སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་བོ་འཛམ་གླིང་གེ་སར་རྒྱལ་པོའི་འཆམ་འཁྲབ་སྟོན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-29 9:51:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     དེ་ཡང《གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས》ལྟར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པའི་རོང་སྡེ་ཆེན་པོ་ཁྲི་ཀ་གསེར་གཞོང་རིང་མོའི་དཀྱིལ་དབུས་ཀྱི་གྲོང་བརྡལ་ཡངས་པ་ནས་ནུབ་ཕྱོགས་ཆུ་ལྷའི་ཡུལ་ལ་དེང་རབས་ཅན་གྱི་རླངས་འཁོར་གྱི་འཕྲུལ་ལ་བརྟེན་ནས་ཆུ་ཚོད་གཅིག་ཡས་མས་སོང་ཙ་ན། སྒོ་མེ་ཚོ་བཞིའི་གྲས་སུ་གཏོགས་པའི་མཛོ་སྣའི་རྙིང་མའི་སྔགས་ཁང་ཞེས་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ཞིང་དར་རྒྱས་ཀྱི་མཚན་སྙན་ཆེ་བའི་གནས་མཆོག་དེར་སླེབས་བྱུང་། རྙིང་མའི་རིང་ལུགས་འཆང་བའི་སྔགས་ཁང་དེ་རུ་ལོ་འཁོར་བཞི་བཅུའི་རིང་ལ་བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་བོ་འཛམ་གླིང་གེ་སར་རྒྱལ་པོའི་འཆམ་འཁྲབ་སྟོན་བྱེད་པའི་རྒྱུན་ནི་ཆད་མ་མྱོང་།
     ལོ་རེའི་ཉི་མ་བཟང་བོ་དང་སྐར་མ་བཟང་བོ་སྟེ་ཧོར་ཟླ་ལྔ་བའི་ཚེས་ཉེར་དགུའི་ཉིན་ལ་ལྷ་ཁང་ཐང་དང་གཡག་ལུང་ཆུ་ནག་སོགས་སྒེ་མེ་ཚོ་བ་བཞི་དང་ཟངས་ཁ་བརྒྱད་ཀྱི་རྒྱ་ཆེ་བའི་བོད་རིགས་མང་ཚོགས་ཕལ་ཆེར་ཆིག་སྟོང་ལྷག་གིས་ལུས་ལ་དུས་ཆེན་གྱི་ཤོམ་གོས་ཕུན་སུམ་ཚོགས་པས་བརྒྱན་ཏེ་གདོང་ལ་སྤྲོ་སྐྱིད་ཀྱི་འཛུམ་མདངས་ཤར་ནས་གེ་སར་རྒྱལ་པོའི་འཆམ་ལ་ལྟད་མོར་ལྟ་བར་འོངས་པ་ནི་ས་དེ་གའི་དམངས་ཁྲོད་ཀྱི་གོམས་སྲོལ་ཞིག་ཏུ་ཆགས་ཡོད་པ་ལགས། འཁྲབ་སྟོན་བྱེད་མཁན་ཚང་མ་ས་དེའི་མང་ཚོགས་ཡིན་ཞིང་བསྡོམས་པས་མི་ཉི་ཤུ་ལྷག་ཡོད། དེའི་ནང་ལོ་ན་ཆེ་ཤོས་ནི་ལོ་ལྔ་བཅུ་ཅན་གྱི་རྒན་པ་ཡིན་ཞིང་ཆུང་བ་ལོ་བཅུ་ཙམ་གྱི་ལོ་ཆུང་བྱིས་པ་ཡིན། འཁྲབ་སྟོན་གྱི་རྣམ་པ་བཤད་ལེན་ལྡིང་གསུམ་གཙོ་ཡིན་ཞིང་། བོད་ཀྱི་སྲོལ་རྒྱུན་གྱི་རོལ་ཆས་གཙོ་ཡིན་པའི་རོལ་ཆའི་རུ་ཁག་ཆུང་བ་ཞིག་གིས་ཀྱང་རོལ་དབྱངས་དཀྲོལ་ནས་རམ་འདེགས་བྱེད་བཞིན་མཆིས།

