་། སོག་པོ་སོགས་མི་རིགས་གཞན་པའང་ཡུལ་འདིར་སླེབས་མྱོང་ཞིང་མཐའ་མར་ཕམ་ཏེ་ཕྱིར་བསྐྲད་པ་རེད། མཐར་གཏུག་ན་མཚོ་ལྷོ་ས་ཆ་ནི་བོད་རྒྱལ་སྲོང་བཙན་དུས་སུ་བློན་པོ་མགར་སྟོང་བཙན་གྱིས་འདིར་དམག་དྲངས་ཤིང་དེའི་བུ་རྒྱུད་ལས་འཕེལ་བ་ཡིན་པས་ལོ་རྒྱུས་ཀྱང་ཧ་ཅང་རིང་། དེའི་ཕྱིར་ས་མིང་རིག་གནས་བརྡ་འགྲེལ་འདི་ལས་མཚོ་ལྷོ་ཡུལ་གྲུ་འདིའི་འོད་ཟེར་ལྡན་པའི་སྲིད་འབྱོར་རིག་གསུམ་གྱི་ལོ་རྒྱུས་མཚོན་ཐུབ་པ་དང་།ས་མིང་ཞིག་གི་ཐོག་མཐའ་བར་གསུམ་གྱི་འཕེལ་འགྱུར་མཐོང་ཐུབ་པས་གྲུབ་འབྲས་བླ་ན་མ་མཆིས་པ་ཡོད་པ་རེད། ས་མིང་ནི་ཆབ་སྲིད་དང་། རིག་གནས། དཔལ་འབྱོར། དམངས་སྲོལ། དེ་མིན་དམག་དོན་སོགས་འབྲེལ་བ་མེད་པ་གཅིག་ཀྱང་མེད། དེར་བརྟེན་དཔེ་ཆ་འདི་པར་སྐྲུན་བྱུང་བ་ནི་མཚོ་ལྷོ་ཕར་ཞོག་བོད་ཆོལ་ཁ་གསུམ་ལ་ཕན་ཐོགས་ཡོད་པའི་བསུབ་ཐབས་མེད་པའི་བྱས་རྗེས་ཤིག་བཞག་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། འདི་ནི་ས་མིང་ཙམ་མ་ཡིན་ཏེ་ས་གནས་ཀྱི་ལོ་རྒྱུས་ལ་འབྲེལ་བ་ཡོད། ས་མིང་ཐག་གཅོད་མ་ཐུབ་ན་ལོ་རྒྱུས་མང་པོ་ཞིག་ཐག་གཅོད་དཀའ། ད་ལྟའི་སྐད་ཆ་ལྟར་བཤད་ན། ས་མིང་ནི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་རྩ་ཆེན་གྱི་གྲས་སུ་གཏོགས་ཤིང་། རྒྱལ་ཁབ་ཀྱིས་ཀྱང་འདི་བསྒྲུབ་འོས་པར་བསྟན་ཡོད། དེ་ན་འདི་ལྟ་བུ་ཞིག་བསྒྲུབས་ཐུབ་སོང་བ་ནི་རྒྱལ་ཁབ་ཀྱི་བྱས་རྗེས་དང་། མི་རིགས་ཀྱི་བྱས་རྗེས། ས་གནས་ཀྱི་བྱས་རྗེས་ཡིན། སྔོན་ཆད་ཀྱང་དམངས་སྲིད་སྡེ་ཁག་གིས་སྣེ་ཁྲིད་དེ་ས་མིང་འཚོལ་སྡུད་བྱས་མོད་ཀྱང་། ད་ཐེངས་ལྟ་བུ་གཏིང་ཟབ་ཅིང་བརྡར་ཤ་ཆོད་པ་ཞིག་ཧ་ཅང་དཀོན་ནོ། །དྲང་མོར་བཤད་ན་མཚོ་ལྷོ་ལ་མགོ་ལོག་དང་། རྨ་ལྷོ། ཡུལ་ཤུལ་ལྟ་བུའི་ལོ་རྒྱུས་ཀྱི་དཔངས་དེ་འདྲའི་སྟུག་པོ་ཞིག་མེད་དེ། རེབ་གོང་གི་ལྷ་རྩེད་དང་དམག་རྩེད་སོགས་འཐུས་སྒོ་ཚང་བའི་དམངས་སྲོལ་རིག་གནས་ལྟ་བུ། ཡུལ་ཤུལ་གྱི་རྫོངས་སྟུག་པའི་དགོན་པའི་རིག་གནས་ཏེ་དགེ་ལུགས་པ་དང་རྙིང་བ་ཕར་ཞོག་ཇོ་ནང་པ་དང་། ས་སྐྱ་པ། བཀའ་བརྒྱུད་པ། བཀའ་གདམས་པ། ཞི་བྱེད་ལ་སོགས་པ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པ་ལྟ་བུ། 
