སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅།། འབྲུ་སྒ་སྡེ་མཆོང་མཁར་སྨུག་པོའི་གནའ་ཤུལ།
རྩོམ་པ་པོ། གྲྭ་ཡེ་ཤེས་ཚེ་རིང་། རྩོམ་སྒྲིག་པ། Michung དུས་ཚོད། 2017-5-3 16:29:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
འབྲུ་སྒ་སྡེའི་མཆོང་མཁར་སྨུག་པོའི་མཁར་ཤུལ།
         འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་ཞེས་པ་གླིང་དཔའ་བརྟུལ་སུམ་བཅུའི་ནང་ཚན། ཡང་བརྟུལ་དམ་པ་མི་བདུན་དང་ཞེ་ཐུལ་ཁྲ་གླག་སྤྱང་གསུམ་ལས་གླག་རྒོད་པོ་ལྟ་བུའི་དཔའ་རྩལ་ཡོངས་སུ་གྲགས་པ། གླིང་གེ་སར་རྒྱལ་བོའི་བཀའ་བློན། སྒ་བ་རིན་ཆེན་ཚོ་དྲུག་དང་འབྲུ་བ་ཉིན་སྲིབ་གཉིས་ཀྱི་མངའ་བདག་ཡིན། འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་ཞེས་པའི་མཚན་གྱི་གོ་དོན་ནི། འབྲུ་ཞེས་པ་ཨ་ལྕག་འབྲུའི་གདུང་རྒྱུད་ལས་ཆད་པ། སྒ་སྡེ་ཞེས་པ་སྒ་བ་རིན་ཆེན་ཚོ་དྲུག་གི་མངའ་བདག་ཡིན་པའི་དོན། ཆོས་སྐྱོང་བེར་ནག་ཞེས་པ་ནི་ལྷ་ཆོས་སྐྱོང་མགོན་པོ་བེར་ནག་གི་རྣམ་སྤྲུལ་ཡིན་པས་ནའོ།། འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་ཁོང་ནི་རྩལ་ཆེན་འགྲན་ཟླ་བྲལ་བ། འཛམ་བུ་གླིང་གི་རྩལ་ཆེན་མི་གསུམ་གྲལ་ལས་ཆེས་ལྷག་པ་ཏེ། གླང་ཆེན་ཁུ་ཚུར་གྱིས་སྒྲིལ་པ་དང་། རི་བོ་དཔུང་པས་ཁུར་བ་ཡིན། ཁོང་ནི་འཕྲུལ་སྒྱོགས་ལ་རང་དབང་ཐོབ་ཤིང་། སྔགས་དང་མཐུའི་ནུས་པ་ཀྱང་མཐའ་ཡས་པས། གླིང་མཐུ་ཆེན་མི་གསུམ་གྱི་གྲལ་དུའང་གྲགས་ཅན་ཡིན། ཧོར་གླིང་གཡུལ་འགྱེད་སྐབས། ཧོར་དམག་རྩལ་ཆེན་ནམ་མཁར་སྦར་འཛིན་གྱིས་རྡོ་ཕ་བོང་གཡག་རོ་སུམ་འགྱུར་ཙམ་ཞིག་གླིང་ལ་འཕངས་པའི་ཚེ། འབྲུ་སྒ་སྡེས་ཕར་ལ་དེ་ལས་ཉིས་འགྱུར་ཙམ་གྱི་སྒྱོགས་རྡོ་འཕངས་པས་བར་སྣང་ནས་ཧོར་རྡོ་བཀག་སྟེ་ཧོར་སྒར་ལ་དེད་ནས་གཏོང་བས། ཧོར་དམག་མང་དུ་བསྒྲིལ། སོག་གླིང་གཡུལ་འཁྲུག་སྐབས། སོག་གི་འབྲོང་རྒོད་རྭ་ཅོ་ནས་བཟུང་སྟེ་བྲག་ལ་བརྡབས་པས་གླིང་དམག་གི་འགྲོ་ལམ་སེལ། འཇང་གླིང་གཡུལ་འཁྲུག་སྐབས། མཐུ་ནུས་ཀྱིས་འཇང་གི་དུག་མཚོ་ནག་པོ་ཕྱེད་ཀ་གཉིས་ལ་བགོས་ཏེ་གླིང་དམག་བགྲོད་པའི་ལམ་ཆེན་གཏོད།  གླིང་དམག་གཡུལ་ལས་རྒྱལ་བའི་ཆ་རྐྱེན་སྐྲུན།
          སྒྲུང་མཁན་གྲགས་ཅན་ཟླ་བ་གྲགས་པས་ཕབ་སྒྲུང་མཆོང་མཁར་སྨུག་པོའི་གནམ་རྫོང་ལས། འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་ཁོང་ནི། ལྷ་ཆོས་སྐྱོང་མགོན་པོའི་རྣམ་སྤྲུལ་ཡིན་པ་དང་། ཕ་སྐལ་ལ་མ་ཧཱ་ཁྲག་འཐུང་བེར། མ་སྐལ་ལ་དུད་སོ་ལྷ་མོ་ཡིན། ཁོང་གི་་མི་རབས་གསུམ་གྱི་ཡར་ངོས་སུ། དང་པོ་ལ་སྒ་ཡི་ཆོས་འཕེལ་རྒྱལ། དེའི་སྲས་ལ་མི་ཆེན་སེར། དེའི་སྲས་ལ་ཉི་མ་རྒྱལ། འབྲུ་སྒ་སྡེའི་སྲས་ལ་འབྲུ་སྲས་ཐོག སྲས་མོ་ལ་ནི་ཀླུ་མོ་མཚོ་ཟེར་བ། དེའི་རྒྱུད་པ་ད་དུང་བརྗོད་དུ་ཡོད་ཀྱང་འདིར་མ་བཀོད། འབྲུ་སྒ་སྡེ་ཆིབས་པ་ནི་འདོ་བ་འབྲོང་འདུར་སྨུག་པོ་ཟེར། ཁོང་གི་ཕྱག་མཚན་ལ་བཙན་མདུང་གནམ་ལྕགས་ཕྲ་རིང་བཅས་པའི་འཁོར་གསུམ་དང་། ད་དུང་གཏོར་ཟོར། སྒྱོགས་ཐག འཕྲུལ་ཞགས་སོགས་ཁྱད་པར་གྱི་མཚོན་ཆ་ཡང་ཐོགས་ཡོད། ཡང་ན་ཁོང་ཉིད་ཀྱིས་གོ་མཚོན་ཅིའང་མི་དགོས་པར་སྦར་འཛིང་རྐྱང་པས་དགྲ་ལས་རྣམ་པར་རྒྱལ་ཐུབ་པའི་ཁྱད་འཕགས་ཅན་གྱི་དཔའ་ཐུལ་ཞིག་ཀྱང་ཡིན།
འབྲུ་སྒ་སྡེའི་ཆུ་རྫོང་གི་མཁར་ཤུལ།
