སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་བློན་ཞང་རྗེ་བཙན་ཞེས་པའི་འགྱུར་གླེང་བ།
རྩོམ་པ་པོ། བཟོད་པ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-11-14 8:57:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

  བོད་ཀྱི་ལོ་རྒྱུས་ཡིག་ཆར་དེ་འདྲའི་མི་གསལ་ལ་རྒྱའི་ཐང་ཡིག་གསར་རྙིང་དུ་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་འབྲེལ་བ་ཡོད་པའི་བློན་ཆེན་འགའི་གནས་ཚུལ་ཅུང་མང་པོ་ཞིག་བཀོད་ཡོད།དེ་དག་གནས་ཚུལ་བཀོད་པ་ཅུང་མང་བ་ནི་མགར་ཁྲི་འབྲིང་ཡིན་ལ། དེ་འོག་ཞང་རྒྱལ་མཚན་དུ་འདོད། འདིར་སྐབས་སུ་བབས་པའི་གླེང་བྱ་ཞང་རྒྱལ་མཚན“尚结赞”ཞེས་པའི་བློན་ཆེན་འདི་ནི་བཙན་པོ་ཁྲི་སྲོང་གི་སྐུ་ཚེའི་མཇུག་ཏུ་སྲིད་ཀྱི་དབང་ཆ་ཆེན་པོ་བཟུང་ཡོད་པའི་བོད་ཀྱི་བློན་པོ་ཞིག་ཡིན་ལ།སྔོན་ཆད་ཀྱི་བོད་ཡིག་གི་ལམ་ནས་བྲིས་པའི་ལོ་རྒྱུས་ཡིག་ཆ་རྙིང་བ་དག་ཏུ་སོ་བློན་འདིའི་མིང་ཙམ་ལས་གནས་ཚུལ་ཞིབ་ཕྲའི་སྐོར་འཁོད་པ་མ་མཐོང་ཡང་།རྒྱའི་ཐང་ཡིག་གསར་རྙིང་ཞེས་པའི་ཡིག་ཚང་དུ་འདིའི་སྐོར་མང་བོ་ཞིག་བཀོད་ཡོད་ལ།ཁོང་གིས་སྤྱི་ལོ783ལོ་མཐའ་མཚམས་ཀྱི་སོ་བློན་གཙོ་བོའི་འགན་ཁུར་པ་དང་།སྤྱི་ལོ796ལོ་སྐུ་གཤེགས་པ་སོགས་བཀོད་ཡོད་ལ། ཁོང་ནི་དཔའ་མཛངས་གཉིས་ལྡན་གྱི་བློན་པོ་ཞིག་ཡིན་པར་མ་ཟད་ད་དུང་ཐང་བོད་ཀྱི་མནའ་འབྲེལ་ཐེངས་གཉིས་ལ་ཞུགས་པ་དང་།དམག་སྲིད་ཀྱི་དབང་ཆ་ལོ་བཅུ་ལྷག་ལ་བཟུང་བ་སོགས་ཀྱི་གནས་ཚུལ་བཀོད་ཡོད་མོད། འདིར་གླེང་བར་བྱ་བ་ནི་དེ་དག་མ་ཡིན་པར་གཙོ་བོ་བློན་ཆེན་འདིའི་མིང་འགྱུར་སྟངས་ལ་བསམ་གཞིགས་ཅུང་ཟད་བྱ་བར་འདོད།རྒྱ་ཡིག་ཏུ་བློན་ཆེན་འདིའི་མཚན་ལ“尚结赞”ཞེས་བྲིས་ཡོད།འདི་ལ་ད་སྔའི་བོད་འགྱུར་དག་ཏུ་“ཞང་རྗེ་བཙན”དང“ཞང་གེ་བཙན”སོགས་སུ་བསྒྱུར་ཡོད་མོད། བོད་ཀྱི་དེང་རབས་ལོ་རྒྱུས་སྨྲ་བ་མཁས་དབང་དམུ་དགེ་བསམ་གཏན་དང་གཉའ་གོང་དཀོན་མཆོག་ཚེ་བརྟན་སོགས་ཀྱིས་རང་རང་གི་ལོ་རྒྱུས་རྩོམ་ཡིག་ཏུ་ཞང་རྒྱལ་བཙན་ཞེས་བྲིས་ཡོད་པ་འདི་ནི་ཁུངས་དག་མོ་ཞིག་རེད་འདོད།དབོན་ཞང་རྡོ་རིང་ངོས་སུ་འཁོད་པའི་རྒྱ་བོད་གཉིས་ཀྱི་བློན་ཆེན་ཚོའི་ཐབས་དང་མིང་རུས་ཤན་སྦྱར་མར་བློན་ཆེན་ཚོའི་མིང་འགྱུར་སྟངས་ལ་གཞིགས་ནས་དཔྱད་ན།བོད་ཡིག་ཏུ་ཞང་རྒྱལ་མཚན་ཟེར་བར་ཐེ་ཚོམ་མི་འདུག་སྙམ་ལ།ད་དུང་སྒྲུབ་བྱེད་གཞན་ཞིག་ནི་ཆོས་འབྱུང་མཁས་པའི་དགའ་སྟོན་དང་རྦ་བཞེད་སོགས་ལས་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་སྣ་ནམ་རྒྱལ་མཚན་ལྷ་སྣང་ཟེར་བ་གཉིས་ཀྱིས་ཁབ་སོ་རྒྱ་བསྐྱེད་པར་གྲོས་མོལ་བྱས་པའི་ལོ་རྒྱུས་ཤིག་འདུག་པ་ནི་སྒྲུབ་བྱེད་ཁུངས་བཙུན་ཞིག་ཏེ།དོན་གྱིས་རྒྱའི་ལོ་རྒྱུས་སུ་འཁོད་པའི་ཞང་རྒྱལ་མཚན་ཟེར་བ་འདི་དང་སྣ་ནམ་རྒྱལ་མཚན་ལྷ་སྣང་ཟེར་བ་གཉིས་མི་གཅིག་ཡིན་པར་སྣང་།ཁོང་བློན་ཆེན་གྱི་གོ་སར་འཇོག་དོན་ཡང་བཙན་པོའི་ཞང་རྒྱུད་སྣ་ནམ་ཚང་གི་རུས་རྒྱུད་ཡིན་པས་རེད་སྙམ།རྒྱུ་མཚན་དེ་ལ་བསྟེན་ནས་རྒྱ་ཡིག་ཏུ་བློན་ཆེན་འདིའི་མཚན་གྱི་མགོར“尚”ཞེས་པའི་ཡི་གེ་དེ་བཀོད་ཡོད་པར་འདོད།འདིའང་ལོ་རྒྱུས་ཀྱི་ཡིག་ཆ་ཀློག་སྐབས་འཆར་སྣང་ཐོར་བུ་ཞིག་ཟིན་ཐོར་བཀོད་པའོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...