སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ཕོ་བྲང་ཆེན་མོ་ཕྱིང་བ་སྟག་རྩེ།
རྩོམ་པ་པོ། ཤེས་རབ་བསྟན་དར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-31 12:25:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྐུ་མཁར་ཕྱིང་བ་སྟག་རྩེ་གཤམ་ན་ཅི་ཞིག་གི་ཤུལ་ཡོད་པས་ངེད་གཉིས་ཀས་ཚོད་དཔག་སྣ་ཚོགས་བྱས། བལྟས་ཚོད་ལ་སྐུ་མཁར་ཕྱིང་བ་སྟག་རྩེ་ཤུལ་ཡིན་བཟོ་གཏན་ནས་མི་འདུག
     ཉིན་མང་བོ་ཞིག་ལ་མཇལ་སྐོར་དུ་སོང་ཞིང་རྐང་བ་ལ་ཆུ་བུར་ཆེན་པོ་ཞིག་བརྡོལ་ན་ཡང་ངའི་སྤོབས་པ་ཉམས་མ་ཐུབ། སྣེ་གདོང་འདི་རུ་ངེད་གཉིས་ཡུན་རིང་བོ་ཞིག་ལ་ངལ་གསོས་ནས་འཕྱིངས་ཡུལ་གྱི་སའི་གྲུབ་སྟངས་དང་རིའི་དབྱིབས། ཆུའི་བཞུར་རྒྱུན་བཅས་ལ་དཔྱད་པ་བཏང་ནས་འདི་རུ་བཙན་པོའི་བང་སོ་འདེབས་པའི་ཚུལ་ལ་དཔྱད་པ་བཏང་བ་ཡིན།
     དེ་ནས་འཕྱོངས་རྒྱས་སྡེ་བར་བབས་ནས་ཡོང་དུས་རི་འདབས་དེར་ཨ་མ་རྒན་མོ་ཞིག་གིས་ཁང་ཀླད་ནས་ཁྱིམ་དུ་ཕེབས་གསོལ་ཇ་བཞེས་རོགས་ཞེས་འབོད་ཀྱིན་འདུག་མོད། མཇལ་འདོད་པ་ནི་རྒྱལ་དབང་ལྔ་བའི་ཕ་ཁྱིམ་ཡིན་པས་ཨ་མ་ལགས་བཀའ་དྲིན་ཆེ་ཞུས་ཏེ། གོང་ས་ལྔ་བ་ཆེན་པོའི་ཕ་གཞིས་གང་དུ་ཡོད་མེད་དྲིས་པ་ཡིན།

     ངས་སྤོ་བོ་ཞིག་ལ་རི་སྣེའི་འདིར་སྔོན་ཆད་ཅི་ཞིག་ཡོད་ཅེས་པས་ཁོང་གིས་རི་དེའི་སྣེ་ན་རྒྱལ་དབང་ལྔ་བའི་རིང་གི་ཕོ་བྲང་དགུ་ཐོག་པོ་ཏ་ལའི་རྗེས་སུ་འགྲོ་བ་ཞིག་ཡོད་མོད། རིག་གསར་སྐབས་སུ་གཏོར་ནས་ད་ལྟ་ཤུལ་ཀྱང་མེད་པ་ནི་འདི་རེད་ཟེར། སྤོ་བོ་དེས་དེ་ལྟར་བཤད་པ་མིན་ན་དེ་ན་དེ་ལྟ་བུའི་བཟོ་བཀོད་ཡ་མཚན་པ་ཞིག་ཡོད་པ་ག་ལ་ཤེས། དེ་ཡང་ད་ལྟ་ལོ་བཅུ་གོད་ཆག་ཅེས་མི་བཞི་ཚོགས་ཁག་གི་མགོར་ཉེས་མིང་བཀལ་བའི་ལས་འགུལ་དེས་རླུང་ལ་སྤུར་ནས་སུ་ལ་ཡང་ལེ་བདའ་ས་མེད་པར་བྱས་པ་དེ་རེད།
     ངས་ཕོ་བྲང་འདིའི་གནས་ཚུལ་ཤེས་འདོད་ནས་གནས་ཡིག་འགའ་བཀླགས་པ་ཡིན་མོད། འདིའི་སྐོར་ཅི་ཡང་མི་འདུག ཐ་ན་མཁས་གྲུབ་ཀྱིས་ཆེད་དུ་ལྷོ་ཁའི་གནའ་ཤུལ་ངོ་སྤྲོད་བྱས་པའི་དཔེ་ཆ་གཉིས་ཀར་ཡང་སྒྲོས་ཙམ་ཡང་མེད། དེ་ནི་ངོ་མ་ཡ་མཚན་ཞིག་མིན་ནམ།
     སྔོན་གྱི་ཡིག་ཚང་ལས་བཤད་པ་ལྟར་ན་ཕོ་བྲང་འདིའི་མིང་ལ་འཕྱོངས་རྒྱས་ཕྱིང་བ་སྟག་རྩེའི་ཕོ་བྲང་ཟེར། འོན་ཀྱང་སྐུ་མཁར་ཕྱིང་བ་སྟག་རྩེ་མིན་ཞིང་སྔོན་ཆད་འདི་ན་ཞ་ལུ་གསེར་ཁང་གི་གཙུག་ལག་ཁང་གི་བསྟན་བཅོས་འགྱུར་རོ་འཚལ་ལ་ཕྱི་མོར་བགྱིས་ནས་ཡར་ལུང་བའི་བཞེངས་པའི་བསྟན་འགྱུར་ཡོད་པར་བསྟན་འགྱུར་དཀར་ཆག་དག་ལས་བཤད་པ་ལྟར་ན་འདི་ནི་འཕྱོངས་རྒྱས་ས་ཆའི་རིག་གནས་ཀྱི་བང་མཛོད་ཅིག་ཀྱང་ཡིན་པར་མཐོང་།
     ངས་ལོ་རྒྱུས་ཡིག་ཚང་ཀློག་བཞིན་མིག་ལམ་དུ་འཕྱོང་རྒྱས་ནས་མཁས་པ་མང་བོ་ཞིག་སྐྱེས་པ་ཤེས་ཤིང་། ད་དུང་དམངས་ཁྲོད་དུ་འཕྱོངས་རྒྱས་ཟླ་བ་སྒྲོལ་མ་ཟེར་བའི་བུད་མེད་མིང་གྲགས་ཅན་ཞིག་ཀྱང་སྐྱེས་མྱོང་མོད། ལོ་རྒྱུས་ཀྱིས་བསུབ་ཀྱིན་པའི་ལོ་རྒྱུས་དེ་དག་ཤེས་མཁན་རིམ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད།
     ད་ལྟ་འདིའི་གཤམ་ན་རྩེད་མོ་ལྟ་བུའི་ཨར་ལས་རེ་བྱེད་ཀྱིན་ཡོད་མོད། དེས་ཤུལ་ཀྱང་མེད་པའི་ཕོ་བྲང་འདིར་སེམས་གསོ་བྱེད་ཐུབ་བམ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...