       ད་ལྟ་མིང་མང་པོ་ཞིག་རྒྱའི་མིང་གི་རྗེས་འདེད་ཀྱིན་འདུག དཔེར་ན་རིག་སྨོན་ལ倒淌河ཞེས་རྒྱུན་འབྱམས་སུ་སོང་ཡོད་པ་དང་། རི་བོ་ཉི་ཟླ་ལ日月山ཞེས་འབོད་ཅིང་། རྒྱ་བོད་གཉིས་ཀྱི་ས་མཚམས་སམ་ཡང་ན་ཞིང་ཕྱུགས་གཉིས་ཀྱི་ས་མཚམས་ལ་ངོས་འཛིན་བཞིན་འདུག  དོན་དངོས་སུ་དེ་འདྲ་ཞིག་མ་ཡིན་ཏེ། བོད་རྒྱལ་ཁྲི་རལ་བ་ཅན་གྱི་སྐབས་སུ་གནམ་ན་ཉི་ཟླ་སྐར་གསུམ་དང་། ས་ན་མེས་དབོན་རྣམ་གསུམ་ཞེས་གྲགས་ཤིང་། ཁྲང་ཨན་དུ་རྡོ་རིང་སློང་སྐབས་དྲིལ་བསྒྲགས་ཀྱི་ཆེད་དུ་རྡོའི་སྟེང་དུ་ཉི་ཟླའི་རི་མོ་བརྐོས་པ་ཡིན། དེ་བཞིན་དུ་གནས་འདི་རུའང་ཉི་ཟླ་བརྐོས་པའི་རྡོ་རིང་བསླངས་པས་ན་རི་བོ་ཉི་ཟླའམ་རྡོ་ཉི་ཟླ་ཞེས་ཐོགས་པ་རེད། རྟ་ནག་མ་ལ黑马河ལྟ་བུ་འགྱུར་ཚར་འདུག་པས་སྒྱུར་རྒྱུ་དཀའ་མོ་རེད། དཔེ་ཆ་འདིར་དེ་དག་ཚང་མ་གདོད་མའི་སྐད་ཁུངས་ལ་གཏུགས་ཏེ་ཡོ་བསྲིང་བྱས་འདུག་པ་རིན་ཐང་ཧ་ཅང་ཆེ། ཡིན་ཡང་ལོ་རྒྱུས་བརྩི་སྲུང་བྱེད་རྒྱུའང་ཤིན་ཏུ་གལ་ཆེ་སྟེ་སྐད་རིགས་གཞན་པའི་ས་མིང་དག་བཙན་གྱིས་བོད་སྐད་དུ་སྒྱུར་མི་རིགས།    མདོར་ན་ཁྱེད་ཅག་གིས་ས་མིང་རིག་གནས་བརྡ་འགྲེལ་ཞེས་པའི་རྡོ་རིང་ཞིག་བཙུགས་ཡོད་ན། གསེར་ལ་ལྷད་མེད་པ་དང་མི་ལ་སྐྱོན་མ་གོས་པ་ཞིག་མེད་པ་ལྟར་དུ་མ་འོངས་པར་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་འགྱུར་བ་མེད་པའི་རྡོ་རྗེ་ལྟ་བུ་ཞིག་ཏུ་གཏོང་བ་བདག་གི་རེ་བ་ཡིན་ནོ། །
ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་སློབ་གླིང་གི་གླིང་གཙོའམ་དགེ་རྒན་ཆེན་མོ་བཀྲ་ཤིས་ཚེ་རིང་ལགས་ཀྱི་དཔྱད་བརྗོད།
       


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...