སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྲོང་བཙན་གྱི་སྒྲུབ་ཕུག་སྲུང་བའི་བཙུན་མ་དག ཨ་ཎིའི་མཚམས་ཁུང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-7 10:53:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ལྷ་སའི་བར་སྐོར་དུ་བཙུན་མའི་དགོན་པ་ཞིག་ཡོད་པའི་སྐད་ཆ་བདག་གིས་སྔོན་ནས་ཐོས། ལྕམ་མོ་རྡོར་དབྱིངས་ཀྱིས་ཁྲིད་ནས་སོང་བས་ང་ཚོ་དགོན་པའི་ནང་དུ་སླེབས་བྱུང་། མཚམས་ཁུང་དགོན་ཞེས་པ་དེ་ལྷ་སའི་ལྷོ་ཕྱོགས་ཀྱི་གླིང་སྐོར་ལམ་དུ་གནས་ཡོད་ཅིང་། དེ་ཡང་ཐོག་མར་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་ལྷ་ས་སྐྱིད་ཆུའི་འཇིགས་པ་ལས་ཟློག་ཆེད་འདིར་ས་ཁུང་ཆུང་ངུ་ཞིག་ཡོད་པའི་ནང་སྒྲུབ་པ་མཛད་ནས་བཞུགས་པས་མཚམས་ཁུང་ཞེས་མིང་དུ་འབོད།
     མོས་འདིའི་བཙུན་མ་རྣམས་ཤིན་ཏུ་འཇོན་པོ་ཡིན་གསུངས། ངོ་མ་དགོན་པ་འདིར་སྨན་ཁང་ཡོད་ལ་ཟ་ཁང་ཡང་ཡོད། དེང་རབས་ཅན་གྱིས་ཉིན་བཞིན་དུ་རྣམ་པ་སྒྱུར་བཞིན་པའི་གནའ་བོའི་གྲོང་ཁྱེར་འདིར་རང་ཚུགས་ཀྱིས་རང་གི་ལས་གཉེར་བཞིན་པ་ནི་ཇི་འདྲའི་དཀའ་ཨང་།
     སྔོན་ཆད་དགོན་འདིའི་རྟེན་གྱི་གཙོ་བོར་སྐབས་དེར་བཞེངས་པའི་ལྷ་མོའི་ཞལ་འབག་དང་། སྲོང་བཙན་ཉིད་ཀྱི་སྐུ་བརྙན་ང་འདྲ་མ་མཐོ་གང་གི་ཆ་ཚད་ལྡན་པ་བཅས་ཡོད་པར་གྲགས། འོན་ཀྱང་སྔོན་གྱི་ལོ་རྒྱུས་ནི་ཕངས་སེམས་ཀྱི་རྗེས་དྲན་ཞིག་རེད་ཨང་།
     སྤྱི་ལོའི་དུས་རབས་བཅོ་ལྔ་བའི་ནང་རྗེ་ཙོང་ཁ་བ་ཆེན་པོའི་དངོས་སློབ་ཀུ་ཅོར་རྟོགས་ལྡན་སངས་རྒྱས་དཔལ་བཟང་མཆོག་གནས་འདིར་ཕེབས་ནས་སྒྲུབ་པ་མཛད་ནས་བཞུགས་པ་མ་ཟད་ཞལ་སློབ་བཙུན་མ་བཅུ་སྐོར་བྱུང་བས་ཐོག་མར་མོ་དགོན་འདུ་ཁང་ཀ་བ་བརྒྱད་ཡོད་པའི་དགོན་པ་གསར་སྐྲུན་མཛད། སྐབས་དེར་དགོས་པ་ཅིའི་ཆེད་དུ་དགོན་པ་འདི་བཞེངས་པའི་དམིགས་ཡུལ་བདག་གིས་ཤེས་མ་སོང་། འོན་ཀྱང་རྟེན་གྱི་གཙོ་བོ་སྤྱན་རས་གཟིགས་བཅུ་གཅིག་ཞལ་དང་། ཚེ་དཔག་མེད། སློབ་དཔོན་པད་མ་སོགས་བཞེངས་པ་འདི་ལས་བལྟས་ན་དགོན་པ་གཞན་དང་ཕལ་ཆེར་མི་འདྲ་ས་ཞིག་མི་འདུག་པ་མཐོང་།
