སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བྲག་དཀར་རྫོང་ཆུ་ཁོལ་ཡུལ་ཚོའི་ཁོངས་སུ་ཆགས་པའི་ཁྲོ་ཐུང་གི་འཐབ་ར།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-8 9:40:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     དེ་ཡང《གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས》ལྟར་ན། བྲག་དཀར་རྫོང་གི་ནུབ་ཕྱོགས། གནས་མཆོག་ཆུ་ཁོལ་གཞོང་གི་ལྷོ་ཕྱོགས། རིན་ཆེན་གསེར་གྱི་གཏེར་ཁའི་གཡས་ཕྱོགས། རྒྱབ་རི་རྫ་དམར་ཞེས་པའི་མདུན་ཕྱོགས། བསིལ་ཆུ་ལྷུང་ལྷུང་འབབ་པའི་འདུས་མདོ་དེ་ན། ཁྲོ་ཐུང་གི་འཐབ་ར་ཡིན་ཞེས་མདུན་དུ་རྡོ་ཕ་བོང་ཁང་བ་ལྟ་བུ་གྱེན་དུ་འགྲེང་བ། རྩིབ་ཏུ་ཕ་བོང་གཡག་རོ་འདྲ་བ་འཕྲེད་དུ་ལོག་པ། རྒྱབ་ཏུ་རྡོ་ཕ་བོང་བརྒྱད་རྩེག་དགུ་རྩེག་དགུང་དུ་ཟུག་པ། རྩིབ་མདུན་གཉིས་ཀྱི་རྡོ་རྒན་ཕལ་ཆེར་ལ་རྩི་མར་སྣུམ་གྱིས་བྱུགས་པ་ཇི་བཞིན་འོད་ལམ་ལམ་གྱི་བཀྲག་མདངས་ཀྱིས་མིག་དབང་འཕྲོག་པ་ཞིག་འདུག་གོ།
     ཡུལ་དེའི་མི་རྣམས་ཀྱིས་བཤད་པ་ལྟར་ན། དེ་ཡང་བོད་ཁ་བ་ཅན་གྱི་ལྷ་སྐལ། འགྲོ་དྲུག་འདྲེན་པའི་བླ་མ། ནག་པོ་བདུད་ཀྱི་ཁ་གནོན། སེར་བོ་ཧོར་གྱི་གཉའ་ཤིང་། སྨུག་པོ་འཇང་གི་དཔུང་ཡ། ལྷོ་བདུད་ཤིང་ཁྲིའི་འཕྲུལ་ཡ། སྟག་གཟིག་གཡང་གི་སྒོ་འབྱེད། རིན་ཆེན་དར་གྱི་བང་མཛོད། སངས་རྒྱས་བསྟན་པའི་སྲོག་ཤིང་ཇོ་སྐྱིད་དམ་པ་སངས་རྒྱས་དེ་ཉིད་དགུང་ལོ་བརྒྱད་ཀྱི་སྟེང་དུ་རྟ་མགྱོགས་པའི་གོང་བ་རྩལ་ཆེན་རླུང་གི་འཕྲུལ་འཁོར་གྱིས་བླངས་ཏེ་གསེར་ཁྲི་སེར་བོའི་མངའ་བདག་ཏུ་བཞུགས་པའི་མཚམས་དེར། ཁྲོ་ཐུང་དཔོན་པོར་ཁོང་ཁྲོ་མེ་ལྕེ་འབར་བ་ལྟར་ལངས་ཤིང་། ཕྲག་དོག་གི་དུག་སྦྲུལ་གནོད་སེམས་ཀྱི་མུན་དོང་ལས་བྱུང་སྟེ། ཁོའི་བསམ་པར་མ་ངན་ཇོ་རུ་དེར་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཡོད་པས་འདུལ་བའི་ཐབས་མེད་ཀྱང་། དོ་ནུབ་ལྐོག་ཏུ་སོང་ནས་འགག་མོ་གཅིག་པུ་ཡོད་པར་གནོད་ཅིག་བསྐྱལ་ན་ཁོག་གི་སྙིང་ནད་ཅུང་ཟད་སེལ་ཐུབ་པས་མྱུར་བར་འགྲོ་བསམས་ནས། རལ་གྲི་སྐེད་ལ་གསེབ་སྟེ་ཡར་ལྷ་དང་མར་འདྲེར་ཤེ་སུ་མ་བཅུག་པར་ལྐོག་ཏུ་ནུབ་མོ་ཞིག་ལ་ལམ་ལ་ཆས་ཀྱང་། སྨན་མཆོག་འགག་བཟར་གནོད་བསྐྱལ་མ་ཐུབ་པ་ཕར་ཞོག གཡས་རིའི་མགོ་ནས་སྤྱང་ཀི་ངུས། གཡོན་རིའི་འདབས་ནས་དགུ་འགྱུར་འཐེན། ཉིན་སྲིབ་བར་ནས་ངུ་སྒྲ་དི་རི་རི་སྤྱང་དམག་རྣམས་ཐོན་པས། ཁྲོ་ཐུང་ནི་སྐྲག་འཇིགས་དྲག་པས་གདུང་བས་མ་བཟོད་པར་ཆས་རྣམས་བསྐྱུར་ཏེ་ལ་མོ་བྲོས་ནས་རི་མཐོན་པོ་ཞིག་གི་རྩེ་ནས་ལུང་གཉིས་འདྲེས་པའི་མདོ་ལ་ཐོན་ཏེ་མ་བཟོས་རང་བྱུང་གི་འཐབ་ར་བཙན་པོ་ཞིག་འདུག་པ་དེའི་ནང་དུ་སོང་སྟེ་རེ་ཞིག་ལ་སྤྱང་དམག་དག་ལ་འཐབ་རེས་བྱས་ཀྱང་། ཕོ་སྤྱང་བརྒྱ་ཡིས་གཡས་ནས་བསྐོར། མོ་སྤྱང་བརྒྱ་ཡིས་གཡོན་ནས་བསྐོར། སྤྱང་ཕྲུག་བརྒྱ་ཡིས་མདུན་ནས་བསྐོར་ཏེ་ཁ་རླངས་དར་མདུང་བསྐོར་བསྐོར། མཆེ་བ་སྟ་རེ་ཕྱར་ཕྱར། ལྕེ་ལྷབ་མེ་ཟེར་འཕེན་འཕེན་བྱས་བྱུང་བས། ཁྲོ་ཐུང་གི་རྣ་བ་སིང་ལྡིར་གྱི་སྒྲས་གང་། མིག་ལམ་ཁྲ་ཆེན་འོད་ཀྱིས་ཁེབ། སྐྲ་རྩེ་གནམ་ལ་གཟེངས། རྔུལ་ནག་ཐུར་ལ་ཞམ། སྐྲག་སྣང་གིས་ལུས་ཀུན་ལྷབ་ལྷུབ་འདར་བཞིན་ཕ་འབོད་མ་འབོད་ངུ་འབོད་གསུམ་གྱིས་རི་ལུང་བཀང་བའི་སྐབས་དེར། གླིང་རྗེ་མི་ཡི་ཉི་མས་འོད་གསལ་གྱི་ངང་ནས་ལྷ་ཡི་སྤྱན་དང་ཟག་མེད་ཀྱིས་མཁྱེན་པས་སྤྱང་དམག་བདུད་ཀྱི་ཆོ་འཕྲུལ་དེ་འདུལ་བའི་དུས་ལ་བབ་པར་དགོངས་ནས། སྐུ་དང་པོ་དེ་རྒྱལ་པོ་གེ་སར་བཞིན་དུ་བཞུགས་སྤྲུལ་བ་ཆ་གཅིག་ཇོ་རུའི་སྐུ་གཟུགས་ཇི་ལྟ་བ་བཞིན་ཁྲོ་ཐུང་ཡོད་པའི་ཐད་དེར་ཕེབས་ཏེ་ཕ་བོང་དཀར་བོ་ཞིག་གི་སྟེང་དུ་བཞེངས་ཏེ། རྡོ་ཨ་དཀར་ལུག་གྲོད་ཙམ་གསུམ་བླངས། གཅིག་འུར་མཐིལ་དུ་བཞག་སྟེ་ཀི་ཤར་ཚག་སྒྲ་གསུམ་དང་སྦྲགས