         འབྲུ་སྒ་སྡེ་དང་ཁོང་དང་ཁོང་གི་མི་རབས་ཀྱིས་སྐྱོང་བའི་མངའ་ཁོངས་དང་བཞུགས་པའི་གདན་ས་ནི། བསིལ་ལྡན་འབྲི་ཆུ་སྔོན་མོའི་རྒྱུད་དུ་ས་སྒ་ལུང་པདྨ་གཡས་འཁྱིལ་དུ། རི་མཎྜལ་མཆོད་པ་ལྟ་བུའི་གླིང་ལ། མཁར་མི་འགྱུར་མཆོང་མཁར་སྨུག་པོ་བཞེངས་ཏེ།  མཁར་ཡིད་འོང་མཛེས་སྡུག་ལྡན་པ། སྨུག་པོ་མཆོང་གི་གྲུབ་གཞི། གདུང་ཆུང་པདྨ་ར་ཙ་ཅན། ཨ་ག་ཤིང་གི་ལེབ་དྲུག་ཡོད། སྒང་བཞི་གནམ་ལྕགས་ཁྲོ་ལས་གྲུབ་པ་དང་། འབྱུང་བཞི་ས་སིནདྷུ་ར་བཅས་ཀྱི་རིན་པོ་ཆེ་སྣ་ཚོགས་ཀྱིས་རྒྱན་སྤྲས་ཡོད། མཁར་དེའི་སྒོ་བཞིའི་གཏད་ཕྱོགས་སུ། ཤར་ལ་འབྲུ་མཁར་སྟག་མོ་གསེར་རྫོང་། སྒ་ཇོ་བོའི་གསེར་གྱི་ས་དཔྱད་ལྡན། ལྷོ་ལ་གོ་རྫོང་འབུམ་ཐུབ་ཡོད། གོ་མཚོན་འབུམ་གྱི་གཏེར་ཁ་གནས། ནུབ་རྫོང་རྨ་བྱ་ར་ག་ཟེར། དེའང་གནས་དེར་ས་དབྱིབས་རྨ་བྱའི་སྒྲོ་ལྟར་མཛེས། བྱང་རྫོང་ཆུ་སྲིན་ཁ་འཐབ་ཞེས་ཆུ་བོ་རྨ་འབྲི་རྫ་གསུམ་བཅས་པའི་འབྱུང་གཞི་ཆུ་སྲིན་འདུས་པ་ལྟ་བུ་མཁར་བཞིར་ཕྱོགས་བཞིར་བཞེངས། ལྟེ་བའི་མཁར་རྫོང་མཆོང་མཁར་སྨུག་པོའི་རྩ་བ་རྡོ་རྗེ་བྲག་རི་ལ་བརྟེན་སྟེ། ཤིན་ཏུ་སྲ་བརྟན་གྱི་རང་བཞིན་དུ་ཆགས། ཉེ་འདབས་སུ་སྒ་སྡེ་ཆུའི་གཏེར་མཛོད་ཆུ་རྫོང་སྨུག་པོ་ཞེས་པ་ཡོད། མཆོང་མཁར་སྨུག་པོའི་ཉེ་འཁོར་རུ། སྣང་རྩེ་རི་དང་། གཡུ་རི། ཨ་མྱེ་གཡུ་རྒན། སྒྱོགས་རི་དང་། བྱ་གདོང་གཡུ་བཀྲ་རྫ་བཀྲ་བཅས་པའི་རི་བོ་གནམ་ལ་འགྱིང་འདྲ་དང་། རི་བརྒྱུད་མ་ཆད་རིང་དུ་ཡོད། སྒ་སྡེ་མཆོང་མཁར་སྨུག་པོ་ཉེ་འཁོར་སུ་འབྲུ་སྒ་སྡེ་ཤེད་སྦྱང་གི་དཔུང་རྡོ་དང་། མཆོང་མཁར་སྨུག་པོའི་ཤར་བྱང་ཕྱོགས་སུ། ཕྱི་བྲག་རྡོའི་ར་བ་བསྐོར་བ། ནང་བྲག་དིལ་རྟའི་རྨིག་ར་ལྟ་བུ་ཞིག་ཡོད་པའི་གནས་དེ་ལ་སྒ་སྡེའི་རྟ་ར་ཟེར། ད་དུང་ཉེ་འཁོར་རུ་སྒ་སྡེའི་དམག་གིས་མདའ་གོ་མཚོན་བཟོ་བར་ངར་ཕབ་སའི་མཚོ་འཁྱིལ་ཤུལ་བཅས་རང་བྱུང་གི་གནའ་ཤུལ་མང་པོ་ཞིག་དངོས་སུ་མཚོན་དུ་ཡོད།