     སྤྱི་ལོའི་དུས་རབས་ཉི་ཤུ་བའི་དུས་མགོར་ཕ་བོང་ཁ་བདེ་ཆེན་སྙིང་བོ་དང་། དགའ་ལྡན་ཁྲི་བ་བློ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་ཇེ་རྒྱས་ཇེ་འཕེལ་དུ་བཏང་ནས་འདུ་ཁང་ཐོག་བརྩེགས་ཀ་བ་བཅུ་དྲུག་ལ་སྒོ་འཕྱོར་ཀ་བ་གཉིས་ལྡན་དང་གྲྭ་ཤག ཚོན་མདངས་བཀྲ་བའི་ལྡེབས་བྲིས་དང་ཡི་དམ་གྱི་སྐུ་བརྙན་བྱིན་རླབས་ཅན་སོགས་མང་བོ་བཞེངས། བཙུན་མ་ཡང་ཞལ་གྲངས་དགུ་བཅུ་ལྷག་ཙམ་བྱུང་འདུག
     སྔོན་ཆད་འདི་འདྲ་ཡོད་ཅེས་པའི་དྲན་གསོ་བའི་ཚིག་དེས་རྟག་ཏུ་བདག་ལ་ཕངས་སེམས་ཤིག་སྟེར་བར་བྱེད། རིག་གསར་ཞེས་ཀྲུང་གོའི་ལོ་བཅུ་གོད་ཆག་དེས་སྐྱེལ་ཡོང་བ་ནི་གྱང་ཆག་གི་རྗེས་དྲན་ཞིག་ཡིན་མོད་ཀྱང་། བོད་མི་སུས་ཀྱང་སྐྱུག་བྲོ་བའི་རྣམ་པ་དེ་མཐོང་འདོད་མེད་པ་འདྲ་སྟེ། ད་ལྟ་ལྷ་རྟེན་ཆོས་གསུམ་བསྐྱར་དུ་བཞེངས་ནས་སྐྱུག་བྲོ་བའི་ཤུལ་དེ་ཡོངས་སུ་བསུབ་འདུག
     དེང་དགོན་པའི་འདུ་ཁང་གི་རྟེན་གཙོར་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། སྐྱབས་རྗེ་ཕ་བོང་ཁའི་སྐུ་བརྙན། ཆོས་རྒྱལ་གྱི་མཚམས་ཁུང་དུ་སྲོང་བཙན་སྒམ་པོའི་སྐུ་བརྙན་བཅས་བཞུགས་ཡོད། གནས་དེའི་བཙུན་མའི་ཕྱག་ལེན་གཙོ་བོ་ནི་བདེ་མཆོག་ཡབ་ཡུམ་ཉམས་བཞེས་དང་། གནས་བཅུ། སྨན་བླ། བླ་མཆོད་སོགས་ཀྱི་ཆོ་ག་འདོན་པ་བཅས་བྱེད།
     དེང་བཙུན་མའི་ཞལ་གྲངས་བརྒྱ་སྐོར་བཞུགས་ཡོད་པ་དང་། དད་ལྡན་མང་ཚོགས་ཀྱིས་སྔ་ཕྱི་བར་གསུམ་དུ་འཚང་ཁ་ཤིག་ཤིག་གིས་མཆོད་མཇལ་ཞུ་བཞིན་ཡོད། དེ་ནས་ནུབ་ཙམ་ན་ཁ་ཆེའི་རིགས་ཀྱི་ཕྱག་ཁང་དང་རྒྱབ་ཏུ་བལ་བོའི་གཞུང་ཚབ་ཁང་ཡོད།
     ང་ཚོས་འདུ་ཁང་ལ་མཇལ་ནས་སྒོར་འབུད་དུས། བཙུན་མ་ཞིག་གིས་སྲོང་བཙན་གྱི་སྒྲུབ་ཕུག་ཏུ་ཁྲིད་བྱུང་། གནས་དེ་ནི་འདུ་ཁང་གི་རྒྱབ་ཏུ་ཡོད་ལ་བཙུན་མ་ཞིག་གིས་སྲུང་འདུག དུད་དྲེག་གིས་གོས་པའི་བྲག་ཕུག་འདི་རུ་སྲོང་བཙན་གྱིས་སྐྱིད་ཆུའི་འཇིགས་པ་བཟློག་པར་ཐུགས་གཞིག་གནང་ཞིང་། ལྷ་སའི་གྲོང་ཁྱེར་གྱི་རྣམ་པ་ལ་འཆར་འགོད་བྱས་མྱོང་བ་འདྲ།
     ཡིན་ན་ཡང་། ད་ལྟ་སྐྱིད་ཆུའི་འཇིགས་པ་མེད་ཀྱང་གྲོང་ཁྱེར་གྱི་རྣམ་པ་འདི་ཁོང་གི་ཐུགས་སྒམ་པོ་དེ་དགྱེས་པར་བྱེད་པའི་མཆོད་པར་འགྲོའམ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...