     ས་དེའི་ཉམས་མྱོང་ལྡན་པའི་རྒན་པོ་རྣམས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། བོད་ཀྱི་ལོ་རྒྱུས་སྙན་རྩོམ་གེ་སར་རྒྱལ་པོའི་འཆམ་འཁྲབ་སྟོན་བྱེད་པ་འདི་ནི་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུའང་མཐོང་རྒྱུ་དཀོན་པོ་རེད། མཛོ་སྣ་སྡེ་བའི་མང་ཚོགས་ཀྱིས་རྙིང་མའི་སྔགས་ཁང་དུ་བོད་ཀྱི་དཔའ་བོའི་སྙན་རྩོམ་གེ་སར་རྒྱལ་པོའི་འཆམ་འཁྲབ་སྟོན་བྱེད་པའི་དུས་ཚོད་ནི་ཆིག་སྟོང་དགུ་བརྒྱ་ཞེ་གཅིག་ལོ་ནས་འགོ་བཙུགས་པ་ལགས། དུས་སྐབས་དེར་སྔགས་ཁང་འདིའི་བླ་མ་ཁམས་སྐུ་ཆེན་སྐུ་ཕྲེང་སྔོན་མའི་དགོངས་པར་མཛོ་སྣ་སྔགས་དགོན་འདི་ནི་ཁམས་རྫོགས་ཆེན་དགོན་པའི་དགོན་ལག་ཅིག་ཡིན་པས་རྫོགས་ཆེན་གྱི་གེ་སར་རྒྱལ་པོའི་འཆམ་ཁ་ཚང་བར་ང་ཚོས་བསླབས་ནས་མང་ཚོགས་ལ་འཁྲབ་སྟོན་བྱས་ན་ཅི་མ་རུང་སྙམ་ནས་ཡར་རྫོགས་ཆེན་དགོན་པར་ཕོ་ཉ་དོན་གྲུབ་གཉིས་མངགས་ཏེ་གནས་ཚུལ་མ་ལུས་པར་ཞུས་ཟིན་པའི་ཚེ། ཟི་ཁྲིན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་རྫོགས་ཆེན་དགོན་པའི་ཨ་ལགས་མགོན་པོ་མཆོག་གིས་གེ་སར་གྱི་འཆམ་དཔོན་སི་ཏུ་མཛོ་སྣ་དགོན་པར་ཁྲིད་ཡོང་ནས་འཁྲབ་སྟོན་གྱི་ལག་རྩལ་དང་སྒྱུ་རྩལ་ཁྲིད་དུ་བཅུག  ཁོང་རྣམ་པར་ཕལ་ཆེར་ལོ་གཅིག་རིང་ལ་བསླབ་ཁྲིད་ནན་མོ་མཛད་འོག  ཕྱི་ལོའི་ཧོར་ཟླ་ལྔ་བའི་ཚེས་ཉེར་དགུའི་ཉིན་ལ་འཁྲབ་སྟོན་གྱི་མཛད་སྒོ་དངོས་སུ་ཕྱེས་པ་ཡིན་ཞེས་བརྗོད་ཅིང་། ཕྱིས་སུ་སྐེ་བའི་སྔགས་ཁང་གིས་ཀྱང་གེ་སར་རྒྱལ་པོའི་འཆམ་དེ་སྦྱངས་རྒྱུའི་ཀུན་སློང་ཟློག་མེད་སྐྱེས་ཏེ་བློ་རིག་རྒོད་པའི་ན་གཞོན་འགའ་མཛོ་སྣའི་སྔགས་ཁང་དུ་མངགས་ནས་བསླབ་ཁྲིད་མཛད་དུ་བཅུག  ཁོ་ཚོས་ཀྱང་མ་འགྱངས་པར་གེ་སར་རྒྱལ་པོའི་འཆམ་འཁྲབ་སྟོན་ཤེས་པར་མ་ཟད། ལོ་རེའི་ཧོར་ཟླ་དང་པོའི་ཚེས་དྲུག་ཉིན་རྒྱུན་ཆད་མེད་པར་མང་ཚོགས་རྣམས་ལ་འཁྲབ་སྟོན་བྱེད་བཞིན་མཆིས་སོ་ཞེས་བཤད་པ་ལགས།
     བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་མཚོན་བྱེད་ཀྱི་འཛམ་གླིང་གེ་སར་རྒྱལ་པོའི་འཆམ་དེར་རེ་ཞིག་ལ་མ་རུངས་བགེགས་དང་བར་ཆད་ཀྱི་སེར་བ་དྲག་པོས་ཅི་འདོད་བཞིན་བརྡུངས་ཏེ་གནོད་སྐྱོན་ཚབས་ཆེན་ཐེབས་ན་ཡང་། ཏང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཁྲི་གདུགས་ཀྱི་ཟེར་བརྒྱ་གངས་ལྗོངས་འཛིན་མའི་ཁྱོན་ཡོངས་སུ་རིས་མེད་དུ་འཕྲོས་པའི་འོག  གེ་སར་རྒྱལ་པོའི་འཆམ་དེ་ཉམས་མེད་ཀྱི་དཔྱིད་དཔལ་རྒྱས་པ་ཇི་བཞིན་སླར་ཡང་འཇིག་རྟེན་གྱི་གར་སྟེགས་སྟེང་དུ་ཕུད་དེ་བོད་རིགས་མང་ཚོགས་རྣམས་ལ་ངོ་འཕྲད་པའི་སྐལ་བ་ལྡན་པ་ནི་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བའི་རིག་གནས་འཚོ་བའི་ནང་གི་བདེ་སྐྱིད་ཅིག་རེད། ད་ལྟ་འཁྲབ་སྟོན་པའི་གར་སྟབས་ཉམས་འགྱུར་དང་།  ཁྲབ་རྨོག་འཁོར་གསུམ། འཆམ་ལྭ་ཞལ་འབོག་ལ་སོགས་ཀྱི་ཐད་དུ་ཅུང་ཙམ་ཞན་པའི་སྣང་ཚུལ་ཞིག་སྟེར་ན་ཡང་། ཉེ་བའི་ལོ་འགར་གེ་སར་རྒྱལ་པོའི་སྒྲུང་ལ་གཙིགས་འཛིན་དང་མཐོང་ཆེན་བྱེད་པའི་ལས་ཁུངས་དང་འགོ་ཁྲིད་པ་མང་བ་ལས་གཞན། ད་དུང་གེ་སར་རྒྱལ་པོའི་འཆམ་ལ་དགའ་ཞེན་ཆེ་བའི་མི་ཡང་མང་བའི་རྐྱེན་གྱིས་མ་འགྱངས་པར་དར་རྒྱས་ཕུན་སུམ་ཚོགས་པར་འགྱུར་ཐུབ་པར་མ་ཟད། སྒྱུ་རྩལ་གྱི་རང་བཞིན་ལྡན་ཞིང་ལྟ་མཁན་གྱི་ཡིད་དབང་འཕྲོག་པའི་ནུས་པའང་ཐོན་ཐུབ་ངེས་རེད། ངེད་ཅག་གིས་འདིར་གསལ་བར་བརྗོད་འོས་པ་ཞིག་སྟེ། འཛམ་གླིང་གེ་སར་རྒྱལ་པོའི་འཆམ་འཁྲབ་སྟོན་གྱི་ཁྲོད་དུ་གེ་སར་གྱི་གཟུགས་བརྙན་དང་། སྤྱི་དཔོན་ཁྲ་རྒན་དང་ཚོང་དཔོན་ནོར་བུ་གཉིས་ཀྱི་བཤད་པ། སེང་ལྕམ་འབྲུག་མོ་དང་མེ་བཟའ་འབུམ་སྐྱིད་ཟུང་གི་བཀྲ་ཤིས་ཁ་གཡང་། སྟག་སེང་གཉིས་ཀྱི་ཉམས་ལྡན་པའི་གར་སྟབས་ལ་སོགས་ནི་ངོ་མས་གསོན་ཉམས་ལྡན་ཞིང་ཡིད་སེམས་སྤྲོ་བ་ཞིག་ཡིན་ཕྱིར། ལྟད་མོ་བ་ཁྲི་འབུམ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་དབང་མེད་དུ་འཐོར་བཞིན་གདའོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...