འབྲུ་སྒ་སྡེའི་དམག་གི་རྒྱང་སོའི་མཁར་ཤུལ།
          འབྲུ་སྒ་སྡེ་མཆོང་མཁར་སྨུག་པོའི་མཁར་མིང་ས་ལ་ཐོགས་སྟེ། ད་ལྟར་ཁྲི་འདུ་རྫོང་མཁར་གྱི་ནུབ་བྱང་ཟུར་ཏུ་བྲག་རི་སྨུག་པོ་མཎྜལ་བཤམ་འདྲ་ཤིག་ཡོད་པ་དེ་ལ་མཆོང་མཁར་བྲག་རི་ཞེས་མི་ཚང་མས་འབོད་སྲོལ་ཡོད། བྲག་རིའི་སྟེང་དུ་མཆོང་མཁར་སྨུག་པོའི་གྱང་ཤུལ་དང་བྲག་རི་འོག་དུ་སྒ་སྡེ་ཆུ་མཛོད་ཀྱི་གྱང་ཐོའང་དངོས་སུ་མཐོང་རྒྱུ་ཡོད། གྱང་ཐོ་གནས་པའི་བྲག་རི་འོག་ནས་གཏེར་ཆུ་དྭངས་བསིལ་རྒྱུན་མི་ཆད་པ་བཞུར་བཞིན་འདུག མཆོང་མཁར་སྨུག་པོ་གཡས་གྱི་ཡོ་གདོང་ངོས་སུ(ད་ལྟ་ཤིང་ལོའི་གདོང་ཞེས་འབོད་སྲོལ་ཡོད་པ་སྒྲ་ཟུར་ཆགས་ཡིན་ན་སྙམ)འབྲུ་སྒ་སྡེ་རྒྱང་སོའི་མཁར་ཤུལ་ཀྱང་ལྷག་ཡོད། བྱང་ཤར་ཕྱོགས་ཀྱི་ཉེ་བའི་སར་རྟ་རའི་ཤོག་ཟེར་བའི་གདོང་ལ་གེ་སར་ཚོམ་ཁང་ཞེས་འབོད་པའི་མཁར་ཤུལ་ཡོད་པ་དེའང་སྒྲ་ཟུར་ཆགས་ནས་འབྲུ་སྒ་སྡེའི་ཚོམ་ཁང་ཡིན་པ་སྙམ། ཉེ་འཁོར་ཤར་ལྷོའི་ཕྱོགས་སུ་ཆོས་ལུང་ཞེས་པའི་འདབས་སུ།  གནའ་སྔ་མོའི་ཚྩ་ཁང་ཡུན་དུ་གནས་པའི་ཤུལ་ཤིག་ཡོད་པ་དེ་བབ་སྒྲུང་དུ་བརྗོད་པའི་ས་མིང་དང་དངོས་པོ་ཆ་མཐུན་པས། དེ་འབྲུ་སྒ་སྡེའི་ཚྩ་ཕུང་ཡིན་པ་སྙམ། དེ་ཡང་མི་ཚོས་ཟེར་སྲོལ་ལྟར་ན་འབྲུ་སྒ་སྡེས་མདའ་སོགས་གོ་མཚོན་བཟོ་སའི་ས་མིང་སྡེ་ལ་ཐོགས་ཏེ་མཆོང་མཁར་འདབ་གྱི་གྲོང་སྡེ་ལ་མདའ་བ་གྲོང་སྡེ་ཞེས་མིང་འབོད་ཀྱི་ཡོད། གནའ་སྔ་མོ་དུས་སུ་འབྲུ་སྒ་སྡེའི་དམག་རྩེད་ཀྱི་ཉམས་འགྱུར་དེ་ད་ལྟ་ཡང་ཉེ་མཁོར་གྱི་ཡུལ་མི་རྣམས་ཀྱིས་ཟློས་གར་གྱི་རྣམ་པ་འཁྲབ་སྟོན་དང་་ཁྲབ་འཆམ་ཞེས་པའི་རྩེད་མོ་ལས་ཟུར་ཙམ་བརྒྱུད་འཛིན་བྱས་ཡོད་པ་མཐོང་། དེ་དག་མིས་བཟོས་གནའ་ཤུལ་ཀྱང་དངོས་སུ་མཐོང་ཐུབ་པ་ཡིན།  