་ཏེ་འུར་རྡོ་གསུམ་རེ་རེ་བཞིན་འཕངས་པས་ཕོ་སྤྱང་བརྒྱ་གཡས་སུ་བསད། མོ་སྤྱང་བརྒྱ་གཡོན་དུ་བསད། སྤྱང་ཕྲུག་བརྒྱ་མདུན་དུ་བསྒྲིལ་ཏེ་གཅིག་ཀྱང་མ་ལུས་པར་བསད་ཚར་བ་དང་། འཇམ་ཐིང་ངེར་སོང་བ་ན། ཁྲོ་ཐུང་དཔོན་པོ་དེ་དགའ་སྤྲོ་རབ་ཏུ་རྒྱས་ཏེ་ཁོ་ཉིད་འཐབ་རའི་ནང་དུ་འདའ་མ་འདར་གྱིས་ཕྱིར་ཡོང་སྟེ་ཇོ་སྐྱིད་དམ་པ་སངས་རྒྱས་ལ། ཡ།། ཨ་ཇོ་ལྷ་ཇོ་རིན་པོ་ཆེ། ཚ་ལུ་ལུ་བླ་མས་བསྐྱལ་རྒྱུ། ཡང་ལུ་ལུ་ལྷ་ལུས་འགྲུབ་རྒྱུ། སྐྱིད་ལུ་ལུ་ཟས་དང་འཕྲད་རྒྱུ་ཁྱོད་དཔའ་རྟིང་མ་དང་། དགྲ་འདུལ་གྱི་རྩལ་ཟེར་ན་དེ་འདྲ་དགོས་ཟེར་ནས་ཕྱག་ཀྱང་འགྱེལ་འགྱེལ་དུ་འཚལ་ལོ་ཞེས་གཏམ་རྒྱུད་ཀྱི་རོལ་མོ་ས་ཕྱོགས་ཀུན་ཏུ་ཁྱབ་བོ།།
     སྐབས་དེ་ནས་བཟུང་ཆུ་ཁོལ་མགྲོན་ཁང་གི་ལྷོ་ཕྱོགས་ན་ཡོད་པའི་རང་བྱུང་གི་རྡོ་ར་དེ་ལ་ཁྲོ་ཐུང་གི་འཐབ་ར་ཡིན་ཞེས་གྲགས་སོ།།
     ཁྲོ་ཐུང་འཐབ་ར་ནི་གནས་ཁམས་ཆེན་ཞིག་སྟེ། བྲག་དཀར་རྫོང་ཆུ་ཁོལ་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ40ཙམ་གྱི་མཚམས་ན་ཡོད་ཅིང་། དེ་ཡང་། དཔལ་འཁོར་ལོ་སྡོམ་པ་བདེ་མཆོག་གི་དཀྱིལ་འཁོར་བཞུགས་པའི་གནས་ཁྱད་པར་ཅན་ནམ། གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་ཕྱོགས་བཞིའི་སྒོ་སྲུང་བཞིའི་ནང་ཚན་ཏེ། ནུབ་སྒོའི་སྒོ་སྲུང་ཁྱི་གདོང་མ་དམར་མོའི་བཞུགས་གནས་ནི། ཁྲོ་ཐུང་འཐབ་ར་ལུང་བའི་ཕྱོགས་འདི་ཡིན་པར་བརྟེན། བྲག་དཀར་སྤྲེལ་རྫོང་ལ་ཕྱི་བསྐོར་འཕེན་པའི་དད་ལྡན་སྐྱེ་བོ་དག་གིས། ཅིས་ཀྱང་ཕྱག་བསྐོར་བྱེད་དགོས་པའི་གནས་ཁམས་ཆེན་ཞིག་ཡིན་ཚུལ་དམ་པ་གོང་མས་གསུངས་ཡོད།  ངག་རྒྱུན་ལ།  གནས་འདི་ནི་གླིང་ཇོ་རུས་ཁྲོ་ཐུང་ལ་འུར་སྐྱས་བརྒྱབ་ནས་ཡར་འདེད་མར་འདེད་བྱས་པའི་ས་ཆ་ཡིན་པར་གྲགས་པས་ན་མིང་ཡང་དེ་ལྟར་དུ་ཐོགས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...