མ་ཚད། ས་དེའི་མི་རྣམས་ཀྱིས་ངག་རྒྱུན་དུ་མི་ཆད་པ་བརྗོད་པ་དང་། བྱ་སྤྱོད་དུ་ལྷ་མཆོད། ཀླུ་གསོལ། གནས་སྟོད་སོགས་མི་ཉམས་པ་མཚོན་བཞིན་ཡོད་ལ། ཡུལ་སྡེ་གཞན་ལ་འང་གནས་དེའི་མཚན་སྙན་ཡང་ནས་ཡང་སུ་གྲགས་པ་ཡིན།
བབས་སྒྲུང་། ཟླ་བ་གྲྭགས་པ། ངག་བརྗོད། ཐུབ་བསྟན་བློ་གསལ། ངག་དབང་སོགས། དག་གཤེར། གྲྭ་ཡེ་ཤེས་ཚེ་རིང་། སྡེབ་སྒྲིག་དང་པར་བཀོད། འཇམ་དབྱངས་དབང་པོ། ཀར་ཚེ། ཡིག་བསྒྱུར། བསྟན་འཛིན་ཕུན་ཚོགས། ཡིག་པར། དམ་ཆོས་རྡོ་རྗེ། སྤྱི་ཁྱབ་འགོ་འཛིན། བཀྲ་ཤིས། ཀར་ཚེ། རྩ་འཛུགས་ཚོགས་པ། ཁྲི་འདུ་རྫོང་འབྲུ་སྒ་སྡེའི་གེ་སར་ཟློས་གར་ལྷན་ཚོགས།༽
འབྲུ་སྒ་སྡེ་མཆོང་མཁར་སྨུག་པའི་དང་དེའི་ཉེ་འཁོར་རུ་ཡོད་པའི་གནའ་ཤུལ་གཙོ་བོའི་པར་རིས།
འབྲུ་སྒ་སྡེའི་དཔུང་རྡོ། མི་རྣམས་ཀྱིས་གེ་སར་ཕངས་རྡོ་ཞེས་འབོད་པ་སྒྲ་ཟུར་ཆགས་ཡིན་ན་སྙམ།
འབྲུ་སྒ་སྡེའི་ཚོམ་ཁང་གི་མཁར་ཤུལ། མི་རྣམས་ཀྱིས་གེ་སར་ཚོམ་ཁང་ཞེས་འབོད་པ་སྒྲ་ཟུར་ཆགས་ཡིན་ན་སྙམ།
དཀྱིལ་དུ་རྟའི་རྨིག་ར་མཚུངས་པའི་བྲག་དིལ་ལ་ཕྱི་བྲག་རྡོའི་ར་བ་བསྐོར་བའི་སྒ་སྡེའི་རྟ་ར།
རྫོང་མཁར་ཉེ་འཁོར་ཤར་ལྷོའི་མཚམས་སུ། གནམ་སྔ་མོ་ནས་བརྒྱུད་པའི་ཆོས་ལུང་འདབས་ཀྱི་ཚཱ་ཕུང་གི་གནའ་ཤུལ་དེ། སྒ་སྡེའི་ཚཱ་ཕུང་ཟེར་བ་ཡིན་ན་སྙམ།
བྲག་བརྐོས་རི་མོ།
ཁྲི་འདུ་རྫོང་འབྲུ་སྒ་སྡེའི་གེ་སར་ཟློས་གར་ལྷན་ཚོགས་ཀྱི་པར་རིས།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...